བོད་ཀྱི་རྩོམ་པ་པོའི་རྒྱལ་ཡོངས་ཚོགས་ཆེན་སྐབས་བསྩལ་བའི་འཚམས་འཕྲིན།

༄༅། །མིའི་འགྲོ་བར་ཕྱུགས་ལས་བྱེ་བྲག་འབྱེད་ཆོས་འགའ་ཤས་ཡོད་གྲས་ནས་གཙོ་ཆེ་བ་ཞིག་ཐ་སྙད་སྨྲ་བརྗོད་ཀྱི་ནུས་པ་དེ་ཡིན་ཞིང༌། སྨྲ་བརྗོད་དང་རྣམ་དཔྱོད་གཉིས་ཕན་ཚུན་སྤེལ་རེས་ཀྱིས་སྒྲ་རྟོག་གཉིས་ཀའི་ཡུལ་གྱི་སྤུ་རིས་ཇེ་ཟབ་ཇེ་ཕྲར་འབྱེད་པའི་ནུས་པ་གོང་འཕེལ་ལ་སོང་བའི་རྒྱུན་ནི་རིག་གནས་ཀྱི་ངོ་བོ་ཡིན།སྐད་ཀྱི་རྩོམ་གཞིར་གནས་པའི་ཡིག་འབྲུ་མཚོན་བྱེད་གཟུགས་རིས་སུ་བཀོད་སྲོལ་དར་བ་ནས་བཟུང༌། ལུང་དུ་སྟོན་པའི་རྣམ་གཞག་གིས་མཚོན་སྐད་ཀྱི་ཁྲིམས་ཚུལ་ཇེ་བཟང་ཇེ་དམ་དུ་སོང་སྟེ་བརྡ་སྤྲོད་ཀྱི་ནུས་པ་གོང་མཐོར་འཕེལ་བ་དང་ཆབས་ཅིག་ཚིག་རྒྱན་དང༌། རྩོམ་རིག་གི་སྲོལ་རྒྱུན་དར་བ་ཙམ་མ་ཟད། སྐད་ཡིག་ནི་རིག་པའི་སྒྱུ་རྩལ་དང་ཚན་རིག་ཡོངས་རྫོགས་ཀྱི་གཞུང་ལུགས་དར་བའི་ཉེར་ལེན་དུ་གྱུར་སྟེ། འཇིག་རྟེན་འདིར་མི་ཡི་སྤྱི་ཚོགས་སུ་ཤེས་ཡོན་གྱི་འཕེལ་ཚད་འདི་ཙམ་བྱུང་ཐུབ་པ་འདི་བརྡ་སྤྲོད་ཐ་སྙད་ཀྱི་བརྒྱུད་ལམ་འདིའི་དྲིན་ཡིན། ཐ་སྙད་སྨྲ་བརྗོད་ནི་དུས་མཉམ་དུ་ཡོད་པའི་སྐྱེ་བོ་ཕན་ཚུན་སེམས་ཀྱི་འཆར་སྒོ་སྟོན་པའི་བརྒྱུད་ལམ་ནུས་ལྡན་ཞིག་ཡིན་པ་ཙམ་དུ་མ་ཟད། དུས་ཀྱིས་བསྐལ་བའི་མི་རབས་སྔ་རྗེས་དབར་ཡང་འབྲེལ་ལམ་རྒྱུན་ཆགས་སུ་གནས་ཐུབ་པའི་བརྒྱུད་ལམ་ཉག་གཅིག་ཡིན་ཞིང༌། དེ་ལ་བརྟེན་ནས་མི་ཡི་ཤེས་ཡོན་དང་ཉམས་མྱོང་རིམ་བསགས་ཀྱིས་འཕེལ་རིམ་བཟང་པོ་འདི་བྱུང་བ་དང༌། རིག་པའི་གཞུང་ལུགས་ཀྱི་འཁོར་ལོ་རྒྱུན་མ་ཆད་པར་གོང་ནས་གོང་དུ་འཁོར་བཞིན་པ་འདི་མིའི་ཐུན་མིན་གྱི་ཁྱད་ཆོས་སྤོབས་པ་བྱ་འོས་ཤིག་ཡིན། ལྷག་པར་མི་རིགས་དང་ཡུལ་འཁོར་སོ་སོའི་ཐུན་མིན་ཁྱད་ཆོས་ཀྱང་སྐད་ཡིག་འདི་གཙོ་བོར་གྱུར་པ་དང༌། དེ་ལ་བརྟེན་ཅིང་དེ་དང་འབྲེལ་བ་ཤས་ཆེ་ཞིང༌། དེ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་ངོས་འཛིན་དན་རྟགས་ཡིན་པ་མ་ཟད། རང་བྱུང་སྐད་དང་སྦྱོར་བྱུང་བརྡ་སྤྲོད་རིག་གཞུང་གི་འཕེལ་ཚད་དེ་མི་རིགས་སོ་སོའི་སྒྱུ་རྩལ་དང༌། བཟོ་ཡི་གནས་སོགས་ཕྱི་ནང་གི་རིག་གནས་དང་ལེགས་བྱང་གི་གནས་ཚད་ཀྱི་ཚད་འཛིན་གཞི་རྟེན་དུ་གནས་པ་ཡིན།

སྤུར་རྒྱལ་བོད་དུ་བརྡ་སྤྲོད་ཀྱི་རིག་གནས་ཁྱིམ་མཚེས་ཀྱི་ཡུལ་གྲུ་གཞན་ལ་ལྟོས་ཏེ་ཆེས་ཕྱིས་སུ་དར་བ་ཞིག་ཡིན་རུང༌། འཕེལ་རླབས་ཆེ་ཞིང་འཕེལ་རིམ་མྱུར་བས་དུས་ཡུན་ཐུང་ངུ་ཞིག་གི་ནང་འཇིག་རྟེན་འདིར་དོ་ཟླ་མེད་པའི་རྩོམ་རིག་དང་གཞུང་ལུགས་ཀྱིས་ཕྱུག་པའི་ཡུལ་འཁོར་ཞིག་ཏུ་གྱུར་པ་འདི་རང་རེའི་འདས་པའི་མི་རབས་ཀྱི་སྙིང་སྟོབས་དང་མཁྱེན་རབ་ཀྱི་ནུས་པ་བློ་ཡུལ་ལས་འདས་པ་ཞིག་བྱུང་བ་དེ་མཚོན་ཐུབ། དུས་ཡུན་དང་མི་འབོར་ལ་གཞིགས་ཏེ་རང་རེའི་རྩོམ་རིག་སྒྲ་བསྒྱུར་དང༌། རང་དབང་བའི་རྩོམ། ཆོས་དང་འཇིག་རྟེན་གྱི་རིག་གཞུང༌། ཚིག་རྒྱན་དང་གྲོང་ཚིག ཐད་བརྗོད་དང་འཁྱོག་བརྗོད། བཅད་ལྷུག་སྤེལ་གསུམ། བྱ་དཀའ་དང་བྱ་སླ། སྡེབ་སྦྱོར་གྱིས་བཅིངས་པ་དང་མ་བཅིངས་པ་སོགས་མདོར་ན་ངག་རིག་གི་རྩལ་དང་ཁྱད་ཆོས་སྲིད་དོ་ཅོག་མ་ཚང་བ་མེད་པའི་ངག་གི་རང་བཞིན་གྱི་དཔལ་ཡོན་གྲངས་འབོར་སྤུས་ཚད་གང་ནས་བསམ་རུང༌། འཛམ་གླིང་འདིར་བོད་དང་འགྲན་བཟོད་པའི་རྩོམ་རིག་གི་ལག་རྗེས་ཡོད་པའི་རྒྱལ་ཁབ་དང་མི་རིགས་སུའང་བྱུང་མེད་ཅེས་བརྗོད་རྒྱུར་ཁོ་བོར་ཐེ་ཚོམ་དང་ནེམ་ནུར་གང་ཡང་མེད།

མི་ཚང་བཞི་ལྔ་ཙམ་ཡོད་པའི་གྲོང་གསེབ་ཆུང་ངུ་རེར་ཡང་སོ་སོའི་ཁ་སྐད་མི་འདྲ་བ་རེ་ཡོད་པས་བོད་ལས་ཁ་སྐད་འདྲ་མིན་མང་བ་ཞིག་སུ་ཡོད་སྙམ་པ་ཞིག་ཡོད་རུང༌། ཡིག་སྐད་ཡོངས་རྫོགས་བརྡ་སྤྲོད་དང་ལུང་སྟོན་གཞུང་ལུགས་གཅིག་གིས་ཁྱབ་པས་བོད་སཤར་ནུབ་ལྷོ་བྱང་གི་ཡུལ་གྲུ་ཀུན་ཏུ་ཕན་ཚུན་ཡིག་ཐོག་ནས་གོ་བརྡ་ཚེགས་མེད་དུ་འཕྲོད་ཐུབ་པས་རྒྱལ་ཡོངས་སྐད་ཡིག་གཅིག་གྱུར་འདི་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཤིག་ཏུ་གནས་ཤིང༌། བརྡ་སྤྲོད་ཀྱི་རིག་གནས་དར་བ་ནས་བཟུང་སྟེ་ད་བར་སྐད་ཡིག་ལ་འགྱུར་བ་ཆེན་པོ་མ་བྱུང་བར་སྲོལ་རྒྱུན་ཁྲིགས་ཆགས་སུ་གནས་ཐུབ་པ་དེའི་དབང་གིས་ཕྱི་ལོ་བརྒྱ་ཕྲག་བདུན་པའི་དཀྱིལ་སྟོད་དུ་བྲིས་པའི་རྩོམ་ཡིག་ཁག་ད་ལྟའང་འབྲི་ཀློག་ཤེས་པ་ཕལ་པས་ཀྱང་གོ་དོན་རྟོགས་ཐུབ་པ་བཅས་ད་བར་བོད་ཀྱི་བརྡ་སྤྲོད་ཀྱི་རིག་གཞུང་ཡུལ་དུས་གཉིས་ཀར་ཉི་ཚེ་བ་དང་ཕྱོགས་རེ་ཅན་དུ་མ་གྱུར་པ་འདི་བླ་ན་མེད་པའི་ཁྱད་ཆོས་ཡི་རངས་བྱ་འོས་པ་ཞིག་ལོས་ཡིན།

ཕྱི་ལོ་ ༡༩༤༩ རྗེས་བོད་རྒྱ་དམར་གྱིས་བཙན་བཟུང་བྱས་པ་ནས་བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས་གཉིས་ཀར་སྡེ་གཟར་འཕོ་འགྱུར་ཚད་མེད་ཅིག་བྱུང་སྟེ་ལོ་ངོ་བཞི་བཅུ་ཞེ་ལྔ་སྐོར་སོང་ཞིང༌། བོད་ཀྱི་རིག་གཞུང་ཡོངས་རྫོགས་ལ་བརྡབ་གསིག་དང་གོད་ཆགས་བསམ་བརྗོད་ལས་འདས་པ་ཞིག་བྱུང་བའི་ནང་སྐད་ཡིག་དང་རྩོམ་རིག་ལ་ལྷག་པར་དོ་ཕོག་ཆེན་པོ་ཞིག་རྒྱ་དམར་གྱིས་ཆེད་དམིགས་གཏན་འབེབས་སྲིད་བྱུས་ངེས་ཅན་ཞིག་གི་འོག་བྱུང་ཁར། བྱེས་ཁྲོད་དུའང་སྐད་ཡིག་དང་རིག་གཞུང་གཞན་གྱི་ཤན་ཤུགས་བཟོད་དཀའ་བ་ཞིག་དང་སྐབས་རེ་གདོང་ལེན་དང༌། སྐབས་རེ་ལེགས་ཆ་བླང་ཁུལ་སོགས་ཡིད་ཆེས་དང་ངེས་བཟུང་དཀའ་བའི་འགྱུར་འགྲོས་འཕུལ་ཤུགས་ཅན་གྱི་ནང་འགྱེལ་བུབ་དང་མདུན་མཆོངས་རེས་མོས་སུ་བསྐྱོད་བཞིན་པ་འདིའི་ནང་ངོས་ལེན་འོས་པ་དང་མི་འོས་པའི་འགྱུར་འགྲོས་དང༌། ཉམས་གུད། འཕེལ་རིམ་ཅི་རིགས་ཤིག་བྱུང་ཡོད་པ་འདི་དག་ལྷན་སྐྱེས་ཀྱི་རང་བཞིན་མིན་རུང༌། བཟློག་ཏུ་མེད་པའི་གཤིས་ལུགས་ཤིག་ཡིན་སྟབས་དངོས་ཡོད་གདོང་ལེན་བྱ་རྒྱུ་ལས་མ་འདས།

བྱུང་རིམ་འདི་དག་གི་ནང་གཞིས་བྱེས་བོད་ཀྱི་རྩོམ་པ་པོ་རྣམས་ལ་སྤྱི་ཚོགས་དང་སྲིད་གཞུང་གཉིས་ཐད་ནས་དུས་བསྟུན་གྱི་མཐུན་འགྱུར་དང་ངོས་ལེན་ཚད་ལྡན་ཞིག་བྱུང་མེད་ཁར། རྩོམ་པ་པོ་ནང་ཕན་ཚུན་ཡང་འབྲེལ་ལམ་དང་མཐུན་འགྱུར་རྣམ་དཔྱོད་སྤེལ་རེས་སོགས་ཀྱི་ལས་འགུལ་དེང་རབས་དང་མཐུན་པ་ཞིག་བྱུང་མེད།

མཁྱེན་དཔྱོད་དང་ལྷག་བསམ། ཁྱད་པར་དེང་རབས་ཀྱི་འཇིག་རྟེན་ལྟ་ཚུལ་བཅས་ལ་གཞན་དྲིང་མི་འཇོག་པའི་དྲན་དབང་འགའ་ཤས་ཀྱིས་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གསར་འཛུགས་བསྐྱངས་པ་དེ་ནས་བསྔགས་བརྗོད་འོས་པའི་རིག་གཞུང་གི་ལས་འགུལ་གལ་ཆེ་མང་པོ་ཞིག་བརྩམས་གནང་མཛད་གྲས་ནས་ད་ལན་ བྱརྩོམ་རིག་དང་རང་དབང་བྱ ཞེས་པའི་བརྗོད་གཞིའི་སྟེང་ བྱབོད་ཀྱི་རྩོམ་པ་པོའི་རྒྱལ་ཡོངས་ཚོགས་ཆེན་དང་པོ་བྱ ཚོགས་བསྐོང་གནང་བ་འདི་དམིགས་བསལ་ད་ལྟའི་སྐབས་ལོ་རྒྱུས་ཀྱི་དགོས་མཁོ་དང་འཚམས་པའི་ལས་དོན་ཧ་ཅང་བཟང་པོ་ཞིག་བྱུང་འདུག

ལྷག་པར་རྩོམ་རིག་དང་རྩོམ་པ་པོར་འབྲེལ་ཡོད་ཀྱི་གལ་ཆེའི་དོན་གནད་མང་པོ་ད་བར་དོ་སྣང་བྱེད་མ་ཐུབ་པ་ཁག་གི་ཐོག་ཟབ་སྦྱོང་དང༌། བགྲོ་གླེང་དཔྱད་ཞིབ་སོགས་ཀྱི་གོ་སྒྲིག་གནང་འདུག་པ་བསྔགས་བརྗོད་ཀྱི་ཡུལ་དུ་ཆེ། ཁོ་བོར་ཡང་མགྲོན་བརྡ་བྱུང་མོད། ལས་བྲེལ་གྱི་གཞན་དབང་དུ་གྱུར་ཏེ་ངོ་བཅར་ཞུ་རྒྱུའི་དུས་ཁོམ་མ་བྱུང་ཞིང༌། ལར་ནས་རྩོམ་ཡིག་སྣེ་གཅིག་མེད་པར་རྩོམ་པ་པོའི་གྲས་སུ་ཞུགས་རྒྱུའང་མགྲིན་བཟང་སེང་ལྤགས་གྱོན་པའི་རྣམ་ཐར་དུ་འགྱུར་དྭོགས་ཀྱིས་སྤོབས་པ་ཞུམ་རུང༌། དྲི་མ་མེད་པའི་ཡི་རངས་ཀྱི་ཆེད་བརྗོད་འདི་ཚོགས་སྐོང་རྣམ་པའི་ཐུགས་བཞེད་ལྟར་ཚོགས་འདུ་ལམ་ལྷོང་དང་གྲུབ་འབྲས་རླབས་ཆེན་ཡོང་བའི་སྨོན་ལམ་བཟང་པོ་དང་བཅས་ཕུལ་བ་ལགས།

དེང་སྐབས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ལ་རྒྱ་དམར་བཙན་གནོན་གྱིས་རྐྱེན་པས་ཉམས་ཆག་གི་ཉེན་ཁ་ཆེན་པོ་ཡོད་བཞིན་པའི་ཐོག རང་བཞིན་གྱི་དཀའ་རྙོག་གང་འཚམས་འཕྲད་བཞིན་པ་དཔེར་ན། ཡིག་སྐད་དང་ཕལ་སྐད། སྲོལ་རྒྱུན་དང་དེང་རབས་སོགས་ཀྱི་རྩོད་པ་མི་ཉུང་བ་ཞིག་ཡོད་པ་དེ་ཀུན་མདོར་བསྡུས་ན་རྒྱུན་འཛིན་དང༌། གསར་བརྗེའི་བསམ་ཚུལ་གྱི་འགལ་ཟླ་དང༌། ཤར་ནུབ་ཀྱི་ལེགས་བྱང་གི་འགལ་ཟླར་ཐུག་གཤིས། མཐའ་གཅིག་ཏུ་འདི་ལེགས་འདི་ཉེས་ཀྱི་ཁ་ཚོན་གཅོད་དཀའ་བ་ཇི་སྙེད་ཅིག་ཡོང་སྲིད་རུང༌། གལ་གནད་ཆེ་ཤོས་ནི་གནས་ཚུལ་གང་ཡིན་རུང་རང་འདོད་མངོན་ཞེན་གྱི་ཨུ་ཚུགས་ལ་མ་བརྟེན་པར་རྒྱུ་མཚན་རིག་པའི་སྲང་ལ་གཞལ་ཏེ་གཟུར་གནས་དཔྱོད་ལྡན་གྱི་ངང་ཚུལ་མ་དོར་བའི་སྒོ་ནས་བླང་དོར་མཛད་གལ་ཆེ་བ་དང༌། དོན་སྙིང་བོད་རྒྱལ་ཡོངས་སྐད་ཡིག་གཅིག་གྱུར་གྱི་འཆིང་ཐག་མ་ཆད་པ་དང༌། བོད་ཀྱི་གནའ་བོའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་དེ་འབྱུང་འགྱུར་བེད་སྤྱོད་མེད་པའི་སྐད་ཡིག་ཏུ་མ་ལུས་པར་རིག་གཞུང་གསོན་འཚོ་ཐུབ་ཐབས་ཀྱི་དམིགས་ཡུལ་གཉིས་མ་དོར་བའི་ངང༌། ད་ཡོད་བོད་ཀྱི་སྐད་ཡིག་འདི་གཞན་བསྲེ་དང་བསྒྱུར་བཅོས་མ་བྱས་ཀྱང༌། དེང་རབས་རིག་གནས་ཀུན་ལ་འདང་ངེས་ཀྱི་ཐ་སྙད་དང་ཚིག་ནུས་ཡོད་པའང་མ་བསྙེལ་བ་ཞིག་ཀུན་གྱི་ཐུགས་དབུས་སུ་བསྟི་བའི་འབོད་སྐུལ་དང༌། མཛའ་བརྩེའི་འཚམས་འདྲི་བཅས་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་ཟམ་གདོང་པས། ཕྱི་ལོ་ ༡༩༩༥ ཟླ་ ༣ ཚེས་ ༡༣ ལ།། །།

ཕྱི་ལོ་ ༡༩༩༥ ལོར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་བོད་ཀྱི་རྩོམ་པ་པོའི་རྒྱལ་ཡོངས་ཚོགས་ཆེན་ཚོགས་བསྐོང་གནང་སྐབས་བསྩལ་བའི་འཚམས་འཕྲིན།།