༄༅། ། རྒྱ་གར་གྲོང་ཁྱེར་ཁ་ཤས་ནང་འཚམས་གཟིགས་གནང་བ།

༄༅། ། བཀའ་བློན་ཁྲི་པ་མཆོག་བཞུགས་སྒར་རྡ་ས་ནས་ ༢༠༠༥ ཕྱི་ཟླ་ ༡ ཚེས་ ༡ ཉིན་ཕེབས་ཐོན་གྱིས་ཕྱི་ཚེས་ ༢ ཉིན་དིལླིའ་ཉེ་འཁོར་སཏ་བ་རིར་རྒྱ་གར་ཆོས་ལུགས་དབུ་ཁྲིད་ཀྱི་ལྷན་ཚོགས་ཞེས་པ་ཚོགས་སྡེས་གོ་སྒྲིག་གནང་བའི་འཛམ་གླིང་ཆོས་ཀྱི་ཉིན་མོ་སྲུང་བརྩིའི་མཛད་སྒོར་མགྲོན་འབོད་ཞུས་པ་ལྟར་ཆེད་ཕེབས་གནང་ཡོད་པ་དང༌། མཛད་སྒོའི་ཐོག་ཉིན་དེའི་བརྗོད་གཞི་གཙོ་བོ་བདེ་སྐྱིད་འཚོལ་ཐབས་སྐོར་གསུང་བཤད་རྒྱ་ཆེ་གནང་ཡོད། སྐབས་དེར་ཆོས་ལུགས་ཀྱི་མི་སྣ་ཚོགས་ཕེབས་ཁོངས་རྒྱ་གར་ཧིནྡུའི་བླ་ཆེན་དང༌། དིལླིའ་ཡེ་ཤུའི་ Archbishop གིས་དབུས་པའི་གྲོས་ཚོགས་ཀྱི་འཐུས་མི་ལྔ་དང༌། དེ་བཞིན་ནང་པ་དང་ཡེ་ཤུའི་རྗེས་འཇུག་པ་བརྒྱ་སྐོར་བཅས་འདུ་འཛོམས་བྱུང་བ་རྣམས་ཀྱིས་དམིགས་བསལ་དགའ་བསུ་ཆེན་པོ་ཞུས་འདུག མཛད་སྒོ་མཇུག་སྒྲིལ་རྗེས་ཕྱི་དྲོ་ཆུ་ཚོད་ ༩་༡༠ ཐོག་དིལླིའ་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༣ སྔ་དྲོ་རྡ་སར་ཕྱིར་ཕེབས་གནང༌།

ཡང་ཕྱི་ལོ་ ༢༠༠༥ ཟླ་ ༡ ཚེས་ ༡༢ ཉིན་སྔ་དྲོ་ཆུ་ཚོད་ ༡༡ ནས་ ༡༡། ༥༥ བར་བཀའ་ཁྲི་མཆོག་ནས་ཨུ་ནཱར་རྟེན་གཞི་བྱས་པའི་ཧི་མ་ཅལ་མངའ་སྡེའི་ནང་སྙན་གྲགས་ཆེ་བའི་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཧིམོཏཀརཤ་གིས་གོ་སྒྲིག་གནང་བའི་ཕྲུ་གུའི་མིག་སྲུང་སྐྱོབ་ཀྱི་ལས་འཆར་དབུ་འབྱེད་ཀྱི་མཛད་སྒོར་མགྲོན་འབོད་ཞུས་པ་བཞིན་ཆེད་ཕེབས་གནང་སྟེ་གསུང་བཤད་གནང༌། དེ་སྐབས་ཨུ་ནཱ་རྫོང་གི་སྐོར་སྲུང་བའི་སྤྱི་ཁྱབ་Dinesh Kumar Yadav དང་ཚོགས་པའི་ཚོགས་གཙོ་ Kanwar Hari Singh, Daffodil Public School གྱི་སློབ་སྤྱི་Deep Shiksha, ལས་གཞིའི་ངེས་སྟོན་པ་ Naresh Saini སོགས་མི་གྲངས་བརྒྱ་སྐོར་ཚོགས་ཕེབས་གནང་འདུག ཕྲུ་གུའི་མིག་སྲུང་སྐྱོབ་ཀྱི་ལས་གཞི་དེ་བཞིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་འདི་ལོ་དགུང་གྲངས་བདུན་ཅུར་ཕེབས་པའི་འཁྲུངས་སྐར་མཛད་སྒོའི་ལོར་ཆེད་དམིགས་གནང་འདུག

ཕྱི་ལོ་ ༢༠༠༥ ཕྱི་ཟླ་ ༡ ཚེས་ ༡༢ ཉིན་སྔ་དྲོ་ཆུ་ཚོད་ ༡༢ ནས་ཕྱི་དྲོ་ཆུ་ཚོད་ ༣ བར་བཀའ་ཁྲི་མཆོག་ཨུ་ནཱ་ས་གནས་སུ་ཧི་མ་ཅལ་མངའ་སྡེའི་རྒྱ་གར་རྒྱལ་ཡོངས་སློབ་ཕྲུག་ཚོགས་སྡེས་ Akhil Bhartiya Vidyarthi Parishad གོ་སྒྲིག་གནང་བའི་ Swami Vivakananda གི་འཁྲུངས་སྐར་སྲུང་རྩིའི་ཚོགས་འདུའི་སྐུ་མགྲོན་གཙོ་བོར་མགྲོན་འབོད་ཞུས་པ་བཞིན་ཆེད་ཕེབས་གནང་སྟེ་གསུང་བཤད་དང་མངའ་སྡེ་ནང་ཁུལ་སྤྱིར་བཏང་ཤེས་བྱའི་ཐོག་འགྲན་བསྡུར་གྱི་རྒྱལ་ཁ་ཐོབ་མཁན་རྣམས་ལ་བྱ་དགའ་གསོལ་རས་གནང་བ་དང༌། ཚོགས་འདུའི་གཙོ་སྐྱོང་ Hamirpur ས་གནས་ཀྱི་གྲོས་འཐུས་ Suresh Chandel(M.P.) མཆོག་ནས་གནང༌། དེ་སྐབས་སློབ་ཕྲུག་ཚོགས་སྡེ་དེའི་རྒྱ་གར་རྒྱལ་ཡོངས་ཀྱི་ཚོགས་གཞོན་ Nagesh དང༌། ཚོགས་པའི་ཧི་མ་ཅལ་མངའ་སྡེའི་ཚོགས་གཙོ་ Dr.Inder Dev ཚོགས་པའི་ཧི་མ་ཅལ་མངའ་སྡེའི་དྲུང་ཆེ་ Umesh Dutt ཚོགས་པའི་ཨུ་ནཱ་རྫོང་གི་ཚོགས་གཙོ་ Devendra སོགས་མི་གྲངས་ ༣༠༠ ལྷག་ཙམ་ཚོགས་ཕེབས་བྱུང་ཞིང༌། འཕགས་བོད་མཛའ་འབྲེལ་བཟང་པོར་དམིགས་བསལ་སྐུལ་ལྕག་གི་དགའ་བསུ་ཆེན་པོ་ཐོབ་ཡོད།

ཕྱི་ལོ་ ༢༠༠༥ ཕྱི་ཟླ་ ༡ ཚེས་ ༡༣ ཉིན་སྔ་དྲོ་ཆུ་ཚོད་ ༡༠། ༣༠ ནས་ ༡། ༣༠ བར་བཀའ་ཁྲི་མཆོག Observer Research Foundation ཞེས་པའི་གྲགས་ཅན་གྱི་ཚོགས་པས་གོ་སྒྲིག་གནང་བའི་བོད་རིག་པའི་ལས་གཞིའི་སྐོར་གྱི་ཚོགས་འདུའི་གཙོ་བོའི་ལམ་སྟོན་པར་མགྲོན་འབོད་ལྟར་ཆེད་ཕེབས་གནང་སྟེ་གསུང་བཤད་དང༌། དོགས་འདྲི་ཁག་ལ་བཀའ་ལན་གནང་སྟེ་དངོས་ཕན་རང་བཞིན་གྱི་དགའ་སྤྲོའི་གནས་སུ་བཀོད། ཚོགས་འདུ་དེ་ནི་ཚོགས་པ་དེས་འབྱུང་འགྱུར་བོད་རིག་པའི་སྡེ་ཚན་ཞིག་འགོ་འཛུགས་བྱུ་རྒྱུའི་སྔོན་འགྲོའི་ཚོགས་འདུ་ཞིག་ཡིན་པ་དང༌། ཚོགས་འདུ་འདིའི་ནང་ M.Rasgotra དང་ Shashank, Lalit Man Singh བཅས་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་གསུམ་དང༌། རྒྱ་ནག་ཏུ་བཅའ་བཞུགས་རྒྱ་གར་གྱི་གཞུང་ཚབ་གནང་མྱོང་བ་ C.V.Ranganathan རྒྱ་གར་རྐང་དམག་གི་སྤྱི་ཁྱབ་ཟུར་པ་ General V.P.Malik, Lt.General R.K.Sawhney, Rajiv Vora སོགས་གྲོགས་ཅན་གྱི་མི་སྣ་སུམ་ཅུ་སྐོར་ཞིག་ཚོགས་ཕེབས་གནང་ཡོད་པ་མ་ཟད། ཁོང་ཚོ་དང་བོད་དོན་རྒྱབ་སྐྱོར་ཐད་སྨན་པའི་དགོངས་འཆར་བརྗེ་ལེན་དང་ཐབས་བྱུས་ལ་སྨན་པའི་རྒྱབ་སྐྱོར་ཐོབ། །