༈ལྔ་དང་ལྔ་བཅུའི་ཚོགས་ཆེན་ལ་ལམ་སྟོན་གསུང་བཤད་གནང་བ།

༄༅།།  ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༥ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༧ པ་ཙམ་ལ་དྷ་རམ་ས་ལའི་པེ་ཝི་ལི་ཡོན་གསོལ་མགྲོན་ཁང་ (Hotel Pavilion)  དུ་ལྔ་དང་ལྔ་བཅུའི་འཆར་སྣང་གི་ལྷན་ཚོགས་ཆེད་ཚོགས་བཅར་བ་རྣམས་ལ་བཤམས་པའི་གསོལ་སྟོན་མཛད་སྒོའི་ཐོག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས།  ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། འབྱུང་འགྱུར་བོད་མིའི་འཐབ་རྩོད་ཀྱི་རྣམ་པར་གཟིགས་སྟངས།  

སྤྱིར་བོད་ཀྱི་གནས་སྟངས་འདིར་ཕྱོགས་མང་པོའི་ཐོག་ནས་བལྟ་དགོས་པ་མ་ཟད། དེར་འགྲེལ་བརྗོད་ཀྱང་རྣམ་གྲངས་མང་པོའི་ཐོག་ནས་བརྒྱབ་ཐུབ་རྒྱུ་ཡིན་པ་དེ་ལྟར་ནའང་། བོད་ཀྱི་གནད་དོན་ངོ་མ་རྟོགས་པར་བོད་ཀྱི་ཆོས་དང་རིག་གཞུང་། ད་ལྟའི་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས།  བོད་མིའི་གནས་སྟངས་བཅས་ཡག་པོ་ཤེས་དགོས་པ།   འབྱུང་འགྱུར་བོད་དོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུའི་གནས་སྟངས་ཐོག་རིན་པོ་ཆེ་མཆོག་གིས་བཟང་ཕྱོགས་ཀྱི་འགྱུར་བ་དེ་རང་བཞིན་གྱིས་འགྲོ་རྒྱུ་ཞིག་མིན་པར་དཀའ་ལས་བརྒྱབ་དགོས་པ་དང་།  ད་ལྟའི་བོད་མིའི་ཆབ་སྲིད་ཀྱི་འཐབ་རྩོད་དེ་དུས་སྐབས་མི་འདྲ་བ་གསུམ་དུ་ཆ་བགོས་གནང་ནས་འགྲེལ་བརྗོད་གནང་སོང་།

དེ་ཡང་ཁོང་གིས་དུས་རབས་ ༢༠ ནང་ལྔ་དང་ལྔ་བཅུ་དང་། དུས་རབས་ ༢༡ ནང་དྲུག་དང་དྲུག་ཅུ་སོགས་དབྱེ་ཆོག་པ་དང་།དུས་རབས་ ༢༠ ལྔ་དང་ལྔ་བཅུ་བརྗོད་སྐབས་ཕྱི་ལོ་ ༡༩༠༤ ནས་ ༡༩༥༤ ལོའི་བར་གྱི་དུས་སྐབས་དེའི་རིང་བོད་མི་ཚོས་ཆབ་སྲིད་ཀྱི་འཐུས་ཤོར་ཆེ་ཤོས་བཏང་བའི་དུས་སྐབས་ཤིག་དང་། དུས་རབས་དེའི་ཐོག་མའི་ལོ་ལྔའི་ནང་བོད་དེ་རྒྱ་ནག་དང་ཨིན་ཇིའི་ཚོང་འབྲེལ་གྱི་ཆིངས་ཡིག་བཞག་པའི་འོག་ཚུད་པ་མ་ཟད། ཨིན་གཞུང་ཚོང་འབྲེལ་དོན་གཅོད་ཀྱིས་ཕྱི་ལོ་ ༡༩༠༤ ལོར་བོད་ནང་དམག་རྒོལ་བྱས་ཡོད།དེ་རྗེས་ལོ་ལྔ་བཅུའི་རིང་རྒྱ་ནག་དམར་པོས་བོད་ས་བཙན་བཟུང་བྱས་ཡོད་ཀྱང་དུས་སྐབས་དེའི་རིང་འཛམ་གླིང་ནང་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པར་ངོས་འཛིན་ཐོབ་རྒྱུའི་གོ་སྐབས་ཧ་ཅང་བཟང་པོ་ཞིག་བྱུང་།  སྐབས་དེར་རྒྱ་གར་ཨིན་ཇིའི་བཙན་འོག་ནས་རང་བཙན་ཐོབ་ཚར་བ་ཙམ་ཡིན་པ་མ་ཟད།  བོད་དེ་རང་བཙན་རྒྱལ་ཁབ་གཅིག་ལ་ངོས་འཛིན་གནང་ནས་ཕན་ཚུན་འབྲེལ་ལམ་འཛུགས་རྒྱུར་རྒྱ་གར་གཞུང་གསར་པ་དེས་དགོངས་བཞེས་གནང་ཡོད་ཀྱང་སྐབས་དེའི་བོད་མིའི་དབུ་ཁྲིད་ཚོས་འཛམ་གླིང་གི་གནས་སྟངས་སྐོར་གོ་རྟོགས་གང་ཡང་མེད་སྟབས་གོ་སྐབས་དེ་ཤོར་བ་རེད།

སྐབས་དེར་གལ་ཏེ་ང་ཚོས་འཛམ་གླིང་གི་གནས་སྟངས་རྟོགས་ཐུབ་ཡོད་ན་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་ནས་གནས་ཐུབ་ཡོད།  དེ་དུས་རྒྱ་གར་གཞུང་གིས་བོད་གཞུང་དང་འབྲེལ་བ་གནང་ནས་དེ་སྔའི་ཨིན་གཞུང་སྐབས་ཚོང་འབྲེལ་གང་ཡོད་པ་དེ་དག་རྒྱུན་སྐྱོང་གནང་རྒྱུའི་དགོངས་བཞེས་གནང་ཡོད་ཀྱང་བོད་པས་དེར་ཡ་ལན་ཙམ་ཡང་མ་བྱས་པ་དང་།  དེར་བརྟེན་རྒྱ་གར་གཞུང་ལ་ཐབས་གཞན་མ་རྙེད་པར་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་ལམ་འཛུགས་དགོས་པའི་གནས་སྟངས་ཆགས་ཡོད་སྐོར་སོགས་གསུངས།

དུས་རབས་ ༢༡ ནང་དྲུག་དང་དྲུག་ཅུའི་འཆར་སྣང་སྐོར་ནས་གསུངས་དོན། ཕྱི་ལོ་ ༡༩༥༧ ནས་ ༢༠༡༧ བར་དབྱེ་མཚམས་ཕྱེ་ན་ཐོག་མའི་ལོ་ལྔའི་ནང་བོད་མི་ཚོ་ཧ་ཅང་དཀའ་ངལ་འོག་ཚུད་པ་དང་། འོན་ཀྱང་ལོ་ངོ་དྲུག་ཅུའི་སྨད་ཆར་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་ཐུབ་པར་བརྟེན། གནས་སྟངས་ཇེ་བཟང་དུ་ཕྱིན་ཡོད།དུས་སྐབས་དེའི་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྲོས་བྱོལ་དུ་ཆིབས་སྒྱུར་མ་བསྐྱང་ཐབས་མེད་ཆགས་པ་དང་།  ༸གོང་ས་མཆོག་གི་རྗེས་སུ་བོད་མི་སྟོང་ཕྲག་མང་པོ་བཙན་བྱོལ་དུ་ཡོང་དགོས་ཐུག་ཡོད།འོན་ཀྱང་དུས་སྐབས་དེའི་རིང་བོད་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་གཞི་ནས་དོ་སྣང་གསར་པ་ཞིག་བསླེབས་ཡོད་པ་དང་།  དེ་ལ་བརྟེན་ནས་འཛམ་གླིང་གི་དབུ་ཁྲིད་ཚོས་བོད་དོན་ལ་རྒྱབ་སྐྱོར་གནང་བ་བརྒྱུད་བཙན་བྱོལ་ནང་བོད་མིའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སླར་གསོ་མཛད་ཐུབ་པ་བྱུང་ཡོད་སྐོར་གསུངས་པ་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་ལ་བརྟེན་ནས་འཛམ་གླིང་སྐྱེས་བུ་མཆོག་དམན་ཀུན་གྱིས་གཙུག་ཏུ་བཀུར་བཞིན་པ་དང་།མགོན་པོ་གང་ཉིད་མཆོག་ནས་ཀྱང་ཉིན་མཚན་ལྟོས་མེད་༸སྐུ་ངལ་མཛད་ནས་ཐུན་མོང་དུ་སྤྱོད་བཞིན་པའི་འཛམ་གླིང་སའི་གོ་ལ་ཧྲིལ་པོ་འདིའི་ནང་བྱམས་བརྩེ་གོང་འཕེལ་གཏོང་གནང་མཛད་བཞིན་པའི་སྐོར་དང་། ད་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གཟི་བྱིན་དང་ཐུགས་རྗེའི་ལམ་སྟོན་ལ་བརྟེན་ནས་བོད་མིའི་མ་འོངས་མདུན་ལམ་སྲ་བརྟན་ཕུགས་འཕེར་ཞིག་བསྐྲུན་ཡོད་པ་སོགས་དང་།

ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བ་དང་མང་གཙོའི་ལམ་བཟང་ཐོག་ཤར་བསྐྱོད་མཛད་པ་དེས། བོད་དོན་འཐབ་རྩོད་ལ་ད་བར་ཁྱོན་ཡོངས་ནས་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད་པ་མ་ཟད། འབྱུང་འགྱུར་ཡང་དུས་ཡུན་རིང་པོའི་ནང་མུ་མཐུད་ནས་བཞེངས་ཕྱོགས་དེ་ཁ་ཕྱོགས་མ་ནོར་བ་ཞིག་གི་ཐོག་ནས་གནས་རྒྱུ་ཡིན་པ་དང་། ནམ་ཞིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཚོ་བཞུགས་མེད་པའི་དུས་སྐབས་ཤར་ཚེ་བོད་མི་ཚོའི་གནས་སྟངས་ཇི་འདྲ་ཞིག་ཏུ་འགྱུར་མིན་ཐད་སེམས་འཚབ་གནང་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཚོར་༸ཞལ་བཞེས་བཟང་པོ་མཛད་པ་ལྟར།མགོན་པོ་གང་ཉིད་མཆོག་དུས་ཡུན་རིང་པོའི་བར་སྐུ་འཚོ་བཞུགས་མཛད་རྒྱུ་ངེས་པ་རེད།  འོན་ཀྱང་ནམ་ཞིག་༸གོང་ས་མཆོག་༸སྐུ་འཚོ་བཞུགས་མེད་པའི་དུས་སྐབས་ཤིག་འཆར་ཚེ་བོད་མི་ཚོར་ཆེས་མུན་ནག་གི་དུས་སྐབས་ཤིག་ཆགས་སྲིད།  དུས་སྐབས་དེའི་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་མཛད་པའི་མང་གཙོའི་སྲིད་གཞུང་འདིས་བོད་མིའི་མདུན་ལམ་སྣེ་ཁྲིད་བྱ་རྒྱུ་རེད།ཅེས་སོགས་གསུངས་གནང་བ་དང་། ད་ལྟའི་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཀྱི་སྐད་ཡིག་ཆེད་མངགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ངན་པ་ཞིག་ལག་བསྟར་བྱེད་བཞིན་པར་བརྟེན། ང་ཚོས་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཐོག་ངེས་པར་དུ་ཤུགས་རྒྱག་དགོས་པ་དང་། ལྷག་པར་ཕྱི་རྒྱལ་རང་དབང་ལུང་པའི་ནང་གི་བོད་མི་ཚོས་དེའི་ཐོག་ངེས་པར་དུ་ཤུགས་རྒྱག་དགོས་སྐོར་བཀའ་སློབ་ཕེབས་པ་དང་།  ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་། ཉིན་གསུམ་རིང་རང་གི་རྣམ་དཔྱོད་གང་ཡོད་བཏོན་ནས་གོ་བསྡུར་ལྷུག་པོར་གནང་གལ་ཆེ་སྐོར་དང་།  བསམ་འཆར་གང་སྤུངས་པ་རྣམས་འབྱུང་འགྱུར་བོད་མིའི་མི་རབས་གཞོན་པ་ཚོར་ཕན་ཐོགས་ཡོང་ངེས་ཡིན་སྐོར་སོགས་གསུངས་ཡོད་པ་རེད།