༈ ཆེད་བརྗོད།

༄༅།། ཇི་སྐད་དུ། རིགས་མཐུན་མི་ཡི་འགྲོ་བའི་སེམས་ཀྱི་འོད།། ཕན་ཚུན་འཕྲོ་བའི་རྒྱུན་ལམ་ཉག་གཅིག་དེ།། ལུས་ངག་རྣམ་རིག་སྲད་བུ་ཟུང་འབྲེལ་བའི།། ཐ་སྙད་གློག་གི་སྐུད་པ་འདིར་མཐོང་ནས།། ཞེས་གསུངས་པ་ལྟར། རང་ཅག་མིའི་འགྲོ་བར་ཕྱུགས་ལས་བྱེ་བྲག་འབྱེད་ཆོས་ཐུན་མིན་ཞིག་ཡོད་པ་ནི་ངག་གི་སྨྲ་བརྗོད་དེ་ཡིན་ལ། ལུས་ངག་གི་རྣམ་རིག་ཁྱད་པར་བ་ལས་གྲུབ་པའི་སྨྲ་བརྗོད་ངག་གི་རང་བཞིན་ནི་རང་རང་གི་བློའི་རྣམ་རྟོག་གི་འགྱེར་བག་རྣམས་ཞིབ་གསལ་གཞན་ལ་བརྡ་སྤྲོད་ནུས་པའི་ཐ་སྙད་ཀྱི་བརྒྱུད་ལམ་ངོ་མཚར་ཅན། མིའི་སྤྱི་ཚོགས་ཀྱི་འཚོ་བ་ཁྱད་འཕགས་ཤིག་བསྐྲུན་པའི་ཐབས་ལམ་ཉག་གཅིག་པུ་དེ་ཡིན་པ་དང༌། དེ་ཡང་ངག་གི་རྣམ་རིག་ནི་ལུས་ཀྱི་རྣམ་རིག་ལས་ཆེས་རྨད་དུ་བྱུང་བའི་སྒྱུ་རྩལ་གྱི་ཁྱད་ཆོས་རྣམ་མང་ཞིག་ལྡན་པའི་དབང་གིས་ནང་གི་རྣམ་རྟོག་དང་ཚོར་སྣང་ཡིད་འགྱུར་གྱི་རྣམ་གྲངས་མཐའ་ལས་འདས་པ་ཞིག་མངོན་པར་གསལ་བར་བྱེད་པ་ལ་ཡུལ་དུས་གནས་སྐབས་དང༌། སྨྲ་བ་པོའི་མངོན་འདོད། ཉན་པ་པོའི་ཁམས་དབང་སོགས་དང་བསྟུན་ཏེ། རང་བཞིན་བརྗོད་པ་དང༌། འཁྱོག་བརྗོད་ཀྱི་ལམ་ཅི་རིགས་ལ་བསྟེན་ནས་བརྗོད་བྱའི་དོན་དང་བསྟན་བྱའི་དངོས་པོ་གང་ཞིག་དངོས་དང་ཤུགས། སྐབས་ཐོབ་དང་ཟུར་འཕེན་སོགས་རྣམ་པ་སྣ་ཚོགས་པའི་སྒོ་ནས་ཉན་པ་པོའི་ཡིད་དབང་འཕྲོག་པའི་རྒྱན་དང་ཉམས་འགྱུར་གྱིས་ཕྱུག་པའི་ངག་གི་སྒྱུ་རྩལ་གྱི་ལམ་ནས་བསྟན་པའི་ཐབས་ལམ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་ལ་རྩོམ་རིག་ཅེས་གྲགས་ཤིང༌། ཡུལ་ལུང་སོ་སོའི་སྐད་ཀྱི་རང་བཞིན་མི་འདྲ་བ་ཇི་སྙེད་ཅིག་མཆིས་པ་དེ་སྙེད་དུ་རྩོམ་རིག་སྒྱུ་རྩལ་གྱི་རྣམ་གྲངས་བརྗོད་ཀྱིས་མི་ལང་བ་ཞིག་མིའི་སྐྱེ་རྒུའི་དཔལ་ཡོན་དུ་གནས་བཞིན་པ་ལྟར། གངས་ལྗོངས་བོད་ཀྱི་ཡུལ་དུའང་ཡི་གེ་དང་བརྡ་སྤྲོད་ཀྱི་སྒྲ་རིག་དར་བ་ནས་བཟུང་རང་བྱུང་དང་འཕེལ་རྒྱས། ཤན་ཤུགས་དང་གསར་གཏོད་ཀྱི་རྣམ་པ་ཅི་རིགས་པའི་ལམ་ནས་རྩོམ་རིག་གི་འཕེལ་འགྲོས་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་ཕྲེང་བ་ཚར་དུ་དངར་བ་ཞིག་བྱུང་བ་དེ་དག་སྐབས་དུས་སོ་སོའི་མང་ཚོགས་ཀྱི་འཚོ་བ་དང་ལྷན་སྐྱེས་སུ་བྱུང་སྟེ། འདོད་པ་དང་ཐར་པའི་ཕུན་ཚོགས་གཉིས་ཀའི་རྒྱུར་གཙིགས་སུ་འཛིན་པའི་རིག་གནས་ཤིག་ཏུ་གྱུར་ནས། ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག། ཚོགས་ཀྱི་ནང་ན་མཁས་པ་མགུ་བར་བྱེད།། ཅེས་གསུངས་པ་ལྟར། ཡ་རབས་བཟང་སྤྱོད་ལ་དགའ་བའི་སྐྱེ་བོ་རྣམས་ལ་རྩོམ་རིག་གི་སྐྱེས་ནི་སྐྱེས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དང༌། རྣམ་དཔྱོད་ཅན་གྱི་དྲན་དབང་ཚོགས་པའི་དབུས་སུའང་མཁས་པ་མགུ་བར་བྱེད་པའི་དགའ་སྟོན་གྱི་རྒྱུ་ནི་རྩོམ་རིག་གི་ལེགས་བཤད་ལས་ལྷག་པ་མེད་པར་གསུངས་པ་དོན་ལ་གནས་ཤིང༌། ལྷག་པར་དུའང་ངོ་མཚར་བའི་བྱུང་བ་དང༌། རྨད་དུ་བྱུང་བའི་སྐྱེས་བུའི་རྣམ་དཔྱོད་ཀྱི་འཆར་སྒོ་རྣམས་ནི་འདུས་བྱས་སོ་ན་མི་གནས་པའི་རང་བཞིན་གྱིས་གློག་བརྙན་གྱི་ཡོལ་བར་འཆར་བའི་གཟུགས་བརྙན་བཞིན་སྐད་ཅིག་རེ་རེ་བཞིན་བྱུང་ཞིང་ཡལ་བའི་གནས་ཚུལ་རྣམས་མི་རབས་རྗེས་མ་རྣམས་ཀྱི་དགའ་སྟོན་གྱི་གསོས་སུ་འཇོག་པའི་ཐབས་ལམ་གྱི་གཏེར་སྒྲོམ་ནི་ངག་རིག་ཁོ་ན་ཡིན་པས། སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས།། ངག་གི་རང་བཞིན་མེ་ལོང་ཐོབ།། དེ་དག་ཉེ་བར་མི་གནས་ཀྱང༌།། རང་ཉིད་ཉམས་པ་མེད་པ་ལྟོས།། ཞེས་གསུངས་པ་ལྟར། སྙན་ངག་མཁན་གྱི་རྩོམ་རིག་གི་མེ་ལོང་དུ་འཕོས་པའི་སྔོན་བྱུང་ཡོན་ཏན་གྱི་གཟུགས་བརྙན་དེ་དག་དང་ཆབས་ཅིག་རྩོམ་པ་པོའི་རྣམ་དཔྱོད་ཀྱི་འོད་སྣང་ཡང་འབྲལ་མེད་དུ་རྗེས་སུ་འབྲངས་ཏེ་བརྗོད་བྱ་དང་བརྗོད་པ་པོ་གཉིས་ཀའི་དཔལ་ཡོན་རྗོད་བྱེད་གཅིག་གིས་དུས་ཡུན་རིང་པོའི་བར་གནས་ཤིང༌། མི་རབས་ནས་མི་རབས་བརྒྱུད་དེ་ཉམས་སུ་མྱོང་ཐུབ་པར་བྱེད་གཤིས། རྩོམ་རིག་ནི་མིའི་སྤྱི་ཚོགས་ཀྱི་རྟག་བརྟན་འགྱུར་མེད་ཀྱི་ཁྱད་ནོར། སྲིད་དོན་དང་ལྟ་གྲུབ། སྤྱི་ཚོགས་ཀྱི་ལམ་སྲོལ་སོགས་ལ་གཞི་རྩའི་འགྱུར་རླབས་ཇི་འདྲ་ཞིག་ཕྱིན་རུང་འདོར་དུ་མི་རུང་བར་ཚོར་སྣང་དངོས་གསལ་ཡོད་མིན་ལ་མ་ལྟོས་པར་རང་བཞིན་མུ་མཐུད་རྒྱུན་གནས་སུ་འགྲོ་བའི་རང་གཤིས་ལྡན་པ་ཞིག་ཡིན་པ་རང་རེས་དངོས་བྱུང་ཉམས་མྱོང་གི་ཐོག་ནས་རྟོགས་ཐུབ།

གངས་ཅན་གྱི་ལྗོངས་སུ་ནི་སྒྲ་རིག་དར་རྒྱས་བྱུང་ནས་ད་བར་གྱི་ལོ་རྒྱུས་ཀྱི་དུས་ཡུན་ཁྱིམ་མཚེས་རྒྱལ་ཁབ་གཞན་ལ་ལྟོས་ཏེ་ཆེས་ཐུང་ངུའི་ནང་བགྲོད་དཀའི་ས་ཐག་གིས་ཆོད་པའི་ཁ་ཐོར་ཡུལ་ལུང་ཆུང་ངུ་མང་པོར་གནས་པའི་མི་འབོར་ཧ་ཅང་ཉུང་ངུ་དེས་རྩོམ་རིག་ངག་གི་སྒྱུ་རྩལ་གྱི་ཐོག་ནས་རྣམ་གྲངས་དང་སྤུས་ཀ་གཉིས་ཐད་ནས་འཇིག་རྟེན་ཡངས་པའི་ཁྱོན་འདིར་རྒྱལ་ཁབ་གཞན་གྱིས་ནམ་ཡང་དོ་ཟླར་མི་ནུས་པ་ཞིག་རང་ཅག་གི་ཡབ་མེས་རྣམས་ཀྱིས་བསྐྲུན་པར་མཛད་པ་དེ་ད་ལྟའི་མི་རབས་ཀྱི་དགའ་སྤོབས་འོས་པའི་ཕ་ཟོག་འགྲན་མེད་ཅིག་ཡིན་པ་མ་ཟད། ཐུན་མིན་མི་རིགས་ཀྱི་ལོ་རྒྱུས་དང་ངོས་འཛིན་གསལ་བར་མཚོན་ཞིང༌། རིག་གཞུང་དང་ལེགས་བྱང་གི་ཕྱུག་ཚད་མངོན་སུམ་དུ་སྟོན་པའི་དན་རྟགས་ཟུབ་ཏུ་མེད་པ་ཞིག་ཡིན་པ་དེ་དག་རྒྱ་དམར་གྱིས་བོད་ཡུལ་བཙན་བཟུང་བྱས་པ་ནས་བཟུང་བཙན་གནོན་གྱི་ལས་རིམ་སྤྱི་དང༌། ཁྱད་པར་རིག་གནས་གསར་བརྗེ་ཞེས་པའི་སྨྱོ་སྤྱོད་ཀྱི་སྐབས་བཅས་སུ་བོད་ཀྱི་རིག་གནས་ཡོངས་རྫོགས་རྩ་མེད་དུ་གཏོང་རྒྱུའི་སྲིད་བྱུས་ངེས་ཅན་གྱི་འོག་བོད་རིགས་རྒན་བྱིས་ཡོངས་ལ་མནར་གཅོད་བསམ་བརྗོད་ལས་འདས་པ་ཞིག་བྱུང་བ་དེ་དག་གི་སྐབས་སུའང་རྡུལ་རྫས་ལས་གྲུབ་པའི་རགས་གཟུགས་ཀྱི་ངོ་བོར་གནས་པའི་གསུང་རབ་གླེགས་བམ་སོགས་ཐལ་རྡུལ་དུ་བརླགས་ནའང༌། བོད་མིའི་སེམས་རྒྱུད་ལ་གནས་པའི་ཉམས་འགྱུར་གྱི་རིག་བྱེད་གདོས་བཅས་ཀྱི་ཕུང་པོ་དོར་ཡང་གཞིགས་སུ་མེད་པའི་ཤེས་ཡོན། རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག། ཅེས་གསུངས་པ་ལྟར་བཙན་ཤུགས་ཀྱིས་འཕྲོག་པར་མ་ནུས་པ་དེ་དག་ད་གཟོད་མིང་ཙམ་གྱི་གུ་ཡངས་བྱུང་སྐབས་སུ་སླར་ཡང་ངག་རིག་གི་རང་བཞིན་དུ་རྣམ་པར་གསལ་བའི་བྱུང་བ་འདི་དག་ནི་རྗེས་སུ་དྲན་པ་ཙམ་གྱིས་སྙིང་ལ་གཡོ་འགུལ་ཤུགས་ཆེ་ཐེབས་དགོས་པའི་རྨད་བྱུང་གི་ལོ་རྒྱུས་ཡིན་ཞིང༌། བོད་ཀྱི་ཐུན་མིན་ངག་བཟོ་སྤྱི་དང༌། ཁྱད་པར་རྩོམ་རིག་གི་སྒྱུ་རྩལ་རང་དབང་ཅན་གྱི་ཡུལ་གྲུར་བཙན་བྱོལ་དུ་འབྱོར་བའི་བོད་མི་ཚོས་ཀྱང་སྲུང་སྐྱོབ་དང་འཕེལ་སྐྱེད་ཇི་བཞིན་མ་ཐུབ་པ་དེ་དག་བཙན་འོག་ཏུ་ཡོད་པའི་བོད་མི་རྣམས་ཀྱིས་དུས་ཡུན་ཐུང་ངུའི་ནང་རྩོམ་རིག་ཕྱི་དར་གྱི་དུས་རབས་གསར་པ་ཞིག་བསྐྲུན་ཐུབ་པ་ནི་བསམ་བརྗོད་ལས་འདས་པའི་ངོ་མཚར་རྨད་བྱུང་གི་བྱ་བ་ཞིག་ཡིན་པ་འདིའི་བསྔགས་འོས་ཇི་བཞིན་བསྔགས་པའི་བརྗོད་ཚིག་ནུས་ལྡན་ཞིག་ཁོ་བོའི་བློ་ཆུང་གི་རྭ་བའི་ནང་མ་རྙེད་པས། ཕྱི་རབས་ཀྱི་དྲན་དབང་རྣམས་ཀྱི་སྐུ་སྐལ་དུ་བཞག་ཅིང༌། སྐབས་དོན་མཁས་དབང་འགྱུར་མེད་ཀྱིས་བསྒྲིགས་ཤིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་༡༩༩༡ ལོར་པར་དུ་བསྐྲུན་པའི་བོད་ཀྱི་དེང་རབས་རྩོམ་རིག་དཔེ་ཚོགས་སྤྲིན་གྱི་སྒྲ་དབྱངས་ཞེས་པ་རྩོམ་པ་པོ་ཞེ་དྲུག་གི་སྙན་རྩོམ་བཅུ་ཕྲག་དགུ་ལྷན་ཕྱོགས་བསྡུས་ཀྱིས་པར་སྐྲུན་གནང་འདུག་པ་འདི་ནི་འགྲན་ཟླ་མེད་པའི་ལེགས་བཤད་ཀྱི་གཏེར་མཛོད་ཆེན་པོ་ཞིག་ཏུ་བཞུགས་པ་འདི་བཙན་བྱོལ་བོད་མི་རྣམས་དང༌། བོད་ཀྱི་སྐད་ཡིག་དང་རྩོམ་རིག་ལ་དོ་སྣང་དོན་གཉེར་ཡོད་པའི་མི་རིགས་གཞན་གྱི་ཀློག་པ་པོ་རྣམས་ཀྱི་ཆེད་དུ་ཁུལ་འདིར་སླར་ཡང་པར་འགྲེམས་གནང་བ་ནི་བསྟན་སྲིད་རིག་གཞུང་དང་བཅས་པར་ཆེས་སྨན་རླབས་ཆེ་བའི་བྱ་བ་ཧ་ཅང་བཟང་པོ་ཞིག་བྱུང་འདུག་པར་རྩོམ་རིག་སྤྱི་དང༌། ཁྱད་པར་བོད་ཀྱི་རྩོམ་རིག་ལ་དགའ་མོས་དམན་མིན་ཡོད་པའི་དགེ་སྦྱོང་རྒད་པོས་ཡི་རངས་དང༌། བསྔགས་བརྗོད། ལེགས་སོའི་ཚིག་སྐམ་གྱི་མེ་ཏོག་གང་འབྱོར་ཞིག་འཐོར་བ་དང་ཆབས་ཅིག ད་དུང་བརྗོད་པར་བྱ་བ་འདི་དག་མཆིས་ཏེ། རྩོམ་ཡིག་ཕྱོགས་བསྡུས་འདིར་བཀོད་པའི་དུམ་བུའི་སྙན་ངག་དགུ་བཅུ་བརྒལ་བ་དེ་དག་གི་རྩོམ་པ་པོ་མང་ཆེ་བ་ནི་གསར་སྐྱེས་ན་གཞོན་གྱི་སྙན་ངག་མཁན་ཡིན་འདུག་པ་དང༌། རྒྱ་དམར་གྱི་བཙན་དབང་དྲག་གནོན་མི་བཟད་པའི་འོག་ཏུ་སྐྱེས་ཤིང་འཚར་ལོངས་བྱུང་བའི་བོད་རིགས་ན་གཞོན་གྱི་གྲས་སུ་དོ་ཟླ་མེད་པའི་སྙན་ངག་མཁན་དེ་ཙམ་ཐོན་པ་ནི་ཡ་མཚན་དངོས་བྱུང་ཞིག་ཡིན་པ་མ་ཟད། བཙན་བྱོལ་བའི་བོད་རིགས་ན་གཞོན་རྣམས་ལའང་སྐུལ་འདེད་དང་མིག་དཔེ་བཟང་པོ་ཞིག་ཡིན་པ་དང༌། དེ་ལས་ཀྱང་ཡ་མཚན་ཆེ་བ་ཞིག་ནི་རྩོམ་པ་པོ་དེ་དག་རྣམ་པ་ཀུན་ཏུ་དྲག་གནོན་གྱི་འོག་སྲོག་ལ་གཟན་པའི་འཇིགས་ཉེན་ཡོད་བཞིན་དུ་རྩོམ་ཡིག་དེ་དག་ཏུ་ཐོན་པའི་བརྗོད་བྱ་རྣམས་བསམ་ཕོད་པ་དང༌། སྨྲ་ཕོད་པའི་སྙིང་སྟོབས། སྤོབས་པ། བློ་ཐག་ཆོད་སེམས་བཅས་ནི་རྩོམ་རིག་གི་དཔལ་ཡོན་བས་ཀྱང་ལྷག་པར་ངོ་མཚར་ཅན་དུ་བརྩི་འོས་པ་དང༌། བརྩི་དགོས་པ་ཞིག་ཡིན་པ་དེ་རང་ཅག་རྣམས་ཀྱིས་བརྗེད་དུ་མི་རུང་བ་ཞིག་ཡིན།

རྩོམ་རིག་གི་སྒྱུ་རྩལ་ནི་གོང་སྨོས་ལྟར་སྐྱེས་བུའི་རྣམ་རྟོག་གི་སྤྲོས་པ་ལས་བྱུང་བ་ཞིག་ཡིན་སྟབས། རྩོམ་པ་པོའི་སྙིང་ལ་རང་བཞིན་སྐྱེས་སྟོབས་ཀྱིས་གྲུབ་པའི་སྤོབས་པ་དེ་ཉེར་རྒྱུ་གཙོ་བོ་ཡིན་པ་དང༌། དེ་ནི་རང་བྱུང་ལྷན་སྐྱེས་ཀྱི་བག་ཆགས་ལས་བྱུང་ཞིང༌། སྐབས་བབ་སྐད་ཀྱི་རང་བཞིན་དང་ནུས་པ་ལ་བརྟེན་ནས་ངག་གི་རང་བཞིན་དུ་གསལ་དགོས་པ་ཞིག་ཡིན་པས་དངོས་ཟོག་དང༌། འཕྲུལ་འཁོར་བཞིན་དུ་སྲོལ་རྒྱུན་དང༌། དེང་རབས་ཀྱི་དབྱེ་མཚམས་ཆུ་ཚུགས་པའི་རེ་ཁས་གཅོད་མི་ཐུབ་ཅིང༌། སྲོལ་རྒྱུན་གྱིས་ཞར་ཡང་མ་བསླད་པའི་དེང་རབས་རྩོམ་རིག་གི་མཚན་གཞི་གཟུང་དུ་མེད་པ་དང༌། འདིར་བཀོད་པའི་རྩོམ་རིག་རྣམས་ལ་དེང་རབས་ཀྱི་ཐ་སྙད་སྦྱར་བ་ནི་རྩོམ་པའི་དུས་ཀྱི་ཆ་ནས་བཏགས་པ་ཞིག་ཡིན་ངེས་ལས། རྩོམ་ཉམས་དང་རྒྱན་འགྲོས་ཀྱི་དབང་གིས་བཏགས་པ་ཞིག་མིན་པ་ནི་དཔེ་ཚོགས་འདི་ཉིད་བཀླགས་པས་འགྲུབ་ཅིང༌། འདིར་བཀོད་ཀྱི་སྙན་རྩོམ་ཁག་གི་ཚིགས་བཅད་རེ་རེ་བཞིན་རྒྱན་གྱི་མཚན་ཉིད་སྟོན་པའི་གཞུང་དང་སྦྱར་ནས་སྒྲ་དོན་རྒྱན་གྱི་དབྱེ་གསེས་དང༌། ཉམས་འགྱུར་གྱི་ཁྱད་པར་ཇི་ཡིན་འགྲེལ་བརྗོད་མི་ཐུབ་པ་གཅིག་ཀྱང་མི་འདུག དེས་ན་སྲོལ་རྒྱུན་དང༌། དེང་རབས་ཀྱི་སྙན་རྩོམ་ཚ་གྲང་ལྟར་འགལ་བའམ། བར་ཁྱད་འགྱངས་ཐག་མི་གཟུགས་ཤོང་བ་ཞིག་ཡོད་པར་བཞེད་མཁན་ཚོས་དཔེ་ཚོགས་འདི་ལན་གཅིག་གཟིགས་ན་ཚོར་སྣང་གསར་པ་ཞིག་ཅིས་ཀྱང་སྐྱེ་ངེས་སྙམ།

དཔེ་ཚོགས་འདིའི་རྩོམ་པ་པོ་སྙན་ངག་སྨྲ་བའི་མཁས་དབང་ཡོངས་ལ་བཅོས་མིན་ཡི་རངས་ཀྱིས་གུས་བཏུད་དང་བཅས་དྲིན་དུ་ཚོར་ཞིང་དྲིན་གཟོ་བའི་བསམ་པས་ལེགས་སོ་འབུལ་ཞིང༌། འདིས་ཀྱང་ཀློག་པ་པོ་མང་པོའི་སྙིང་ལ་རེག་ཚོར་རླབས་ཆེན་སྟེར་བའི་སྒོ་ནས་རྩོམ་རིག་ལ་སྐུལ་འདེད་དང༌། བསྟན་འགྲོར་སྨན་ཡོན་རླབས་ཆེན་ཡོང་བའི་ཡིད་སྨོན་བཟང་པོས་མཚམས་སྦྱར་ཏེ་སྨྲ་བ་པོ་ནི་དགེ་སྦྱོང་གི་རྟགས་ཙམ་འཛིན་པའི་ཟམ་གདོང་པ་བློ་བཟང་བསྟན་འཛིན་ནོ།། དགེ་བར་གྱུར་ཅིག། །།

ཆེད་བརྗོད་འདི་གནང་དུས་སོགས་མ་གསལ་མོད། ཁོ་བོའི་ཡིག་རྙིང་ཁྲོད་གནས་པར་བརྟེན། ཧ་ཅང་སྔ་མོ་ནས་གནང་བ་ཞིག་ངེས་པར་དུ་ཡིན་འདུག