གསུམ་བཅུའི་དུས་དྲན་ཉིན་གནང་བའི་གསུང་བཤད།

༄༅། །ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ཆོལ་གསུམ་བོད་མི་མང་ཚོགས་ཀྱིས་མ་བགྲོས་བསམ་པ་གཅིག་མཐུན་དང༌། མ་བསྐུལ་དང་བླངས་རང་འགུལ་གྱི་སྒོ་ནས་རྒྱ་དམར་གྱི་ཁྲིམས་འགལ་བཙན་གནོན་ལ་ངོ་རྒོལ་གྱེན་ལངས་བྱས་ཏེ་མི་ལོ་སུམ་ཅུ་སོ་བདུན་འཁོར་བའི་དུས་དྲན་གྱི་ཉིན་མོ་འདིར།ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་རྒྱལ་ཁབ་དང་བསྟན་སྲིད་མང་ཚོགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ས་ཡ་བརྒལ་བ་དེ་དག་ལ་བཀའ་དྲིན་རྗེས་དྲན་དང་གདུང་བའི་སྨོན་འདུན་ཞུ་རྒྱུ་ཡིན། དེ་མཚུངས་ད་ལྟ་རྒྱ་དམར་གྱི་བཙན་དབང་འོག་མི་སྤྱོད་ལས་འདས་པའི་མནར་གཅོད་དང་འཇིགས་དངངས་དོགས་ཟོན་གྱི་མི་ཚེ་སྐྱེལ་བཞིན་པའི་གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་འཚམས་འདྲི་དང་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།

འདས་པའི་ལོ་ངོ་སུམ་ཅུ་སོ་བདུན་རིང་བཙན་བྱོལ་དུ་གནས་པའི་བོད་མི་རྣམས་ཀྱིས་སྤྱི་ནོར་ྋགོང་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་ཆོལ་སུམ་རྡོག་རྩ་གཅིག་སྒྲིལ་གྱི་སྒོ་ནས་བཙན་བྱོལ་བོད་མི་རྣམས་ལ་འཚོ་ཐབས་གཞིས་ཆགས་གཏན་ལྷིང་བྱེད་རྒྱུ་དང་གཅིག བོད་ཀྱི་ཆོས་དང་རིག་གཞུང༌། ཡུལ་གོམས་གཤིས་ལུགས་སྐད་ཡིག་ལེགས་བྱང་དང་བཅས་པ་མི་ཉམས་རྒྱུན་འཛིན་ཉམས་པ་སོར་ཆུད་བྱ་རྒྱུ་དང་གཉིས། མ་འོངས་བོད་ཀྱི་སོན་རྩ་བོད་མི་གཞོན་སྐྱེས་རྣམས་ལ་རང་གི་སྐད་ཡིག་རིག་གཞུང་དང་དེང་རབས་ཀྱི་ཤེས་ཡོན་གཉིས་འཛོམས་ཀྱི་ཚད་ལྡན་སློབ་སྦྱོང་སྤྲོད་རྒྱུ་དང་གསུམ། རྒྱལ་སྤྱིའི་ནང་བོད་མིའི་རྩ་དོན་ཐོག་བདེན་རྒྱབ་འཚོལ་བའི་དྲིལ་བསྒྲགས་འབྲེལ་གཏུགས་བྱ་རྒྱུ་དང་བཞི། བོད་ཀྱི་རང་དབང་བསྐྱར་གསོ་དང་མ་འོངས་བོད་ཀྱི་འཛུགས་སྐྲུན་དང་འཛིན་སྐྱོང་བཅས་ལ་མེད་དུ་མི་རུང་བའི་ཐབས་ལམ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཡང་དག་པའི་མང་གཙོའི་རིང་ལུགས་སུ་བསྒྱུར་རྒྱུ་དང་ལྔ་པོ་དེ་བཙན་བྱོལ་བོད་མི་སེར་སྐྱ་རྒན་གཞོན་ཡོངས་ཀྱི་སྐབས་བབས་ཀྱི་འགན་ཁུར་ཆེས་ཤོས་སུ་བརྩིས་ཏེ་རང་ནུས་གང་ལྕོགས་ཀྱིས་འབད་འབུངས་བྱས་པའི་གྲུབ་འབྲས་ཇི་བྱུང་ད་ཆ་ཉི་ཤར་སྦར་མོས་མི་ཁེབས་པའི་ངང་ཚུལ་འཇིག་རྟེན་ཡོངས་ལ་མངོན་སུམ་གཟུགས་གྲུབ་ཏུ་བྱུང་ཟིན་པ་འདི་ནི། གཅིག་ཏུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་ཐུགས་རྗེ་འཕྲིན་ལས་ཀྱི་ནུས་མཐུ་དང༌། གཉིས་སུ་བོད་མི་ཚང་མས་སྙིང་སྟོབས་དང་ལྷག་བསམ་ཞུམ་པ་མེད་པའི་འབད་རྩོལ། གསུམ་དུ་གནས་ཡུལ་རྒྱ་གར་གྱིས་མཚོན་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་མང་ཚོགས་ཀྱི་རྒྱབ་སྐྱོར་དང་མཐུན་འགྱུར་ལ་བརྟེན་ནས་བྱུང་བ་ཡིན་སྟབས། ད་རེས་ཀྱི་གོ་སྐབས་འདི་བཟུང་སྟེ་ངས་སྤྱིར་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོར་ད་བར་གྱི་སྐྱེ་འགྲོ་རྣམས་ཐུགས་རྗེས་མི་འདོར་བར་གཉན་འཕྲང་ཅན་གྱི་དུས་རབས་འདིར་བླ་ན་མེད་པའི་དབུ་ཁྲིད་བྱམས་སྐྱོང་གནང་བའི་མཛད་འཕྲིན་སྤྱི་དང༌། ལྷག་པར་དགུང་གྲངས་དྲུག་ཅུ་བཞེས་པའི་སྐུའི་དགུང་སྐེག་སྔ་བར་ཕྱི་གསུམ་ལ་ཚུལ་བསྟན་འགལ་རྐྱེན་གྱི་རིགས་མི་བཞེས་པར་འཕྲིན་ལས་ཀྱི་རོལ་པ་གོང་མཐོར་སྐྱོང་བའི་བཀྲིན་བསྐྱངས་གནང་མཛད་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། འབྱུང་འགྱུར་ཡང་མཁའ་ཁྱབ་བསྟན་འགྲོའི་མགོན་དུ་ཞབས་ཟུང་སྲིད་མཐར་བརྟན་ཅིང༌། ཁ་བ་རི་པའི་སྐྱེ་འགྲོ་རྣམས་ལ་ཐུགས་རྗེའི་གཟིགས་པས་ནམ་ཡང་མི་གཏོང་བར་ཆོས་སྲིད་ཀྱི་མཛད་འཕྲིན་འགན་བཞེས་སྔར་བཞིན་སྐྱོང་བའི་གསོལ་འདེབས་ནན་ཏན་དུ་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་རྒྱ་གར་གཞུང་མང་གིས་གཙོས་པའི་རྒྱལ་སྤྱིའི་མང་ཚོགས་ཡོངས་ལ་བོད་མིར་མཐུན་འགྱུར་རོགས་རམ་དང༌། གདུང་སེམས་མཉམ་བསྐྱེད་གནང་བར་བྱས་པ་དྲིན་དུ་ཚོར་བའི་སྒོ་ནས་ཐུགས་རྗེ་དང་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ད་ལམ་གྱི་གསུམ་དུས་གསུང་འཕྲིན་དུ་ཇི་ལྟར་བཀའ་བསྩལ་བ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་རླབས་ཉིན་བཞིན་ཇེ་འཁྲུག་ཏུ་འགྲོ་བཞིན་པ་མ་ཟད། ལྷག་པར་རྒྱ་དམར་སྲིད་གཞུང་གི་གདུག་རྩུབ་ཀྱི་བྱ་སྤྱོད་ཉིན་བཞིན་བདོ་སྟེ་རྒྱལ་སྤྱིའི་གནས་བབས་དང༌། ལྷག་པར་བོད་ནང་གི་གནས་ཚུལ་ཆེས་ཛ་དྲག་ཅན་དུ་གྱུར་ཡོད་པའི་ཐོག་འབྱུང་འགྱུར་ཆབ་སྲིད་ཀྱི་འགྱུར་བ་ཇི་ཡོང་ཚོད་མ་ཐིག་པའི་ཛ་དྲག་གཉན་འཕྲང་ཅན་གྱི་དུས་ཚོད་འདིར་གཞིས་བྱེས་བོད་མི་ཚང་མས་སྔར་ལས་ལྷག་པའི་འབད་བརྩོན་བསྐྱེད་དགོས་པའི་འབོད་བསྐུལ་ཞུ་རྒྱུ་དང༌། དེ་བཞིན་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་གཞུང་མང་ཡོངས་ལ་བོད་ཀྱི་སྣོད་བཅུད་མི་རིགས་དང་བཅས་པ་རྩ་མེད་དུ་འགྲོ་ལ་ཉེ་བས་ངང་སྒུག་བྱ་ལོང་མེད་པའི་དུས་ཚོད་འདིར་ཛ་དྲག་གི་མཐུན་འགྱུར་དང་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བའི་རེ་བསྐུལ་ཡང་ཞུ་རྒྱུ་ཡིན། སྐབས་བཅིུག་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ལོ་ལྔའི་ལས་དུས་ཚང་ལ་ཉེ་བའི་སྐབས་འདིར་གཞིས་བྱེས་བོད་མི་ཡོངས་ལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་གལ་ཆེའི་ནང་མཐུན་འགྱུར་དང་ཆ་ཤས་བཞེས་གནང་མཛད་པར་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་མ་ཟད། ང་ཚོའི་ལས་རྒྱུན་རིང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབས་ཞུ་རྒྱུས་མཚོན་བོད་མིའི་ཆབ་སྲིད་ཚད་ལྡན་ཁྲིམས་ཀྱིས་དབང་བསྒྱུར་ཅན་ཞིག་ཏུ་བསྒྱུར་རྒྱུའི་ལས་འགུལ་གྱི་ནང་གྲུབ་འབྲས་ཐོན་པ་ཇི་བྱུང་ྋགོང་ས་མཆོག་གི་ལམ་སྟོན་དང༌། བོད་མི་མང་ཚོགས་ཀྱི་རྒྱབ་སྐྱོར་གཉིས་ཁོ་ན་ལ་བརྟེན་པ་ཞིག་ཡིན་སྟབས། ཚང་མར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང༌། བོད་མི་མང་ཚོགས་ཀྱི་མངོན་འདོད་རེ་འདུན་དང་མཐུན་པའི་ལས་དོན་བསྒྲུབ་མ་ཐུབ་པ་ཇི་བྱུང་ལ་རྒྱ་ཆེའི་མང་ཚོགས་ཀྱི་མདུན་དུ་དགོངས་སེལ་བཟོད་གསོལ་ཞུ་རྒྱུ་ཡིན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ད་ལན་དམིགས་བསལ་གྱིས་བཀའ་སློབ་ཇི་བསྩལ་གཞི་བཟུང་སྐབས་བཅུ་གཉིས་པའི་སྤྱི་འཐུས་འོས་འདེམས་ཀྱི་ལས་རིམ་ནང་བཙན་བྱོལ་བོད་མིའི་འོས་འཕེན་གྱི་ལོ་ན་སོན་པ་ཡོངས་རྫོགས་ནས་སྣང་མེད་དང་སླ་ཆོས་སུ་མ་སོང་བར་ཐུགས་སྣང་ཆེན་པོས་ཆ་ཤས་བླངས་ཏེ་སྤྱི་མི་འོས་ངེས་ཤེས་པའི་སྤྱི་འཐུས་ཚད་ལྡན་ཤ་སྟག་འདེམས་ཐོན་ཡོང་ཐབས་གནང་རྒྱུར་ཐུགས་གཟབ་ཆེན་པོས་གཞན་གྱི་གཡམ་རྒྱུག་ཏུ་མ་སོང་བར་རང་དབང་རྣམ་དཔྱོད་ཀྱིས་བརྟག་དཔྱད་ཞིབ་མོས་གདམ་ཁ་མ་ནོར་བར་དགོས་རྒྱུའི་འབོད་བསྐུལ་ནན་ཏན་ཆེན་པོས་ཞུ་རྒྱུ་ཡིན། དེ་དང་ཕྱོགས་མཚུངས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་འདས་པའི་ལོ་སྔ་མ་གཉིས་ཀྱི་གསུམ་དུས་གསུང་འཕྲིན་དུ་ཇི་ལྟར་བསྩལ་བ་བཞིན་མ་འོངས་བོད་མིའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཐག་གཅོད་སླད་མང་མོས་ཐག་གཅོད་འོས་བསྡུའི་སྔོན་འགྲོའི་ལས་རིམ་འགོ་འཛུགས་ཟིན་པ་དེ་དག་ཚད་ལྡན་ལེགས་གྲུབ་ཡོང་ཆེད་བོད་མི་སྤྱི་བོ་གནམ་བསྟན་ཚང་མས་རྣམ་དཔྱོད་དང་ནུས་པ་ཡོད་རྒུ་རྩལ་སྤྲུགས་ཀྱིས་དམ་དོན་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན། ལྷག་པར་དེང་སྐབས་བོད་མི་ཡོངས་ལ་སེམས་འཚབ་བཟོད་མེད་ཡོང་གཞི་གཅིག་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ལུགས་མཐུན་ངོས་འཛིན་མཛད་པའི་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པའི་སྐུའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་ཉེས་མེད་བོད་མི་མང་པོ་རྒྱ་དམར་གྱི་བཙན་གནོན་དོ་དམ་འོག་ཚུད་པའི་གནས་ཚུལ་འདི་ཡིན་སྟབས། རྒྱལ་སྤྱིའི་ནང་བཙན་བྱོལ་གཞུང་མང་ཚང་མས་བདེན་རྒྱབ་འབོད་སྐུལ་གྱི་ལས་འགུལ་བརྩམས་དང་རྩོམ་བཞིན་པ་ལྟར། གཞིས་བྱེས་བོད་མི་ཚང་མས་གསོལ་འདེབས་སྨོན་ལམ་དང་སྐབས་བབས་གང་ལ་ཇི་འོས་ཀྱི་ལས་འགུལ་ཤུགས་བསྐྱེད་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན།།  ༡༩༩༦ ཕྱི་ཟླ་ ༣ ཚེས་ ༡༠ ཉིན།