བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་པའི་དུས་དྲན་ཉིན་གནང་བའི་གསུང་བཤད།

༄༅། །བསིལ་ལྡན་གངས་ལྗོངས་བོད་རྒྱལ་ཁབ་ཆེན་པོའི་ཆོས་སྲིད་ལུགས་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད། རྒྱལ་ཀུན་སྙིང་རྗེའི་རང་གཟུགས། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ལྷར་བཅས་སྲིད་ཞིའི་གཙུག་རྒྱན་ྋགོང་ས་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་ཅིང་།གཟིགས་པ་ཆེན་པོ་ྋསྐུ་ཕྲེང་བཅུ་བཞི་པ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་དང༌། རྡ་སྟེང་བོད་ཕྲུག་ཁྱེམ་སྡེའི་དབུ་འཛིན་དང་དགེ་ལས་སློབ་ཕྲུག་རྣམ་པ། སྤུན་ཟླ་སེར་སྐྱ་མི་མང་བཅས་ལྷན་རྒྱས་ལ་ཞུ་རྒྱུར། ལོ་ལྟར་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་པའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུ་མུས་བཞིན་འདི་ལོ་དགའ་སྟོན་ཐེངས་སུམ་ཅུ་སོ་གཉིས་འཁེལ་བའི་མཛད་སྒོའི་སྐབས་འདིར་ངས་འབྲེལ་ཡོད་ཚང་མ་དང༌། ལྷག་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་མ་འོངས་བོད་ཀྱི་སོན་རྩར་ཐུགས་རེ་ཆེན་པོས་ཆེ་བསྟོད་གནང་དང་གནང་བཞིན་པའི་གཞོན་སྐྱེས་སློབ་ཕྲུག་ཆེ་འབྲིང་ཆུང་གསུམ་ཚང་མར་མཛའ་བརྩེས་དྲངས་པའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

སློབ་ཕྲུག་རྣམས་ནས་རང་གཞུང་དང་ཁྱེད་རང་ཚོའི་དྲིན་ཅན་ཕ་མ་སྤུན་ཉེ་ཚོས་དཀའ་ངལ་མང་དུ་བརྒྱབས་ཏེ་འགྲིག་ངེས་ཀྱི་མཐུན་རྐྱེན་ལེགས་པར་སྦྱོར་དགོས་དོན་གྱི་སྐབས་བབས་ལས་འགན་ནི། རྩ་ཆེའི་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་སློབ་སྦྱོང་ལ་ཉིན་མཚན་ཀུན་ཏུ་ཧུར་བརྩོན་བྱ་རྒྱུ་དེ་རེད། དེ་ཡང་ཤེས་བྱ་ཡོན་ཏན་ནི་ཡིག་རྩིས་ཤེས་ཙམ་མིན་པར་དམིགས་ཡུལ་ལྟེ་བ་དེ་དུས་ཚོད་རེའུ་མིག་ནང་ཡོད་ཀྱི་སློབ་ཚན་མཐའ་དག་ལ་དོ་སྣང་ཆེན་པོས་སྦྱངས་ཏེ་དགེ་རྒན་གྱི་ལམ་སྟོན་འོག་རང་གི་རྣམ་དཔྱོད་དང་མཚུངས་པའི་སློབ་ཚན་འོས་ཤོས་ཇི་ཡིན་ཤེས་པ་བྱས་ཏེ་དེ་ཐོག་ནས་སོ་སོའི་མ་འོངས་མདུན་ལམ་འཚོལ་བའི་རིགས་གཅིག་རྐང་འཛིན་གྱི་སློབ་ཚན་ཟིན་དགོས་པ་དེ་རེད།

དེ་ལྟ་བུའི་སྤུས་དག་གི་སློབ་སྦྱོང་བྱེད་པའི་མཐར་ཐུག་གི་དམིགས་ཡུལ་ནི་གོང་ཞུས་ལྟར་སོ་སོའི་མི་ཚེ་འཁྱོལ་ཙམ་མིན་པར་རང་གི་རྒྱལ་ཁབ་དང་མི་རིགས་ལ་རླབས་ཆེན་གྱི་ཞབས་འདེགས་བསྒྲུབ་ཐུབ་པའི་རྒྱལ་གཅེས་ཡུལ་མི་ཞིག་ཏུ་འགྱུར་རྒྱུ་དེ་རེད། དེར་བརྟེན་གལ་ཆེའི་སློབ་གྲྭའི་དུས་ཚོད་ཀྱི་རིང་ངར་ཤུགས་ཆེན་པོས་སློབ་ཚན་ཚང་མའི་ཐོག་སྦྱང་བརྩོན་བྱས་ཏེ་གཏམ་དཔེར་ཡོད་པ་བཞིན། ཆོས་རྭ་ལ་ཆོས་དང༌། གཞས་རྭ་ལ་གཞས་ཟེར་བ་དང༌། ལས་ཀ་བྱེད་དུས་ལས་ཀ་དང༌། རྩེས་མོ་རྩེ་དུས་རྩེད་མོ་ཟེར་བ་ལྟར་བྱེད་ཐུབ་ན་དུས་ཡུན་འདི་དོན་སྙིང་ལྡན་ཞིང་རང་གི་མི་ཚེའི་ནང་གི་ལེའུ་སྐྱིད་ཤོས་ཤིག་ཏུ་འགྱུར་རྒྱུ་གདོན་མི་ཟ་བ་ཡིན། དེ་ནི་སོ་སོའི་ལག་ཏུ་ཡོད། དེ་ནས་སྐབས་འབྲེལ་གནས་ཚུལ་ཞིག་ཞུ་རྒྱུར། མཁྱེན་གསལ་ལྟར་ཉེ་ཆར་ཧི་མཱ་ཅལ་མངའ་གཞུང་སློབ་གྲྭ་ཁག་གི་ནང་ཡིག་རྒྱུགས་གཏོང་སྐབས་རྐུ་བཤུ་རྒྱག་རྒྱུ་དེ་ཁྲིམས་འགལ་ནག་ཉེས་ཀྱི་བྱ་སྤྱོད་ལ་ངོས་འཛིན་པའི་ཁྲིམས་གསར་མངའ་སྡེའི་གྲོས་ཚོགས་ནས་གཏན་འབེབས་ཟིན་པ་རེད། དེ་ལྟ་བུའི་ཁྲིམས་ཡིག་ཡུ་པིའི་མངའ་སྡེའི་ནང་དུའང་འདོན་འཆར་ཡོད་པ་རེད། གནས་ཚུལ་འདི་ཐོག་འབྲེལ་ཡོད་རྣམ་པས་དགོངས་པ་བཞེས་དགོས་པ་ནི། རང་རེའི་སློབ་ཕྲུག་ཕལ་མོ་ཆེ་ལྡི་ལི་བོད་སློབ་འཛིན་སྐྱོང་ཚོགས་པའི་འོག་གི་གཏན་ཉིན་སློབ་གྲྭ་ཁག་གི་ནང་ཡོད་ཅིང༌། སློབ་གྲྭ་དེ་ཚོ་མང་ཆེ་བའི་འཛིན་སྐྱོང་དང་སློབ་ཁྲིད་འདོད་བློ་ཁེངས་པ་ཞིག་མེད་ཁར་ཐབས་སྡུག་ཤོས་སུ་གལ་ཆེའི་ཡིག་རྒྱུགས་སྐབས་རྐུ་བཤུ་རྒྱག་རྒྱུའི་ལམ་སྲོལ་ངན་པ་རྒྱ་ཆེར་ཡོད་པ་མངོན།

འདི་ཐད་རྩ་བ་གཞན་དབང་སྟབས་བསྟུན་གནང་དགོས་ཀྱི་སྐུ་ངལ་ཡོད་ཀྱང་འདི་མུར་འཇོག་རྒྱུ་བློས་འགན་བཟོད་ཐབས་བྲལ་བར་སོང་བཀའ་ཤག་གིས་དབུས་འབྲེལ་ཡོད་ཤེས་རིག་ལས་ཁུངས་ནས་ཡོ་བསྲང་ལེགས་སྤེལ་གནང་ཐབས་འཕྲལ་དུ་གནང་གལ་ཆེ་བ་ཕྱོགས་གཅིག་དང༌། གནས་སྟངས་འདི་ལ་ལྟོས་ཏེ་བོད་ཁྱིམ་ལྟ་བུར་མཚོན་ན་འཛིན་སྐྱོང་དང་སློབ་ཁྲིད་གང་ཅིའི་ཐད་རང་དོན་རང་གཅེས་ཀྱི་དབང་ཆ་ཆ་ཚང་ཡོད་པར་སོང༌། ད་བར་གང་ལེགས་ཡོད་བཞིན་པ་ལྟར་མ་འོངས་པར་ཡང་ལྷོད་ཡངས་སུ་མ་སོང་བར་ལེགས་པའི་མིག་ལྟོས་ཀྱི་དཔེ་མཚོན་འཇོག་ཐུབ་པའི་ཁུར་འགན་ལྕི་པོ་ཞིག་ཡོད་པ་དབུ་འཛིན་དང་དགེ་ལས་སློབ་ཕྲུག་ཚང་མས་མཁྱེན་ཐོག་ནས་འཕྱུགས་པ་མེད་པ་གནང་གལ་དང༌། ཡང་སློབ་ཕྲུག་རྣམས་ཀྱིས་གཙོས་ཚང་མར་འབོད་བསྐུལ་ཞུ་རྒྱུར། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བསྟན་པ་ཆབ་སྲིད་ཀྱི་དོན་དུ་བོད་མི་རྣམས་ལ་ཐུགས་བརྩེ་ཆེན་པོའི་བཀའ་སློབ་བསྩལ་ཁོངས་ནས་དཔེ་མཚོན་གཅིག་ཞུས་ན་ ༡༩༦༣ ཕྱི་ཟླ་ ༡༡ ཚེས་ ༩ ཉིན་བཞུགས་སྒར་ཕོ་བྲང་དུ་རིས་མེད་ཆོས་ཚོགས་སར་བསྩལ་བའི་བཀའ་སློབ་ནང༌། དེང་དུས་ཧིན་རྡི་དང་དབྱིན་ཇི་ཕྲན་བུ་ཤེས་པའི་གཞོན་ནུ་ཚོས་མི་ཞིག་འཕྲད་མ་ཐག་ཧ་ལོ་ཟེར་བ་དང༌། ཡུ་ནོ་ཟེར་བ་སོགས་བོད་སྐད་ནང་དབྱིན་ཇིའི་མིང་ཚིག་མང་པོ་བསྲེས་ནས་བརྗོད་པ་འདི་དག་ལ་སེམས་ལྷད་ཀྱི་དྲི་མ་མེད་ཀྱང༌། དོན་སྙིང་རུལ་འགྲོ་གི་ཡོད་པ་རེད། ད་ལྟ་ནས་དེ་ལྟར་བརྗོད་ན། ཚིག་ལྷད་དེ་དག་རིམ་བཞིན་དར་འཕེལ་ཕྱིན་ན་གང་འདྲ་ཞིག་ཡོང་གི་ཡོད་དམ། བོད་དུ་རྒྱ་མིས་ཤན་དང་ཆུས་ཟེར་བ་སོགས་བོད་ཀྱི་མིང་ཚིག་མང་པོ་རྒྱ་སྐད་དུ་བསྒྱུར་ཟིན་ཞིང༌། དེ་དག་རྒྱ་ཆེར་བཏང་དུས་ཉེན་ཁ་ཆེན་པོ་སླེབས། བོད་ལ་རྒྱ་མིས་མགོ་བརྡུངས་དང༌། གཉའ་གནོན། ཐ་ན་དངུལ་རྩིས་ཚུན་ཆད་རྒྱ་སྐད་སྤྱོད་དུ་བཅུག་ནས་བོད་སྐད་བོད་ཡིག་ཉམས་རྒུད་ཅི་ཆེར་གཏོང་བའི་དུས་སྐབས་སུ། འདི་ཕྱོགས་རང་གི་སྐད་ཡིག་ལ་བདག་གཅེས་བྱ་རྒྱུའི་འོས་བབས་ཡོད་པ་ཚོས་དབྱིན་ཧིན་སྐད་ཡིག་ཕྲན་བུ་ཤེས་པ་རྒྱུ་མཚན་དུ་བྱས་ཏེ། བོད་སྐད་བོད་ཡིག་ལ་མཐོང་ཆུང་བྱས་ན་གང་འདྲ་ཞིག་ཡོང་བ་འདུག ཡ་རབས་བཟང་པོའི་གོམས་གཤིས་ཅན་གྱི་བོད་མི་རྣམས་རྒས། གཞོན་ནུ་ཚོས་བོད་སྐད་ནང་ཚིག་ལྷད་གང་ཙམ་བཅུག བུ་ཕྲུག་ཆུང་ངུ་ཚོས་མ་ཤེས་པར་དེ་བས་མང་ཙམ་བཅུག གང་མཚམས་ནས་བོད་སྐད་གཙང་མ་དེ་གོ་བརྡ་མ་འཕྲོད་པའི་དུས་ཤིག་བྱུང་ན་ཇི་འདྲ་བྱེད་ཀྱི་ཡིན་ནམ། སྔར་མོན་གྱི་ས་གནས་ཤིག་ལ་རྡོ་རྗེ་གཅོད་པའི་དཔེ་ཆ་མང་ཆེ་བ་མ་དག་པ་དང༌། དག་པ་གཅིག་རང་ཡོད་པ་ཞིག་གི་སྐབས། མི་ཚོས་ཞུ་དག་བྱས་པས། མ་དག་པ་མང་བ་དེ་དང་སྒོ་བསྟུན་ནས་དག་པ་གཅིག་རང་ཡོད་པ་དེ་མ་དག་པར་བཟོ་བཅོས་བྱས་པའི་ལོ་རྒྱུས་ལྟ་བུ་བྱུང་ན་ཇི་ལྟར་བྱེད། རྒྱུ་མཚན་དེ་འདྲའི་ཆེད་དུ་ང་ཚོས་བོད་སྐད་དང༌། བོད་ཡིག་ལ་བདག་གཅེས་མ་བྱས་ན་ཉེན་ཁ་ཆེན་པོ་ཡིན། ཕྱི་རྒྱལ་སྐད་ཡིག་ཤེས་དགོས། ང་ཚོས་མ་ཤེས་ཐབས་མེད་ཡིན། འོན་ཀྱང་རང་གི་སྐད་ཡིག་ལ་དོ་སྣང་མ་བྱས་ན། ནམ་ཞིག་དཔེ་ཆ་རྣམས་ཀྱང་དོན་མི་གོ་བའི་དུས་ཤིག་བྱུང་དུས། ལེ་ལན་རང་ལ་ཡོད་པ་ལྟར་ལེ་ལན་རང་གིས་འཁུར་ཤེས་པའི་དམན་ས་བཟུང་ན་ལྟ་ལེགས་ཏེ། དེ་ལྟར་མིན་པར་དཔེ་ཆས་མ་འགྲིགས་པར་བསྙད་ནས་དཔེ་ཆ་རྣམས་ཕར་བཞག་སྟེ། དཔེ་ཤོག་འདི་ཚོར་གོ་རྒྱུ་མི་འདུག་ཟེར་བ་ཞིག་ཡོང་ཉེན་ཡོད། ཁོང་ཚོས་དཔེ་ཆ་དགྲ་རུ་འཛིན་པ་མིན་ཡང༌། རང་བཞིན་སྤྱི་ཚོགས་ཀྱི་གནས་ཚུལ་འགྱུར་ནས་དེ་ལྟ་བུ་འབྱུང་ཉེན་ཡོད་ཅེས་བཀའ་གནང་ཡོད།

སྔ་ལོ་ཡང་ངོས་ནས་བོད་ཕྲུག་ཁྱིམ་སྡེའི་དུས་དྲན་སྲུང་བརྩིའི་སྐབས་གསལ་འདེབས་ཞུས་པ་ཡིན། འདས་པའི་ལོ་སུམ་ཅུ་སོ་གཅིག་སོ་གཉིས་རིང་ང་ཚོའི་བོད་པའི་ན་གཞོན་ཚང་མས་རྒྱ་གར་ནང་ནུབ་ཕྱོགས་རྒྱལ་ཁབ་ནས་དར་བའི་ཤེས་ཡོན་སློབ་སྟོན་གྱི་ལམ་སྲོལ་སྒྲིག་འཛུགས་ཤིག་གི་འོག་ལ་སློབ་སྦྱོང་བྱས་ཏེ་བསྡད་ཡོད། སློབ་སྦྱོང་དེས་མ་འོངས་པར་བོད་ཀྱི་མི་རིགས་དང༌། ཆབ་སྲིད། འཛམ་གླིང་གི་ནང་འགྲོ་བ་མིའི་སྤྱི་ཡོངས་ཀྱི་ཞབས་འདེགས་བསྒྲུབ་རྒྱུ་བཅས་ཀྱི་ང་ཚོའི་ལས་འགན་ཐོག་ཕན་ཐོགས་ཆེ་ཆུང་གང་འདྲ་ཞིག་ཡོང་གི་ཡོད་ད་ལྟ་ང་ཚོས་ཚོད་དཔག་བྱེད་དཀའ་བ་ཞིག་དང༌། ལྷག་པར་ད་ལྟའི་བོད་དོན་བདེན་མཐའ་གསལ་ལ་ཉེ་བའི་གནས་སྐབས་འདིར་མ་འོངས་བོད་ཀྱི་ཤེས་ཡོན་སློབ་སྟོན་གྱི་ལམ་སྲོལ་དེ་གང་འདྲ་ཞིག་གི་ཐོག་ལ་འགྲོ་དགོས་ཀྱི་ཡོད་མེད་ྋསྐྱབས་མགོན་རིན་པོ་ཆེས་སྔ་ཕྱི་བར་གསུམ་དུ་བསྩལ་བའི་བཀའ་སློབ་ཁག་གཞིར་བཟུང་ནས་ང་ཚོས་བསམ་བློ་གཟབ་གཏོང་དགོས་པའི་དུས་ལ་སླེབས་ཡོད། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་ནུབ་ཕྱོགས་ནས་གཡར་བའི་ཤེས་ཡོན་སློབ་སྦྱོང་གི་སྒྲོམ་གཞི་དེའི་འོག་སློབ་སྦྱོང་བྱེད་བཞིན་པའི་སློབ་གྲྭ་བ་དེ་ཚོའི་ཤེས་ཡོན་གྱི་གནས་ཚད་ལོ་རེ་ནས་ལོ་རེ་ཇེ་དམའ་རུ་འགྲོ་བའི་དཀའ་ངལ་ཞིག་ཡོང་གི་ཡོད་པ་ཚང་མས་མིག་མཐོང་ལག་ཟིན་ཡོད་པར་བརྟེན། དེ་ཡང་སེམས་ཁྲལ་བྱེད་དགོས་ཀྱི་གནས་ཚུལ་ཞིག་ཆགས་ཀྱི་ཡོད། དེ་ཚོར་ང་རང་ཚོ་འབྲེལ་ཡོད་ཚང་མས་བསམ་བློ་གཟབ་གཟབ་བཏང་ནས་འབད་བརྩོན་ཤུགས་ཆེ་ཞིག་བྱེད་དགོས་པའི་དུས་སྐབས་ལ་སླེབས་ཡོད།

འོན་ཀྱང་མི་ལ་ཤོད་པའི་སྔོན་ལ་སོ་སོ་རང་ངོས་ནས་བསམ་བློ་ཞིག་བཏང་ན། ང་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འདས་པའི་ལོ་གཅིག་ལྷག་ཙམ་རིང་བོད་ཀྱི་ཤེས་རིག་ཡར་རྒྱས་གཏོང་ཕྱོགས་ལ་ལམ་སྟོན་གྱི་ལས་འགན་འདི་འདྲ་ཞིག་བསྒྲུབས་པ་ཡིན་ཞེས་ཞུ་རྒྱུ་མེད། ང་ཚོས་དེའི་ཐད་འབད་བརྩོན་བྱེད་རྒྱུའི་བསམ་བློ་ཡོད། ཡིན་ནའང་འབད་བརྩོན་དེ་ད་ལྟ་ལམ་དུ་ལྷོང་བ་ཞིག་བྱུང་མ་སོང་བ་ངས་ངོས་ལེན་ཞུ་རྒྱུ་མ་གཏོགས་མི་ཚོས་བྱས་མ་སོང་ཞེས་ཞུ་རྒྱུ་ད་རེས་འདིར་སྐབས་སུ་བབས་མི་འདུག ཡིན་ནའང་རང་གཞན་རོགས་གསུམ་ཚང་མར་ངེས་པར་དུ་འབོད་སྐུལ་ཞུ་དགོས་པ་ཞིག་ལ། དང་པོ། ད་ལྟ་ང་ཚོའི་སློབ་སྦྱོང་གི་སྒྲོམ་གཞི་འདིའི་ནང་བོད་ཕྲུག་ཁྲི་ཕྲག་མང་པོ་ཞིག་ང་ཚོས་འཁྲིད་བཞིན་པ་འདི་དག་ལ་ཡང་དག་པའི་ལམ་སྟོན་ཡིན་དང་མིན། གཉིས་པ། ལམ་སྲོལ་དེ་གའི་ནང་ལ་གནས་ཚད་ལོངས་པ་ཞིག་ཡོང་བར་ང་ཚོས་ཐོག་མའི་འབད་བརྩོན་གང་ཞིག་བྱེད་དགོས་པ། གསུམ་པ། མ་འོངས་པར་ལམ་སྲོལ་དེ་རང་འོག་ཕྱིན་པ་ཡིན་ན། ང་ཚོའི་མང་ཚོགས་ཀྱི་ཤེས་ཡོན་དེ་ཏན་ཏན་ལམ་ཡང་དག་པ་ཞིག་ཐོག་སླེབས་ཀྱི་ཡོད་དང་མེད་བཅས་ལ་བསམ་བློ་གཟབ་གཟབ་གཏོང་དགོས་པའི་དུས་ལ་སླེབས་ཡོད། དེ་སྐོར་ང་ཚོར་ཚོར་སྣང་ཤུགས་དྲག་ཅིག་ཡོང་གི་འདུག་ལ། འབྲེལ་ཡོད་ལས་བྱེད་ཚང་མར་ཚོར་སྣང་དེ་འདྲ་ཞིག་ཡོད་དགོས་པ་གལ་ཆེན་པོ་མཐོང་གི་འདུག་སྟབས་ཞོར་ལ་ཞུས་པ་ཡིན།

མཐའ་དོན། སྤྱི་ནོརྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དུས་ཀུན་ཏུ་ཁྱབ་བཞིན་པའི་ཡང་དག་དབུ་ཁྲིད་འོག་གཞིས་བྱེས་བོད་རིགས་སྤུན་ཟླ་རྣམས་ཀྱི་ཡིད་ལ་བརྣག་པའི་འདོད་དོན་མྱུར་དུ་འགྲུབ་པའི་སྨོན་ལམ་རྩེ་གཅིག་ཏུ་ཞུ་རྒྱུ་བཅས། ཐུགས་རྗེ་ཆེ།། ༡༩༩༢ ཕྱི་ཟླ་ ༡༠ ཚེས་ ༢༣ ཉིན།