༈ བཀའ་ཟུར་ས་འདུ་རིན་ཆེན་གྱི་སྐུ་ཚེའི་ལོ་རྒྱུས་དཔེ་དེབ་དབུ་འབྱེད་དང་གསུང་བཤད་གནང་བ།

༄༅།།ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༤ ཉིན་ཕྱེད་ཡོལ་ཆུ་ཚོད་ ༤ ཐོག་བཞུགས་སྒར་གངས་ཅན་སྐྱིད་གཤོངས་སུ་རྟེན་གཞི་བྱས་པའི་བདེ་ལེགས་སྨན་ཁང་གི་ཚོགས་ཁང་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་“བརྗོད་པར་དཀའ་བའི་མི་ཚེའི་ལོ་རྒྱུས། གཞིས་བྱེས་གཉིས་སུ་གཞུང་ས་དགའ་ལྡན་ཕོ་བྲང་གི་ཞབས་ཞུའི་ལས་སྐལ་བྱུང་བ་” ཞེས་བཀའ་ཟུར་ས་འདུ་རིན་ཆེན་དོན་གྲུབ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཀྱི་ཕྱག་དེབ་དབུ་འབྱེད་གནང་བ་མ་ཟད། གསུང་བཤད་ཀྱང་གནང་ཞིང་། དེ་ནི་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་སྐྲུན་གནང་བ་ཞིག་ཡིན་འདུག

མཛད་སྒོའི་སྐུ་མགྲོན་གཙོ་བོར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བློ་བཟང་དར་རྒྱས་མཆོག  བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། ཁྲིམས་ཞིབ་པ་འབུམ་རམས་པ་ངག་དབང་རབ་རྒྱས་མཆོག་དང་། བཀའ་བློན་རྣམ་པ། སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་སོགས་མི་གྲངས་བརྒྱ་ཙམ་འདུ་འཛོམས་ཀྱིས་ཐོག་མར་སྨན་པ་ཚེ་བརྟན་ལགས་ཀྱིས་རང་གི་ཡབ་དམ་པའི་སྐུ་ཚེའི་ལོ་རྒྱུས་མདོར་བསྡུས་ངོ་སྤྲོད་གནང་ཞིང་།དེ་རྗེས་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བློ་བཟང་དར་རྒྱས་མཆོག་གིས་བོད་ཡིག་ཐོག་དཔེ་དེབ་ནས་དུམ་བུ་ཞིག་སྒྲོགས་སྦྱང་གནང་བ་མ་ཟད།  ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ཨིན་ཡིག་ནས་དུམ་བུ་ཞིག་སྒྲོགས་སྦྱང་གནང་སོང་།

དེ་ནས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན།  ཐོག་མར་སྐུ་ངོ་ས་འདུ་རིན་ཆེན་ལགས་ཀྱི་སྐུ་ཚེའི་བྱུང་རབས་བོད་ཨིན་སྐད་ཡིག་གཉིས་ཀའི་ཐོག་གི་དཔེ་དེབ་དབུ་འབྱེད་ལ་ང་རང་བཅར་ཐུབ་པ་འདི་དགའ་སྤྲོ་ཆེན་པོ་བྱུང་། གང་ཟག་སྒེར་གྱི་མི་ཚེའི་བྱུང་རབས་ཡིག་ཐོག་ཏུ་འགོད་རྒྱུ་འདི་གནའ་སྲོལ་དང་དེང་རབས་ཀྱི་ལམ་སྲོལ་གཉིས་ཀར་ཡོད་པ་ཞིག་རེད། ལྷག་པར་དུ་ཤར་གླིང་སྤྱི་ཚོགས་ནང་རིས་སུ་མ་ཕྱེ་བའི་ཆོས་ལུགས་སོ་སོའི་ནང་གང་ཟག་གཞན་གྱིས་གང་ཟག་གཞན་ཞིག་གི་མི་ཚེའི་ལོ་རྒྱུས་འབྲི་རྒྱུ་དང་། རང་གི་ལོ་རྒྱུས་རང་གིས་འབྲི་རྒྱུའི་ལམ་སྲོལ་ཡོད། བོད་དུ་ཡིན་ན་བླ་མ་ཚོའི་སྐུ་ཚེའི་ལོ་རྒྱུས་མང་པོ་ཡོད། དེར་རྣམ་ཐར་ཞེས་བརྗོད་ཀྱི་རེད།  རྒྱ་གར་ནང་ཡིན་ན་རྟོགས་པ་བརྗོད་པ་ཞེས་བརྗོད་ཀྱི་ཡོད། སྐུ་ཚེ་འདིའི་རྣམ་ཐར་བཤད་ན་རྟོགས་པ་བརྗོད་པ་ཞེས་དང་། སྐུ་ཕྲེང་སྔོན་མའི་རྣམ་ཐར་བཤད་ན་འཁྲུངས་རབས་སམ་སྐྱེས་རབས་ཞེས་བརྗོད།  དེ་ལའང་རང་གིས་གསུངས་པ་དང་གཞན་གྱིས་བརྩམས་པ་གཉིས་ཀར་ཡོད་ཆོག

སྟོན་པ་བཅོམ་ལྡན་འདས་ལྟ་བུར་མཚོན་ན།  མངོན་པར་འབྱུང་བའི་མདོ་དང་མདོ་རྒྱ་ཆེར་རོལ་པ་གཉིས་སངས་རྒྱས་ཀྱི་རང་རྣམ་ (Auto-biography)ལྟ་བུ་རེད། དེ་མིན་མཁས་པ་གཞན་གྱིས་བརྩམས་པ་དཔེར་ན། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་སྙན་ངག་ཆེན་པོ་ལ་སོགས་པ་ལྟ་བུ་རེད།

བདག་ཉིད་ཆེན་པོ་གཱཾདྷཱིའི་རང་རྣམ་ “ཁོ་བོའི་བདེན་པའི་ཚོད་བལྟ་”(My experiment with truth)  ཞེས་པ་འབྲི་སྐབས་རྒྱ་གར་བའི་མཁས་པ་ཞིག་གིས། སོ་སོས་སོ་སོའི་ལོ་རྒྱུས་འབྲི་རྒྱུ་འདི་གང་འདྲ་ཡིན་ནམ།  Auto-biographyའདི་ནུབ་ཕྱོགས་པའི་བྱེད་སྟངས་རེད། ང་ཚོ་ཤར་ཕྱོགས་པའི་ལེགས་བྱང་ནང་དུ་མེད། ཅེས་ཞུ་མཁན་བྱུང་འདུག  དེ་ལ་གཱཾདྷཱིས། རྒྱ་གར་གྱི་བྱུང་རབས་ནང་རང་གི་ལོ་རྒྱུས་རང་གིས་བྲིས་པ་དང་། གཞན་གྱི་ལོ་རྒྱུས་བྲིས་པ་གཉིས་ཀ་གནའ་བོའི་རིག་གཞུང་ནས་བྱུང་བ་མ་གཏོགས།  གསར་གཏོད་དང་ནུབ་ཕྱོགས་པ་ལས་དཔེ་བླངས་པ་ཞིག་ཆགས་ཀྱི་མི་འདུག  དེར་བརྟེན་ངས་འདི་འབྲི་བཞིན་ཡོད། ཅེས་བཀའ་ལན་གནང་འདུག

འབྲི་རྒྱུའི་དགོས་པའང་རྗེ་རིན་པོ་ཆེས། རང་གི་ལེགས་པའི་བྱ་བར་རྗེས་སུ་ཡི་རངས་བྱ་རྒྱུ་དང་། རང་གི་ནོར་འཁྲུལ་རྣམས་ངོས་ལེན་བྱས་ནས་འགྱོད་བཤགས་བྱེད་རྒྱུ།  དེ་ལ་བརྟེན་ནས་མ་འོངས་པའི་ཀློག་པ་པོ་རྣམས་ཀྱིས་ཡོན་ཏན་བླང་ཐུབ་པ་དང་སྐྱོན་སྤོང་ཐུབ་པའི་ཆེད་ཡིན་ཞེས་གསུངས་ཡོད།

ང་ཚོ་བོད་པའི་སྤྱི་ཚོགས་ནང་བླ་མ་སྐྱེས་བུ་དམ་པ་མིན་པའི་གང་ཟག་སྒེར་པ་མི་དབང་བསོད་ནམས་སྟོབས་རྒྱལ་ལྟ་བུ་རེ་ཟུང་མ་གཏོགས།  སྤྱིར་གང་ཟག་སྒེར་དང་།  ལྷག་པར་དུ་ཁྱིམ་པའི་སྤྱི་ཚོགས་ནང་ལོ་རྒྱུས་འབྲི་རྒྱུའི་ལམ་སྲོལ་འདི་ཉུང་ཉུང་རེད། འོན་ཀྱང་ཕྱི་ལོ་ ༡༩༥༩ རྗེས་སུ་བཙན་བྱོལ་སྤྱི་ཚོགས་ནང་འབྱོར་རྗེས་བོད་རྒྱལ་ཁབ་དང་མི་རིགས། བོད་ཀྱི་ཆོས་དང་རིག་གཞུང་ལེགས་བྱང་དང་བཅས་པ་ང་ཚོའི་གནས་སྟངས་མང་པོ་ཞིག་ལ་བཙན་ཐབས་སུ་འགྱུར་བ་ཆེན་པོའི་གོ་སྐབས་ཤིག་བྱུང་སྐབས།  སྟབས་ལེགས་པ་ཞིག་ལ་༸གོང་ས་༸སྐྱབས་མགོན་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་དབུ་ཁྲིད་དེ་རང་གིས་བསྐྱབས་པ་རེད་མ་གཏོགས།  ང་ཚོ་འགྲོ་སྟངས་སྡོད་སྟངས་མ་ཤེས་པའི་གནས་སྟངས་ཤིག་སྐབས་དེར་ཏན་ཏན་བྱུང་ཡོད།  སྐབས་དེར་འཕོ་འགྱུར་གྱི་གནས་སྐབས་སུ་ནུབ་ཕྱོགས་པའི་སྐད་ཆ་ཤོད་སྟངས་ལྟར་ན་ In a period of transition རེད།  དེ་ཡང་རང་བཞིན་གྱིས་འཕེལ་རིམ་ལྟ་བུ་ག་ལེར་འགྱུར་བ་ཕྱིན་པ་ཞིག་མིན་པར་ངས་ནམ་རྒྱུན་སྐབས་རེ་ངོ་ཤེས་ཚོར་བརྗོད་མུས་ལྟར། ང་ཚོ་ཕྱི་ལོ་བརྒྱ་ཕྲག་བདུན་པའི་སྤྱི་ཚོགས་ཀྱི་དཔལ་ཡོན་ (Civilization) ནས་ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་པའི་སྤྱི་ཚོགས་ཀྱི་དཔལ་ཡོན་ནང་མཆོང་ཐེངས་གཅིག་ནང་སླེབས་པ་རེད།  དེ་ལྟ་བུའི་མཆོང་ཐེངས་གཅིག་ལ་མཆོངས་ཐུབ་པ་དེའང་བླ་ན་མེད་པའི་དབུ་ཁྲིད་གཅིག་ཡོད་པའི་དབང་གིས་བྱུང་བ་རེད་ཅེས་བརྗོད་ཀྱི་ཡོད། དེའི་སྐབས་སུ་གལ་གནད་ཆེ་བའི་མི་སྣ་མང་པོ་ཞིག་གི་རང་གི་མི་ཚེའི་བྱུང་རབས་རྣམས་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་བྱུང་རབས་ཀྱི་གལ་གནད་ཆེ་བའི་ཆ་ཤས་ཤིག་ཆགས་ཡོད།  དུས་བདེ་ཞི་འཇགས་སྐབས་ལྟ་བུ་ཡིན་ན་མི་སེར་དཀྱུས་མ་དང་།  ཚོང་པ། གང་ཟག་སྒེར་པ་ཞིག་གི་མི་ཚེའི་གནས་བབ་འདི་རྒྱལ་ཁབ་དང་མི་རིགས་ཀྱི་བྱུང་རབས་ཀྱི་ཆ་ཤས་སུ་འགྲོ་བའི་ངེས་པ་གང་ཡང་མེད།

ཕྱི་ལོ་ ༡༩༥༡ ནས་ད་ལྟའི་བར་འདས་པའི་ལོ་ ༦༠ ཡས་མས་ཀྱི་གནས་སྟངས་འདི་སྤྱི་ཡོངས་ཀྱི་གནས་སྟངས་དང་མི་འདྲ་བའི་གནས་ཚུལ་ཁྱད་པར་ཅན་ཞིག་བྱུང་བ་ཡིན་སྟབས།  དེའི་ནང་གང་ཟག་མི་རེ་ངོ་རེའི་མི་ཚེའི་གནས་སྟངས་དང་།  ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བོད་མིའི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་དང་། བོད་རང་དབང་ཡོད་སྐབས་ཀྱི་གཞུང་། རང་དབང་བྲལ་རྗེས་ཀྱི་བཙན་བྱོལ་གཞུང་བཅས་ཀྱི་ནང་སྲི་ཞུ་ཞབས་འདེགས་ཞུ་མཁན་གང་ཟག་མི་རེ་ངོ་རེའི་ཉིན་རེའི་འཚོ་བའི་གནས་སྟངས་འདི་ང་ཚོའི་མི་རིགས་དང་རྒྱལ་ཁབ་ཀྱི་བྱུང་རབས་ཀྱི་ཆ་ཤས་གལ་གནད་ཆེན་པོ་ཆགས་བཞིན་ཡོད་པ་འདི་དངོས་ཡོད་གནས་སྟངས་རེད།  དེར་བརྟེན་༸གོང་ས་མཆོག་གིས་གཞུང་ཞབས་ལས་བྱེད་དང་།  སྤྱི་ཚོགས་ནང་ཉམས་མྱོང་ཡོད་མཁན་རྒན་རབས་ཚང་མར་རང་རང་གི་མི་ཚེའི་ལོ་རྒྱུས་དང་།  ལྷག་པར་དུ་སྐབས་དང་དུས་སུ་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་ཞབས་འདེགས་གང་ཞུས་པ་དེ་དག་ཡིག་ཐོག་ཏུ་དགོད་ཐུབ་ན་ཡག་པོ་ཡོད་ཅེས་ཡང་ཡང་བཀའ་སློབ་ཕེབས་པ་ལྟར།  འདས་པའི་གཞུང་ཞབས་བགྲེས་པ་དང་སྤྱི་ཚོགས་ཀྱི་གནད་ཡོད་མི་སྣ་མང་པོས་སོ་སོའི་ལོ་རྒྱུས་བྱུང་རབས་ཡིག་ཐོག་ཏུ་བཀོད་ཡོད། རང་གི་མི་ཚེའི་བྱུང་རབས་ཡིག་ཐོག་ཏུ་འགོད་སྐབས་ནམ་རྒྱུན་དང་མི་འདྲ་བར་གནས་ཚུལ་མང་པོ་ཞིག་དེའི་ནང་དུ་སྡོམ་བཞིན་ཡོད།  དཔེར་ན་རང་གི་སྐྱེ་ཡུལ་གྱི་ལུང་པའི་བྱུང་རབས་ཀྱང་དེའི་ནང་འཁོད་བཞིན་ཡོད།  དེ་མིན་གཅིག་བྱས་ན་ང་ཚོས་རིམ་བཞིན་བརྗེད་འགྲོ་རྒྱུ་ལྟ་བུ་རེད། མངའ་རིས་ལ་སྐྱེས་པ་ཡིན་ན་མི་དེས་རང་གི་མི་ཚེའི་ལོ་རྒྱུས་འབྲི་སྐབས་ས་བབ་དང་།  སྤྱི་ཚོགས།  གནམ་གཤིས་ཀྱི་གནས་སྟངས་སོགས་རང་བཞིན་གྱིས་སླེབས་རྒྱུ་རེད། དེ་ཚོ་ཉམས་ཞིབ་གནང་མཁན་རྣམས་ལ་ཉམས་ཞིབ་ཀྱི་རྒྱུ་ཆ་ལེགས་ཤོས་ཤིག་ཆགས་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་ལྟར་བོད་ཀྱི་དཔེ་མཛོད་ཁང་ནས་ངག་རྒྱུན་ལོ་རྒྱུས་ཀྱི་སྡེ་ཚན་ཟུར་འཛུགས་ཀྱིས་སོ་སོས་དྭང་བླངས་ཐོག་ནས་རང་གི་མི་ཚེའི་བྱུང་རབས་འབྲི་རྒྱུའི་ནུས་པ་མེད་མཁན་ཚོ་ལའང་ངག་ཐོག་ནས་བཀའ་འདྲི་ཞུས་ནས་རུག་རུག་བཟོས་པ་དེ་འདྲའང་ཡོད། སོ་སོར་འབྲི་རྒྱུའི་ནུས་པ་ཡོད་མཁན་མང་པོས་༸གོང་ས་མཆོག་གི་བཀའ་འབྲེལ་ལྟར་བྲིས་པ་མང་པོ་བྱུང་ཡོད།

དེའི་ནང་ནས་ད་ལྟ་སྐབས་སུ་བབ་པ་དེ་རིང་འདིར་དབུ་འབྱེད་ཞུ་རྒྱུ་འདི་བཀའ་ཟུར་དམ་པ་ས་འདུ་རིན་ཆེན་ལགས་ཀྱི་སྐུ་ཚེའི་བྱུང་རབས་རེད། རིན་ཆེན་ལགས་ཀྱི་སྐུ་ཚེའི་གནས་སྟངས་འདི་དམིགས་བསལ་བ་ཞིག་རེད། ང་བོད་དུ་གྲྭ་སར་སྡོད་སྐབས་ཁོང་གི་སྐོར་གང་ཡང་ཤེས་ཀྱི་མེད། འོན་ཀྱང་ས་འདུ་ཚང་ཞེས་པའི་མིང་དེ་ང་ཆུང་དུས་གྲྭ་སར་ཡོད་སྐབས་ནས་གོ་མྱོང་ཡོད།   དེ་ནི་བླ་སྤྲུལ་རྣམ་པ་དང་དགོན་སྡེ་རིས་སུ་མ་ཕྱེ་བའི་སྦྱིན་བདག་དྲག་ཤོས་ཤིག་ཡིན་པའི་དབང་གིས་རེད།  ས་འདུ་ཚང་གི་སྦྱིན་བདག་ཚང་མ་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་སྐུ་མདུན་དུ་ཡང་ཡང་བཅར་གྱི་རེད་ལ།    ༸སྐྱབས་རྗེ་གླིང་རིན་པོ་ཆེའི་སྐུ་མདུན་དུའང་བཅར་གྱི་རེད། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་གྲྭ་སའི་སློབ་གཉེར་བ་སྐྱོ་པོ་དང་།  སློབ་གཉེར་ཡག་པོ་ཡོད་ཀྱང་འཚོ་བའི་མཐུན་རྐྱེན་གྱིས་ཕོངས་པ། ལྷག་པར་དུ་སློབ་གཉེར་ཡག་པོ་ཡོད་མཁན་ཚོ་དགེ་བཤེས་གཏོང་མཚམས་སུ་དཔལ་འབྱོར་གྱིས་མ་འདེང་བ་དེ་དག་གཏོང་གནང་ས་འགའ་ཤས་ཡོད་པའི་ནང་ནས་ས་འདུ་ཚང་མང་ཤོས་ཤིག་རེད།  དེ་ནས་བཟུང་ང་ཚོའི་རྣ་བར་འཇགས་པ་རེད།  ལྷ་སར་ཡང་གཟིམས་ཤག་ཆེན་པོ་ཡོད་མཁན་གྲས་ཤིག་རེད་འདུག

ད་ལྟ་སྨན་པ་ཚེ་བརྟན་ལགས་ཀྱིས་གསུངས་པ་ལྟར་གསུང་པར་རྒྱང་གྲགས་ཐོག་ནས་༸སྐྱབས་མགོན་རིན་པོ་ཆེའི་སྐུ་མདུན་ནས་གསུང་ཆོས་ཐོག་མ་ཞུ་རྒྱུ་དེ་ཕྱི་ལོ་ ༡༩༥༢ སྨོན་ལམ་སྐབས་རེད།  ང་ཡང་སྐབས་དེ་དུས་ཡོད།  སྐབས་དེར་མི་ཚོགས་ཆེན་པོ་ཇི་ཙམ་ཡོད་ཀྱང་ཚང་མས་གསན་ཐུབ་པ་ཞིག་བྱུང་སོང་། རྒྱང་གྲགས་ཐོག་མར་འཛུགས་སྐབས་ཕྱག་ལས་གནང་མཁན་མི་གཉིས་གསུམ་ལས་མི་འདུག  སྐབས་དེར་༸གོང་ས་མཆོག་གི་ཉེ་འགྲམ་དུ་ཡོད་མཁན་ཚོར་སྒྲ་ཉིས་བརྩེགས་ལྟ་བུས་ཕྲན་བུ་གསུང་ཆོས་གོ་ཁག་པོ་བྱུང་། དེ་རྗེས་སྤྱན་སྲས་གླིང་ཁར་དུས་འཁོར་དབང་ཆེན་ཐོག་མ་ཚུགས་སྐབས་དེ་སྔ་གསུང་ཆོས་སྐབས་ཀྱི་དཀའ་ངལ་དེ་བསངས་འདུག ༸གོང་ས་མཆོག་གི་གསུང་ཆོས་ཕོ་བྲང་ནང་ཡིན་སྐབས་གསུང་པར་རྒྱང་གྲགས་དེ་བེད་སྤྱོད་གནང་གི་མི་འདུག གསུང་ཆོས་རྒྱ་ཆེ་བའི་སྐབས་སུ་གསུང་པར་རྒྱང་གྲགས་དེ་བེད་སྤྱོད་གནང་གི་འདུག  དེ་དུས་གསར་གཏོད་ལྟ་བུ་ཞིག་ཀྱང་རེད།

བཀའ་ཟུར་སྐུ་གཤེགས་རིན་ཆེན་ལགས་ཀྱི་གནས་བབ་ཁྱད་པར་བ་གང་རེད་ཅེ་ན།  ཕྱི་ལོ་ ༡༩༥༩ གོང་གི་བོད་བསྟན་པ་ཆབ་སྲིད་ཕྲ་ཚུགས་ནས་ཡོད་སྐབས་དམིགས་བསལ་སྐྱེ་ས་འབྱུང་ཁུངས་ཕ་རྒྱུད་བུ་རྒྱུད་ཀྱི་གཞུང་ཞབས་མིན་པའི་ཚོང་པ་ཆེན་པོ་ཞིག་གི་ཁྱིམ་ཚང་ནས་གཞང་ཞབས་ཞུས་པ་དང་པོའི་གྲས་རེད། ཤོད་སྐོར་གྱི་གཞུང་ཞབས་བོད་ཨིན་གཉིས་ཀ་མཁྱེན་མཁན་ཕལ་ཆེར་སྐབས་དེ་དུས་དང་པོ་རེད་སྙམ།  ༸སྐུ་ཕྲེང་བཅུ་གསུམ་པའི་སྐབས་ཕྱི་རྒྱལ་དུ་སློབ་སྦྱོང་ཆེད་བཏང་བ་རེ་གཉིས་མ་གཏོགས།  གཞན་གསར་པའི་གྲས་ནས་དང་པོའི་གྲས་ཡིན་རྒྱུ་རེད། དེར་བརྟེན་ངས་གོང་དུ་ཞུས་པ་ལྟར་འགྱུར་བ་ཆེན་པོའི་དུས་སྐབས་སུ་གནད་འགག་ཆེ་བའི་ལས་དོན་ཐོག་བཞུགས་མཁན་སྐུ་ངོ་རིན་ཆེན་ལགས་ལྟ་བུ་དཀོན་པོ་རེད།  གཞུང་ཞབས་སུ་མ་ཞུགས་གོང་དུ་སློབ་གྲྭར་ཡོད་སྐབས་ནས་ལས་དོན་མང་པོའི་ཐོག་ཁོང་གིས་མཐུན་འགྱུར་དང་མཉམ་རུབ་གནང་འདུག  དཔེར་ན་ ༡༩༤༥ ལོར་གཡུལ་རྒྱལ་བཀྲ་ཤིས་བདེ་ལེགས་ཀྱི་སྐུ་ཚབ་གཏོང་སྐབས་རྒྱ་གར་གྱི་ཨིན་ཇིའི་གཞུང་ཚབ་ (Viceroy)མཇལ་རྒྱུ་དང་། ཨ་རིའི་གཞུང་ཚབ་མཇལ་རྒྱུ་བཅས་ཀྱི་སྐབས་སུ་རིན་ཆེན་ལགས་ཡོད་འདུག  ལྷག་པར་དུ་གལ་གནད་ཆེ་བ་ཞིག་ལ།  རྒྱ་ནག་ཏུ་གྲོས་མཐུན་དོན་ཚན་བཅུ་བདུན་ཆེད་གྲོས་མོལ་གནང་མཁན་སྐུ་ཚབ་བཏང་བའི་སྐབས་སུའང་རྒྱ་གར་ནས་ཕེབས་མཁན་སྐུ་ཚབ་གྲས་སུའང་རིན་ཆེན་ལགས་ཡོད་འདུག

༸གོང་ས་མཆོག་གིས་ཀྱང་རིན་ཆེན་ལགས་ལ་བབས་ལྷིང་བརྟན་གསུམ་གནང་མཁན་ཞིག་ཏུ་ངོས་འཛིན་མཛད་ཡོད། ལྷག་པར་དུ་བཙན་བྱོལ་དུ་འབྱོར་རྗེས་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ལས་དོན་གནད་འགག་ཆེ་ཤོས་བརྩི་རྒྱུ་གཅིག་ ༡༩༥༩།༡༩༦༡ སྐབས་སུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་སྙན་ཞུ་ཐེངས་གསུམ་འབུལ་རྒྱུའི་གོ་སྐབས་བྱུང་བ་རེད།  ད་ལྟ་སྨན་པ་ཚེ་བརྟན་ལགས་ཀྱིས་གསུངས་པ་ལྟར་དེ་ཚོ་ཚང་མའི་ནང་དུའང་རིན་ཆེན་ལགས་ཀྱིས་ཆ་ཤས་ཤུགས་ཆེན་པོ་བཞེས་ནས་ལྷ་སྲས་སྐུ་ཞབས་རྒྱལ་ལོ་ལགས་དང་ལྷན་རྒྱས་ལ་ཕལ་ཆེར་ཡོད་འདུག།  དེས་ན་ཕྱག་དེབ་འདི་རིན་ཐང་ཅན་གྱི་བྱུང་རབས་ཤིག་ཆགས་ཡོད།  ཨིན་སྐད་ནང་ཡོད་པ་འདི་ལས་བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་གསལ་རྟོགས་ཐུབ་པ་དང་། ཨིན་སྐད་མི་ཤེས་མཁན་གྱི་བོད་རིགས་ཚོས་ཀྱང་བོད་ཡིག་ཐོག་ཡོད་པ་འདི་ལས་སོ་སོའི་ཕ་མེས་ཀྱི་སྐབས་དང་། ལྷག་པར་དུ་དུས་འགྱུར་འགྲོ་ཁར་བོད་པའི་ཆབ་སྲིད་ཀྱི་གནས་སྟངས།  གྲོས་མཐུན་དོན་ཚན་ ༡༧ གྱི་འབྲེལ་མོལ་གནང་སྐབས་དཀའ་ངལ་གང་དང་གང་འཕྲད་ཡོད་མེད། དེ་རྗེས་མཉམ་འབྲེལ་རྒྱལ་ཚོགས་ནང་ང་ཚོས་རིམ་བཞིན་ཞུ་སྐུལ་བྱས་པའི་གནས་བབ་དེ་དག་གང་འདྲ་བྱུང་བ། རྒྱ་གར་རང་བཙན་མ་བྱུང་གོང་དུ་བོད་དང་ཨིན་ཇིའི་དབང་སྒྱུར་འོག་ཡོད་པའི་རྒྱ་གར་དབར་འབྲེལ་ལམ་གང་བྱུང་ཡོད་པ།   དོན་ཚན་ ༡༧ ཆེད་དུ་རྒྱ་བོད་ཞི་མོལ་གྱི་སྐུ་ཚབ་ལྷ་ས་ནས་རྒྱ་གར་བརྒྱུད་ནས་ཕེབས་མཁན་ཚོས་རྒྱ་གར་གྱི་དབུ་ཁྲིད་རྣམ་པ་དང་ལྷན་འབྲེལ་ལམ་གང་འདྲ་བྱུང་ཡོད་པ།  དེ་ལྟ་བུའི་གལ་གནད་ཆེ་བའི་བྱུང་རབས་ཀྱི་གནད་དོན་མང་པོ་ཞིག་ཤེས་ཐུབ་པར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད།  ཅེས་སོགས་གསུངས་ཏེ་མཛད་སྒོ་གྲོལ།།