སྐུའི་འཁྲུངས་སྐར་དུས་ཆེན་ཉིན་གནང་བའི་གསུང་བཤད།

༄༅། །རྣམ་རྒྱལ་མདུན་ས་མཛེས་བྱེད་བཀའི་ཕྱིང་སང་བ་རྣམ་པ་དང༌། བཀུར་འོས་མང་མོས་བཀྲབས་པའི་སྤྱི་འཐུས་རྣམ་པ། རྣམ་དཔྱོད་དང་ལྷག་བསམ་གྱིས་ཕྱུག་པའི་སྲི་ཞུ་བ་དྲུང་རིགས་སེར་སྐྱ། མཛའ་བརྩེས་མགྲོན་དུ་གཉེར་བའི་སྐུ་མགྲོན་རྣམ་པས་དབུས་མང་ཚོགས་འདུས་པ་རྒྱ་མཆོའི་སྙན་དབང་དུ་གསོལ་རྒྱུར།ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་རྣམ་འདྲེན་ཆེན་པོ་འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ། བདག་གི་བཀྲིན་གསུམ་ལྡན་གྱི་མཁན་ཆེན་རྡོ་རྗེ་འཆང༌། དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གང་ཉིད་ནི་གདོད་མ་ཉིད་ནས་གདོད་མའི་སངས་རྒྱས་ཀྱི་ངོ་བོར་རྟག་བརྟན་གཞོམ་གཞིག་འཕོ་འགྱུར་བྲལ་བ། གཡུང་དྲུང་རྟག་པའི་ངོ་བོར་ཟག་བྲལ་བདེ་ཆེན་ཆོས་སྐུའི་དབྱིངས་སུ་དབུས་མཐའ་བྲལ་བའི་མཁའ་དབྱིངས་བཞིན་དུ་ཀུན་ཁྱབ་རོ་མཉམ་ཆེན་པོར། ཀུན་ཏུ་གཟིགས་པ་དག་པའི་རྒྱལ་བ་རྣམས་ཀྱི་སོ་སོ་རང་རིག་གི་སྤྱོད་ཚུལ་ཙམ་དུ་བཞུགས་པའི་རང་བཞིན་ལོ་ཟླ་ཞག་དུས་ཀྱི་བགྲང་བྱའི་ཡུལ་ལས་ཆེས་ཆེར་བརྒལ་ཡང་དག་པའི་གདུལ་བྱ་རྒྱལ་སྲས་འཕགས་ཚོགས་རྒྱུ་སྐར་གྱི་དཀྱིལ་འཁོར་གྲངས་ལས་འདས་པའི་དབུས་ན་ཚོགས་གཉིས་ཡར་ངོའི་འཕེལ་བ་ཡོངས་སུ་μོགས་པའི་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ་མཆོག་གདོས་བཅས་ར་རི་དྲི་མས་ཆ་ཙམ་མ་གོས་པར་མཚན་དཔེའི་འོད་དཀར་གྱི་ཕུང་པོ་འབུམ་དུ་གྲོལ་ཞིང༌། ཐེག་མཆོག་དམ་ཆོས་བདུད་རྩིའི་ཟེག་མ་ཅི་དགར་དུ་འཇོ་བའི་དགའ་སྟོན་ལས་ནམ་ཡང་གཡོ་བ་མེད་བཞིན་དུ། འཆིང་བ་ཀུན་གྱིས་བཅིངས་པའི་ཚུར་མཐོང་བྱིས་པའི་སྐྱེ་བོ་བདག་དང་བདག་འདྲ་བ་རྣམས་ཀྱང་ཐུགས་བརྩེ་བའི་ཤས་མི་གཏོང་བའི་གང་འདུལ་སྤྲུལ་པའི་རོལ་པ་བྱེ་བ་ཕྲག་བརྒྱ་ཆུ་ཟླ་བཞིན་དུ་ཅི་ཡང་འཆར་བའི་ངོ་མཚར་སྒྱུ་འཕྲུལ་གྱི་བཀོད་པ་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་བྱེ་བྲག་གངས་ལྗོངས་བསྟན་འགྲོའི་མགོན་དཔུང་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གཟུགས་སུ་བཞིན་ལག་སྤྲུལ་པའི་ཟློས་གར་ཡོངས་སུ་རྩེན་ཏེ། དགུང་གྲངས་ང་དགུར་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཚེས་ཁྱད་པ་ཅན་འདིར། གསུང་སྐྱེས་ཀྱི་ཐ་ཤལ་དུ་གཏོགས་པ་བདག་གིས་མགོན་པོ་གང་གི་གཞལ་དུ་མེད་པའི་བཀའ་དྲིན་གྱི་ཕུང་པོ་རྗེས་སུ་དྲན་པ་དང་ཆབས་ཅིག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་རྙོག་པ་མེད་པའི་དད་འདུན་ཤུགས་དྲག་གི་ཉེ་བར་བསྐུལ་བའི་ཡན་ལག་བདུན་གྱི་དངོས་པོ་སྔོན་དུ་བཏང་སྟེ་སྐུའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་མ་ཟད། མཆོག་ཏུ་མངོན་པར་དགེ་བའི་དུས་ཀྱི་ཆ་འདིར་ཡབ་གཅིག་ཕྱག་ན་པདྨོའི་མཁྱེན་བརྩེ་ནུས་པའི་ཚ་ཟེར་གྱིས་ཡོངས་སུ་རེག་པའི་དགའ་གུས་དད་པའི་ཡིད་ཀྱི་ཆུ་སྐྱེས་འདབ་སྟོང་མངོན་པར་བཞད་པའི་དབུས་ནས་གསོལ་འདེབས་སྦྲང་རྩིའི་ཟེའུ་འབྲུ་མཆོག་ཏུ་མངར་བས་གང་སྐུ་སྣང་བྱེད་དཀྱིལ་འཁོར་སྲིད་གསུམ་མུན་པའི་གཤེད་དུ་ནམ་ཡང་ནུབ་པ་མེད་པར་བསྐལ་བ་རྒྱ་མཚོར་ལྷམ་མེར་གསལ་ཞིང༌། འཚོ་ཞིང་གཞེས་པའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན།

ཕྱོགས་དང་དུས་ཀྱི་ར་བ་བཙན་པོ་ལས་འགོངས་པར་མི་ནུས་པའི་ཚུ་རོལ་མཐོང་བའི་བྱིས་པ་བདག་ལྟ་བུ་ལ་ནི་ཚེས་ཞག་ཟླ་བའི་འགྲོས་ཀྱི་བར་མེད་དུ་བསྐྱོད་པའི་ལོ་ཡི་འཁོར་ལོའི་ནང་འཇིག་རྟེན་མུན་སེལ་སྒྲོན་མེ་སྣང་བྱེད་རྒྱལ་བའི་ཉི་མ་བསིལ་ལྗོངས་སྐྱེ་རྒུའི་བསོད་ནམས་ཀྱི་ཁྱིམ་དུ་གསར་དུ་འཆར་བའི་དུས་ཚེས་ཁྱད་པར་ཅན་འདི་མངོན་དུ་གྱུར་རིམ་བཞིན་ཉོན་ཤེས་སྒྲིབ་པའི་བ་ཚྭས་ཡོངས་སུ་བསླད་པའི་རྙོག་ཅན་ཡིད་ཀྱི་ཆུ་གཏེར་དགའ་དད་སྤྲོ་བའི་རྦ་རླབས་འགོག་མེད་མཁའ་ལ་འཕྱུར་བའི་རྣམ་འགྱུར་ཅི་ཡང་རྩེན་པ་སྨོས་མ་དགོས་ཀྱང༌། ནམ་ཡང་སྡོད་པ་མེད་པའི་དུས་ཀྱི་འཁོར་ལོ་བརྒྱུད་མར་འཁོར་བའི་མི་བརྟན་གཡོ་བའི་རང་བཞིན་གྱིས་བགྲང་བྱའི་ཕྲེང་བ་རེ་རེ་བཞིན་ཟད་པའི་དངོས་དོན་བསུབ་ཏུ་མེད་པའི་སྣང་ཚུལ་འདིས། འཇིགས་དངངས་ཡིད་དོགས་ཀྱིས་ཀུན་རྟོག་ཐོལ་བྱུང་དུ་བརྡོལ་བའི་ཟེག་མ་ཕྱོགས་སུ་འཐོར་བའང་ལྷན་སྐྱེས་སུ་སྣང་ཞིང༌། མགོན་པོ་ཐུགས་རྗེ་གཏེར་ཆེན་གང་ཉིད་ཐུན་མོང་གདུལ་བྱའི་སྣང་ངོར་སྐུའི་དགུང་སྐེག་སྔོན་བསུས་སུ་ཕེབས་པའི་དུས་འདིར། སྐྱེ་རྒུའི་བདེ་སྐྱིད་ཀྱི་པད་ཚལ་སྤྱི་མཐུན་བསོད་ནམས་ཀྱི་ར་བ་བཙན་པོས་ཡོངས་སུ་མ་འཆུན་ཚེ་བར་ཆད་ལག་ལྡན་འགྲོས་ཀྱིས་འཚེ་བར་དོགས་པའི་དུས་སྐབས་གཉན་འཕྲང་ཅན་འདིར། བོད་མི་ཡོངས་ཀྱི་བསྒྲུབ་བྱའི་སྙིང་པོ་ནི་གཞན་སྐྱོན་འཚོལ་བའི་མཛུབ་མོ་ཕྱིར་སྟོན་གྱི་བྱ་གཞག་ལ་མ་གཡེངས་པར་བདག་ཉིད་བདག་གི་མགོན་དུ་ཆེ་བའི་ཚུལ་གྱིས་རང་རང་གི་སྐབས་བབས་བླང་དོར་གྱི་ཞུ་སྒོ་མཐའ་དག་ྋརྒྱལ་དབང་ཕྱག་ན་པདྨོའི་བཀའ་དགོངས་ལས་མི་འགོངས་པ་ཞིག་དགོས་རྒྱུ་གནད་དུ་ཆེ་ཞིང༌། ལྷག་པར་རྣམ་འདྲེན་མཆོག་གི་ཐུགས་ཀྱི་བཞེད་དགོངས་སྙིང་པོ་བསིལ་ལྗོངས་ཁ་བའི་ལྗོངས་ཀྱི་སྐྱེ་འགྲོ་རྣམས་གནས་སྐབས་དང་མཐར་ཐུག་གི་གྲོལ་བ་ལ་བཀོད་པ་དང༌། བོད་མིའི་ཆབ་སྲིད་བྱམས་བརྩེའི་སྙིང་པོ་ཅན་གྱི་འཚེ་མེད་ཞི་བའི་ལྟ་སྤྱོད་སྲོག་རྩར་བཟུང་བའི་མང་གཙོའི་ལམ་བཟང་ཡང་དག་པའི་ནང་མདུན་ནས་མདུན་དུ་བསྐྱོད་རྒྱུ་འབའ་ཞིག་དེ་ཡིན་མོད། མང་གཙོའི་གཞི་རྩ་མང་ཚོགས་ཀྱི་ཤེས་ཡོན་ཚད་དུ་མ་ལོངས་པའི་དབང་གིས་འདྲ་མཉམ་དྲང་བདེན་དང༌། ཁྲིམས་ཀྱི་ལམ་སྲོལ་ལ་བསྐྱོད་པའི་ཤེས་ནུས་འདུན་པ་གསུམ་དམན་མ་ཟད། འདོད་སྡང་རྨོངས་པའི་གཞན་དབང་དུ་འཕྱན་པའི་སྐྱེ་འགྲོ་མི་ཉུང་བ་ཞིག་ནོར་དང་གོ་གནས་གཏམ་ཙམ་ལ་སྲེད་པས་རང་འདོད་མུ་ཅོར་བླ་ཐབས་སུ་གསངས་མཐོར་སྒྲོགས་བཞིན་རྒྱུ་མཚན་ཉན་པའི་རྣ་བ་མཛུབ་མོས་བཀག་ཅིང༌། ལེགས་ཉེས་འབྱེད་པའི་རྣམ་དཔྱོད་འཕོངས་འོག་ཏུ་མནན་ཏེ། བདེན་དོན་བྲལ་བའི་གཏམ་གྱིས་མི་ཚོགས་རྣམས་རྨོངས་སུ་འཇུག་པ་ལ་བརྩོན་བཞིན་པ་དང༌། མང་པོས་བཀྲབས་པའི་འཐུས་མི་དང༌། ལས་ཀྱི་སྣེ་མོར་གཏོགས་པ་མང་དག་ཀྱང་མང་གཙོའི་རྒྱལ་ཐབས་གསེར་གྱི་འཁོར་ལོ་མངོན་པར་བསྒྱུར་བའི་ལྷག་བསམ་གྱི་དཔུང་པ་མི་བརྟན་པར་རང་དོན་ཁྲོན་པའི་ཆུ་ཐིགས་གྱེན་དུ་དྲངས་པའི་ངན་བྱུས་ཟོ་ཆུན་འདྲེན་པས་དུབ་པ་ཙམ་དུ་བས་པའི་དུས་སྐབས་འདིར། བདག་དང་བདག་འདྲའི་སྐྱེ་བོ་རེ་ཟུང་བསེ་རུའི་བརྟུལ་ཞུགས་འཛིན་པའི་གནས་སྐབས་འདིར་བརྗོད་པར་བྱ་བ་མི་ཉུང་བ་ཞིག་མཆིས་ནའང༌། ཨ་བུ་ཧྲལ་པོས། གཏམ་རྣམས་བྲག་ཅ་ལྟ་བུར་རྒྱས་བས་གསུངས།། ད་ནི་བྲག་ཅ་ལས་ཀྱང་ཡང་ཅ་སྟེ།། ཞེས་པའི་དགོངས་དོན་མངོན་དུ་གྱུར་པའི་དུས་སྐབས་འདིར་རེ་ཞིག་སྨྲ་བ་ཉུང་ན་དངོས་སྡིག་ཆུང་བར་སེམས་ཏེ། དབྱངས་ཀྱི་ཡན་ལག་དོན་མེད་དུ་བསྐྱོད་པའི་ངལ་བ་མ་བསྟེན་པར་མཆོག་གསུམ་ཐུགས་རྗེ་བསྐུལ་བའི་སྨོན་ཚིག་ཙམ་གྱིས་དེ་རིང་གི་ཉིན་མོའི་རང་གི་ལས་སྐལ་མ་ཆད་ཙམ་གྱི་ཆོག་ཤེས་པ་ལ་བློ་གྲོས་གཞོལ་བ་ལགས།། །། ༡༩༩༤ ཕྱི་ཟླ་ ༧ ཚེས་ ༦ ཉིན།