༈ བསྟན་འཛིན་སྒང་དང་འབུམ་སྡེ་ལ་བཅས་སུ་གསུང་ཆོས་དང་གསུང་བཤད་གནང་བ།

༄༅།།  ༢༠༡༧ ཕྱི་ཟླ་ ༦ ཚེས་ ༣ ཉིན་རྒྱབ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་བཞུགས་སྒར་དྷརྨཤཱལཱ་ནས་དིལླཱིར་ཕེབས་འབྱོར་བྱུང་། ༢༠༡༧ ཕྱི་ཟླ་ ༦ ཚེས་ ༤ ཉིན་སྔ་དྲོ་དིལླཱིར་ཚེའི་ཡེ་ཤེས་དགེ་རྩའི་ (AyurGyan Nyas) འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་འདུར་ཞུགས་པ་མ་ཟད། ཉིན་རྒྱབ་ཏུ་མཇལ་བཅར་བ་རྣམས་ལ་གོ་སྐབས་བསྩལ།

༢༠༡༧ ཕྱི་ཟླ་ ༦ ཚེས་ ༥ ཉིན་སྔ་དྲོ་དིལླཱི་ནས་ཕེབས་ཐོན་གྱིས་གུཝཱཧཱཊཱི་གནམ་ཐང་དུ་འབྱོར་སྐབས་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གི་མཁན་པོ་དང་། འབུམ་སྡེ་ལ་དགོན་རྩེ་ནང་བསྟན་རིག་གཞུང་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ། མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་གྱི་མཁན་པོ། བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན། བསྟན་འཛིན་སྒང་རྒྱུད་སྟོད་གྲྭ་ཚང་གི་ཕྱག་མཛོད་སོགས་ནས་ཕེབས་བསུས་ཀྱིས་རྒྱ་གར་དང་འབྲུག་གི་ས་མཚམས་སུ་བྷཻརབཀུཎྜ་ཞེས་པའི་ས་གནས་ཀྱི་འབྲུག་གི་མགྲོན་ཁང་ཞིག་ཏུ་གསོལ་ཇ་འདེགས་འབུལ་སྐབས་དེ་གའི་སྦྱིན་བདག་དང་དཔོན་རིགས་སོགས་ཀྱིས་མཇལ་བཅར་ཞུས། དེ་བཞིན་བསྟན་འཛིན་སྒང་རྒྱུད་སྟོད་གྲྭ་ཚང་དུ་༸ཞབས་སོར་འཁོད་སྐབས་དེ་གའི་དགེ་འདུན་པ་དང་མང་ཚོགས་ནས་ཕེབས་བསུ་ཞུས།

 

༢༠༡༧ ཕྱི་ཟླ་ ༦ ཚེས་ ༦ ཉིན་སྔ་དྲོ་བསྟན་འཛིན་སྒང་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དེ་གའི་མང་ཚོགས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ཀྱི་ཚེ་དབང་བཀའ་དྲིན་བསྐྱངས་རྗེས། དད་ལྡན་མཇལ་བཅར་བ་རྣམས་ལ་དུས་ཚོད་བསྩལ། ཉིན་རྒྱབ་བསྟན་འཛིན་སྒང་ནས་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་དུ་ཕེབས་འབྱོར་སྐབས་དེ་གའི་དགེ་འདུན་པ་དང་མང་ཚོགས་ནས་ཕེབས་བསུ་ཟབ་རྒྱས་ཞུས།

༢༠༡༧ ཕྱི་ཟླ་ ༦ ཚེས་ ༨ ཉིན་རྒྱབ་ནས་ཚེས་ ༡༨ བར་འབུམ་སྡེ་ལ་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དེ་གའི་གཙུག་ལག་ཁང་དུ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་མཛད་པའི་བྱང་ཆུབ་ལམ་རིམ་འབྲིང་པོ་སྔ་ལོའི་འཕྲོས་ནས་བཀའ་ཁྲིད་བསྐྱངས་ཤིང་། ཉིན་ལྟར་སྔོན་འགྲོར་ཚིགས་བཅད་རེ་དྲངས་ཏེ་དེ་ལ་འགྲེལ་བཤད་གནད་སྨིན་དང་བཅས་ཆོས་ཉན་པའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ནས་བྱུང་བ་བཞིན་ལེགས་པར་གསལ་བཏབ་སྟེ་གསན་དགོས་ཚུལ་ལེགས་པར་གདམས་པར་མཛད་པ་མ་ཟད། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ནས་དབུ་འཛུགས་ཀྱིས་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་དང་བཅས་ལམ་རིམ་འབྲིང་པོ་རྫོགས་པར་བཀའ་ཁྲིད་བསྐྱངས། དེ་བཞིན་བར་བར་དུ་དད་ལྡན་མཇལ་ཞུ་བ་རྣམས་ལ་གོ་སྐབས་ཀྱང་བསྩལ། སྐབས་དེར་ཆོས་ཞུ་བ་རྣམས་འབུམ་སྡེ་ལ་དང་། རྟ་དབང་། ལྷའུ། འདི་རང་། ས་ལ་རི། སེངྒེ་རྫོང་། རཱུ་པཱ། ཏེན་ག འཇང་སོགས་ནས་ཕེབས་འདུག

༢༠༡༨ ཕྱི་ཟླ་ ༦ ཚེས་ ༡༨ སྔ་དྲོ་འབུམ་སྡེ་ལ་དགོན་རྩེ་རབ་རྒྱས་གླིང་ནས་༧སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལ་སྐུ་ཚེ་ཡུན་བརྟན་ཆེད་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༡༧ ཕྱི་ཟླ་ ༦ ཚེས་ ༢༠ ཉིན་རྒྱབ་ཏུ་འབུམ་སྡེ་ལ་ནང་པའི་སྐྱིད་སྡུག་ཚོགས་པའི་ (Bomdila Buddhist Society) གོ་སྒྲིག་འོག་འབུམ་སྡེ་ལ་ཚོགས་ཁང་ (Bomdila Auditorium) དུ་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་བསྐྱེད་དམ་བཅའ་གསུམ་གྱི་སྐོར་གསུང་བཤད་གནང་ཞིང་། ཐོག་མར་འབུམ་སྡེ་ལ་གཞུང་གི་མཐོ་སློབ་  ཀྱི་སློབ་སྤྱི་སངས་རྒྱས་མཁའ་འགྲོ་ (Sangja Khandu, Principal, Govt. College, Bomdila) ནས་དགའ་བསུའི་གསུང་བཤད་གནང་རྗེས། སློབ་དཔོན་ཟམ་གདོང་རིན་པོ་ཆེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བྱང་ཆུབ་སེམས་དཔའ་ཡིན་པས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་དགོས་ཀྱང་། ཐུགས་བསྐྱེད་དམ་བཅའ་དང་པོ་མིའི་བཟང་སྤྱོད་གོང་སྤེལ་གནང་དགོས་དོན་ནི་མི་མ་གཏོགས་གཞན་ལ་རྣམ་དཔྱོད་དང་སྨྲ་བརྗོད་ཐོག་ནས་འབྲེལ་ལམ་མ་ཐུབ་པ་ལ་བརྟེན་ནས་ཡིན་ཚུལ་དང་། འཇིག་རྟེན་གྱི་དཀའ་རྙོག་རྣམས་བསྡུས་ན་ཀླན་ཀ་ཆེན་པོ་ལྔ་ཡིན་པ་མ་ཟད། དེ་དག་ཀྱང་མིས་བཟོས་པ་ཡིན་ལུགས། དེ་དག་བྱུང་བའི་རྒྱུ་མཚན་ནི་མིའི་བཟང་སྤྱོད་དང་ཚུལ་ཁྲིམས་ཉམས་པ་ལས་བྱུང་བ། ༧གོང་ས་མཆོག་གིས་དེང་སྐབས་ཤེས་ཡོན་གྱི་ལམ་ནས་བཟང་སྤྱོད་སློབ་སྟོན་གནང་ཐབས་གནང་གི་ཡོད་པ། དེ་བཞིན་མིའི་བཟང་སྤྱོད་གོང་སྤེལ་དང་འབྲེལ་བའི་དཔེ་དེབ་ཁག འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་བསྒྲུབ་རྒྱུར་འཐུས་ཤོར་སོང་བར་བརྟེན་ལྗིད་སྙོམ་མི་མཚུངས་པ་ལྔ་པོ་བསྐྲུན་པ།

གཉིས་པ་ཆོས་ལུགས་མཐུན་འབྲེལ་དང་གསུམ་པ་བོད་ཀྱི་བདེ་དོན་ཆེད་གང་དང་གང་གནང་བ་སོགས་ཞིབ་ཕྲ་གསུངས་པ་མ་ཟད། བདག་ཉིད་ཆེན་པོ་གཱཾདྷཱིའི་འཚེ་མེད་ཞི་བ་ད་ལྟ་འབྲེལ་ཆགས་ཡོད་མེད་དང་། འདོད་རྔམས་ཉུང་དུ་གཏོང་ཐབས། འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་ཇི་ལྟར་སྒྲུབ་ཐུབ་མིན་སོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནད་སྨིན་གནང་མཐར། འབུམ་སྡེ་ལ་ནང་པའི་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་རིང་ (Dorjee Tsering, Chairman, Bomdila Buddhist Society) ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་འདུག

༢༠༡༧ ཕྱི་ཟླ་ ༦ ཚེས་ ༢༡ ཉིན་རྒྱབ་ཏུ་འབུམ་སྡེ་ལ་དགོན་རྩེ་ནང་བསྟན་རིག་གཞུང་འཛིན་སྐྱོང་ཚོགས་པའི་གོ་སྒྲིག་འོག་འབུམ་སྡེ་ལ་ཚོགས་ཁང་དུ་ཤེས་ཡོན་ཞེ་ན་གང་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཞིང་། ཐོག་མར་འབུམ་སྡེ་ལ་ནང་བསྟན་རིག་གཞུང་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་དགེ་བཤེས་ཐུབ་བསྟན་ཀུན་ཕན་ནས་དགའ་བསུའི་གསུང་བཤད་གནང་རྗེས། སློབ་དཔོན་ཟམ་གདོང་རིན་པོ་ཆེས་ཤེས་ཡོན་ཞེས་པ་ནི་རྣམ་དཔྱོད་སད་ཐུབ་མཁན་ཞིག་ལ་གོ་དགོས་པ་དང་། ཅི་སྟེ་རྣམ་དཔྱོད་སད་ཐུབ་ན་བཟང་སྤྱོད་ལྡན་པ་ངང་གིས་ཡོང་ཐུབ་ཚུལ། དེ་ནས་ཤེས་ཡོན་གྱི་ངོ་བོ་ (Meaning of education) དང་། ཤེས་ཡོན་གྱི་དགོས་པ། (Purpose of education) ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ། (The aim of giving education) དེ་ནས་དགེ་རྒན་ལ་ལྟ་ཚུལ་དང་། སློབ་ཕྲུག་ལ་ལྟ་ཚུལ། སློབ་ཁྲིད་ཀྱི་ཐབས་ལམ་ལ་ལྟ་ཚུལ། རྒྱ་གར་རང་བཙན་ཐོབ་ནས་ལོ་མང་སོང་རུང་། རྒྱ་གར་གྱི་ཁྲིམས་ལུགས་དང་། འཛིན་སྐྱོང་། ཤེས་ཡོན་ལམ་སྲོལ་རྣམས་ཨིན་ཇིས་ཤུལ་བཞག་རང་འཇགས་ཡིན་ཚུལ་སོགས་རྒྱས་པར་གསུངས་རྗེས། དྲི་བ་ཁག་ལ་ལན་འདེབས་གནང་མཐར། དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གི་དགེ་བསྐོས་སངས་རྒྱས་ཚེ་རིང་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་འདུག སྐབས་དེར་འབུམ་སྡེ་ལའི་དཔོན་རིགས་དང་། སྨན་པ། དགེ་རྒན། སློབ་ཕྲུག་སོགས་ཕོན་ཆེ་འདུ་འཛོམས་འདུག་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ།