༈ གནའ་དེང་དཀར་ཆག་རིག་པ་དང་དཔེ་དེབ་ཞུ་སྒྲིག་གི་རྒྱལ་ཡོངས་ཟབ་སྦྱོང་དུ་གསུང་བཤད་གནང་བ།

༄༅།། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡ ཉིན་སྔ་དྲོ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་གོ་སྒྲིག་ཞུས་པའི་དཔེ་དེབ་ཞུ་སྒྲིག་དང་། གནའ་དེང་དཀར་ཆག་རིག་པའི་སྐོར་ཉིན་ལྔའི་རིང་གི་རྒྱལ་ཡོངས་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་དང་དེ་བཞིན་ཚོགས་ཐེངས་གཉིས་རིང་གསུང་བཤད་གནང་ཆེད་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།

དེ་ཡང་སྔ་དྲོ་ཆུ་ཚོད་བརྒྱད་པའི་ཐོག་རྒྱུད་སྟོད་གྲྭ་ཚང་གི་གཞི་རིམ་སློབ་གྲྭའི་ཚོགས་ཁང་དུ་གདན་ཞུས་མཁས་དབང་རྣམ་པ་དང་། སྐུ་མགྲོན་རྣམ་པ། ཚོགས་བཞུགས་པ་དང་ཟུར་ཉན་པ། ཕྱི་ནང་གི་གསར་འགོད་པ་སོགས་ལས་གྲུབ་པའི་སྐྱ་སེར་མི་མང་བརྒྱ་ལྷག་ཙམ་འདུ་འཛོམས་ཀྱི་དབུས་སུ་ཐོག་མར་རིན་པོ་ཆེ་མཆོག་གིས་རྟེན་གཙོའི་དྲུང་དུ་སྣང་གསལ་ཞལ་དབྱེ་དང་།  དེ་ནས་རྒྱུད་སྟོད་དཔེ་མཛོད་ནས་དཔར་སྐྲུན་ཞུས་པའི་རྒྱུད་ཆེན་རྡོ་རྗེ་འཆང་ཀུན་དགའ་དོན་གྲུབ་ཀྱི་རྒྱུད་ཊཱིཀ་རིམ་གཉིས་གཏེར་མཛོད་རྩ་འགྲེལ་སྦྱར་མ་དབུ་འབྱེད།  སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལ་གཟེངས་བསྟོད་ཀྱི་ཚུལ་དུ་སྟོན་པའི་ཞལ་ཐང་རིན་པོ་ཆེ་གསོལ་བསྩལ་སོགས་གྲུབ་མཚམས།  རིན་པོ་ཆེ་མཆོག་གིས་ཚོགས་བཅར་བ་དང་གདན་ཞུས་མཁས་དབང་རྣམ་པར་འཚམས་འདྲི་དང་སྦྲགས་ནས་གསུང་བཤད་བསྩལ་དོན། དེ་རིང་འདིར་བཞུགས་སྒར་དྷ་རམ་ས་ལའི་ཉེ་འདབས་སུ་འཁོད་པའི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། ཉམས་པར་སོར་ཆུད་ཡོང་བར་དམིགས་ཡུལ་བཟུང་ནས་ཕྱག་དཔེ་ཞུ་སྒྲིག་དང་། གནའ་དེང་དཀར་ཆག་རིག་པའི་སྐོར་ཉིན་ལྔའི་རིང་རྒྱལ་ཡོངས་ཀྱི་ཟབ་སྦྱོང་ཚད་ལྡན་ཞིག་གོ་སྒྲིག་གནང་བ་དེ་དུས་ཀྱི་དགོས་མཁོ་དང་འཚམས་པའི་ཡག་པོ་བྱུང་འདུག རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་དང་།

ཡང་རིན་པོ་ཆེས། སྤྱིར་བཏང་འདས་པའི་ལོ་ངོ་དྲུག་ཅུ་སྐོར་ཞིག་ལ་བོད་མི་རིགས་ཀྱི་རང་དབང་ལ་ཕྱིར་བལྟས་ཤིག་བྱས་ན་དགའ་ཚོར་སྐྱེ་དགོས་པ་དང་། འཇིགས་སྣང་བྱེད་དགོས་པ། ངུ་ཤོར་དགོས་པ་སོགས་གནས་ཚུལ་སྣ་ཚོགས་ཤིག་བྱུང་ཡོད། ཕྱོགས་གཅིག་ནས་བལྟས་ན་རྒྱལ་ཁབ་ཤོར། ལུང་པ་ཤོར། བཙན་བྱོལ་དུ་གྱར། རང་གི་ས་གནས་སུ་ཡོད་པ་དག་ཀྱང་རང་དབང་སྣ་གཅིག་མེད་པར་བཙན་དབང་གི་འོག་ཏུ་སྡུག་བསྔལ་ཚད་མེད་མྱངས་ནས་སྡོད་དགོས་པ་དང་། བསྡོམས་བརྒྱབས་ཏེ་བཤད་ན། བོད་ཀྱི་ཆོས་དང་རིག་གཞུང་ཙམ་མིན་པར་མི་རིགས་ཁོ་རང་ཆགས་འཇིག་གི་གནས་སུ་གྱར་བའི་གནས་སྟངས་ཤིག་བྱུང་ཡོད། དམིགས་ཀྱིས་བཀར་ནས་ལྔ་བཅུ་ང་དགུ་ནས་དྲུག་ཅུ་རེ་དགུ་ཡས་མས་བར་ལོ་ངོ་བཅུ་གྲངས་དེའི་ནང་བལྟས་ན། རིག་གནས་གསར་བརྗེའི་བསྒྱུར་བཅོས་ལ་སོགས་པའི་ཞེད་སྣང་སྣ་ཚོགས་ཀྱི་འོག་ནས་མི་འབོར་ས་ཡ་དྲུག་ཙམ་ལས་མེད་པའི་ནང་ནས་འབུམ་བཅུ་གཉིས་ཡས་མས་ཀྱི་ཚེ་སྲོག་ཤོར་བའི་གནས་སྟངས་དང་། དགོན་སྡེ་སྟོང་ཕྲག་མང་པོ་རྩ་མེད་དུ་ཕྱིན་པ། རིག་གཞུང་གི་འབྱུང་གནས་ཕྱག་དཔེ་དང་རྟེན་གསུམ་རྩ་གཏོར་ཕྱིན་པ་སོགས་ཀྱི་གནས་ཚུལ་མང་པོ་ཞིག་སྡུག་སའི་ཆ་ནས་བྱུང་ཡོད།

ཡང་ལེགས་པའི་ཆ་ནས་བལྟས་ན། ལོ་སྟོང་ཕྲག་མང་པོའི་རིང་གངས་རིའི་རྭ་བས་བསྐོར་བའི་ནང་ཁུ་སིམ་མེར་བསྡད་དེ་ཕྱི་ལ་གང་ཡོང་གིན་ཡོད་མེད་དོ་སྣང་མེད་པ་དང་།  ཕྱི་ལ་སྡོད་མཁན་དག་གིས་ཀྱང་ཕར་ཕྱོགས་སུ་གང་ཡོད་མིན་དོ་སྣང་མེད་པའི་ཁར། བོད་པ་ཟེར་བ་དེ་གདོད་མའི་མི་རིགས་ཤིག་དང་། ཡ་མཚན་མཚན་འདྲ་ཞིག་ཏུ་ལྟ་བ་ལས། དེ་ལ་དམིགས་བསལ་ཆོས་དང་རིག་གཞུང་གི་གཏེར་མཛོད་ཆེན་པོ་ཡོད་པའང་མ་ཤེས་པར་བསྡད་པ་དེ་ནས་བཙན་ཐབས་སུ་ང་ཚོས་འཇིག་རྟེན་ཁྱོན་ཡོངས་ལ་གདོང་སྟོན་དགོས་པ་ཞིག་ཆགས། དེ་དང་ཆབས་ཅིག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་འཕྲིན་ལས་དང་།  བོད་བརྒྱུད་ནང་བསྟན་གྱིས་མཚོན་པའི་བོད་ཀྱི་ཆོས་དང་རིག་གཞུང་གི་གཟི་བྱིན་ལ་བརྟེན་ནས་ད་ལྟ་འཇིག་རྟེན་ཁྱོན་ཡོངས་སུ་བོད་ཟེར་བ་དེ་ཟུབ་ཏུ་མེད་པའི་རིག་གཞུང་གི་བསྟི་གནས་ཤིག་ཡིན་པར་ངོ་སྤྲོད་གསལ་པོ་ཞིག་བྱུང་ཡོད།
བོད་ནང་ལ་ཆ་མཚོན་ནའང་དཀའ་ངལ་དེ་འདྲའི་འོག་ནས་རང་གི་སྐད་ཡིག་དང་རིག་གཞུང་འཛིན་སྐྱོང་ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོ་ལས་ལྷག་པའི་འབད་བརྩོན་སྙིང་སྟོབས་ཅན་གྱི་བོད་མི་ཚོས་གནང་ཡོད། དེར་བརྟེན་འདས་ཟིན་པའི་ལོ་ངོ་དྲུག་ཅུ་དེར། ལོ་ངོ་ཉིས་སྟོང་ལྷག་བརྒལ་བའི་རིང་བྱུང་མ་མྱོང་བའི་གནས་ཚུལ་གསར་པ་མང་པོ་ཞིག་ལེགས་ཉེས་གཉིས་ཐད་ནས་བྱུང་བའི་སྐབས་ཤིག་དང་།  ད་ལྟའི་གནས་སྐབས་སུ་བོད་ཕྱི་ནང་གཉིས་ཀ་ནས་ལྔ་བཅུ་ང་དགུའི་རྗེས་ནས་བརྩི་ན་མི་རབས་གསུམ་པ་འཚར་ལོངས་བྱེད་ཀྱིན་ཡོད། དེའི་རིང་དུ་ང་ཚོ་རྨོངས་གཉིད་ལས་མང་པོ་སད་ཟིན་པ་དང་། རྨོངས་གཉིད་ལས་སད་ཟིན་པ་དེའི་ཐོག འབྱུང་འགྱུར་སངས་རྒྱས་ཀྱི་བསྟན་པའི་གནས་ཚད་ལ་མཚོན་ན་ད་དུང་ལྔ་བརྒྱ་ཕྲག་བཞི་ལྷག་ཙམ་ཞིག་ཡོད། དེའི་རིང་ང་ཚོའི་བོད་མི་རིགས་ལ་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་གང་ཡིན་པ་༸གོང་ས་མཆོག་གི་ལམ་སྟོན་ལ་བརྟེན་ནས་གསལ་པོ་ར་འཕྲོད་པའི་སྒོ་ནས་འབྱུང་འགྱུར་ལོ་ཉིས་སྟོང་སུམ་སྟོང་གི་རིང་ང་ཚོས་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་སྒྲུབ་སྟངས་གང་འདྲ་ཡིན་མིན་ཐོག་བསམ་གཞིག་ནན་ཏན་བྱ་དགོས། ད་ལྟ་མི་རབས་གསུམ་པ་འདིའི་སྐབས་ལའང་ལྔ་བཅུ་ང་དགུ་སྔོན་རང་དབང་གིས་བོད་ཀྱི་ནང་དུ་འཚོ་བ་སྐྱེལ་མྱོང་མཁན་གྱི་མི་རབས་ཆ་ཚང་རྫོགས་མེད་ཀྱང་རྫོགས་ལ་ཉེ་བ་ཡིན། དེ་འདྲའི་འཕོ་འགྱུར་གྱི་ས་མཚམས་ཆེན་པོ་ཞིག་ལ་བསླེབས་ཡོད་པ་དེ་བཤད་མི་དགོས།  འཕོ་འགྱུར་གྱི་ས་མཚམས་ཆེན་པོ་འདིའི་སྐབས་སུ་གནའ་སྲོལ་དང་དེང་རབས་ཀྱི་བར་དུ་རྒྱུན་མཐུད་ཐུབ་པ་དང་། གནའ་སྲོལ་དང་དེང་རབས་འགལ་འདུར་མ་སོང་བར་གཅིག་ཕན་གཅིག་གྲོགས་དང་། གཅིག་མཇུག་གཉིས་མཐུད་བྱ་རྒྱུའི་འཆར་གཞི་ཡག་པོ་བསྒྲིག་མ་ཐུབ་པར། ཡང་ད་ལྟའི་དུས་རབས་འདིར་འཕྱུག་པ་ཡིན་ན་ནོར་འཁྲུལ་ཆེན་པོ་ཞིག་འགྲོ་ཉེན་ཡོད། ལོ་དྲུག་ཅུའི་སྔོན་གྱི་གནས་ཚུལ་ནོར་འཁྲུལ་ཕྱིན་པ་དེས་ད་ལྟ་ང་ཚོའི་གནས་བབ་འདི་མཐོང་དགོས། ད་ལྟ་ང་ཚོ་སྔོན་མ་དང་མི་འདྲ་བར་འཇིག་རྟེན་ཁྱོན་ཡོངས་ཀྱི་གནས་ཚུལ་ཤེས་ཀྱི་ཡོད། ཟུར་བཅད་བྱས་ཏེ་ཁུག་ཀྱོག་ཏུ་སྡོད་པའི་གོ་སྐབས་དེ་རྫོགས་ཟིན། ད་ལྟའི་གནས་སྐབས་འདིར་ཚང་མས་འབྱུང་འགྱུར་བོད་མི་རིགས་གཅིག་པུ་མ་ཡིན་པར་འཇིག་རྟེན་སྤྱི་ཡོངས་ཀྱི་ཆེད་དུ་ང་ཚོའི་ཁུར་དུ་བབས་པའི་ལས་འགན་དེ་སྒྲུབ་ཕྱོགས་གང་ཡིན་ཐོག་བསམ་བློ་དང་འཆར་གཞི་ཚད་ལྡན་གཏང་དགོས་ཞེས་སོགས་བླང་དོར་ལམ་སྟོན་གྱི་གསུང་བཤད་ཕེབས་སོང།  དབུ་འབྱེད་མཛད་སྒོ་གྲུབ་རྗེས་ཚོགས་ཐེངས་གཉིས་བཞེས་ཏེ་སོ་སོར་དཔེ་དེབ་ཞུ་སྒྲིག་ཚད་ལྡན་དགོས་གལ་སྐོར་དང་།  དཀར་ཆག་རིག་པའི་ལྟ་གྲུབ་དང་དེའི་གལ་གནད་སྐོར་གསུང་བཤད་གནང་བ་མ་ཟད།  དྲི་བ་ཁག་ལ་ལན་འདེབས་དང་གསལ་བཤད་གནད་སྨིན་གནང་འདུག

སླར་ཡང་ ༢༠༡༧ ཕྱི་ཟླ་ ༡༡ ཚེས་ ༥ ཉིན་སྔ་དྲོ་མཇུག་བསྡོམས་མཛད་སྒོར་ཆིབས་བསྒྱུར་གྱིས་བླང་དོར་གསུང་བཤད་དང་། ཚོགས་བཅར་བ་རྣམས་ལ་ཕྱག་འཁྱེར་བཅས་བསྩལ་གནང་མཛད་ཡོད།

དེ་རྗེས་གསང་ཆེན་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༧༨ ཧྲིལ་པོ་འཁོར་བའི་༧སྐུའི་འཁྲུངས་སྐར་ཉིན་བླ་མ་མཆོད་པའི་གསོལ་ཚོགས་ཕུལ་བ་མ་ཟད། རྒྱུད་སྟོད་མཁན་རིན་པོ་ཆེ་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་འདུག