བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཚམས་འཕྲིན།

༄༅། །མཁྱེན་དཔྱོད་ལྡན་པ་དོན་གཅོད་ཁག་དང༌། གཞིས་འགོ་བདེ་དོན། རྒྱ་ཆེའི་སེར་སྐྱ་མི་མང་ལྷན་རྒྱས་ལ། ཆེད་ཞུ། སྐབས་བཅུ་གཅིག་པའི་སྤྱི་འཐུས་བདམས་ཐོན་བྱུང་བ་ལྟར། ད་ལམ་བོད་རྒྱལ་ལོ་ ༢༡༡༨ ལྕགས་ལུག་ཟླ་ ༤ ཚེས་ ༡༦ ཕྱི་ལོ་ ༡༩༩༡ ཟླ་ ༥ ཚེས་ ༢༩ ཉིན་སྤྱི་འཐུས་རྣམས་ནས་ལས་འཁུར་དམ་འབུལ་དང་འབྲེལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་ཟིན་པའི་སྐབས་འདིར་ཁྱེད་རྣམ་པར་མཛའ་བརྩེས་དྲངས་པའི་འཚམས་འདྲི་དང༌། གནས་ཚུལ་མདོ་ཙམ་ཞུ་རྒྱུར།

རྒྱ་ཆེའི་མང་ཚོགས་ནས་ང་ཚོར་ཡིད་ཆེས་གནང་སྟེ་སྤྱི་འཐུས་སུ་འོས་འདེམས་བྱས་པ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ང་ཚོར་ཐུགས་བློས་བཀལ་ཏེ་ཁྲིམས་བཟོ་ལྷན་ཚོགས་ཀྱི་ལས་འགན་ཡང་གནང་བ་འདི་ལ་བརྟེན་ནས་ང་ཚོར་བློ་སྤོབས་དང༌། ཡིད་འགུལ་ཆེན་པོ་ཐེབས་བྱུང༌། གངས་ཅན་བོད་ཀྱི་ལྗོངས་འདི་ད་ཕན་ཡོངས་གྲགས་མི་ལོ་ཉིས་སྟོང་བརྒལ་བའི་ལོ་རྒྱུས་ཡོད་ཅིང༌། སྔོན་གྱི་ཆོས་རྒྱལ་གོང་མ་རིམ་བྱོན་གྱིས་ལྷ་ཆོས་དགེ་བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་སོགས་ཁྲིམས་སྲོལ་བཟང་པོ་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་མཐུན་པ་ཞིག་བོད་ཡུལ་ཡོངས་ལ་ཁྱབ་པ་དང༌། བོད་སིལ་བུར་གྱུར་པའི་རྗེས་སུ་སླར་ཡང་དུས་རབས་བཅུ་གསུམ་པའི་ནང་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཆོལ་ཁ་གསུམ་ལ་མངའ་དབང་བསྒྱུར་ཏེ། ཆབ་སྲིད་ལས་དོན་སྒྲིག་འཛུགས་བཅས་ཀྱི་ཐོག་སྔར་ཡོད་སླར་གསོ་དང༌། སྔོན་མེད་གསར་བསྐྲུན་གྱིས་བོད་འདི་ཆོས་སྲིད་ཟུང་འབྲེལ་དུ་བསྐྱངས་ཏེ་བོད་མི་རྣམས་རྒྱལ་ཁབ་གཞན་ལ་འགྲམ་ཆུ་ལྡང་མ་དགོས་པའི་བདེ་སྐྱིད་ཀྱིས་འཚོ་བ་དང༌། ལྷག་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བོད་ཀྱི་ཆབ་སྲིད་བདག་གིར་བཞེས་ཏེ་གཞུང་དགའ་ལྡན་ཕོ་བྲང་བཙུགས་པ་ནས་བཟུང་དུས་རབས་ཉི་ཤུ་པའི་འགོ་སྟོད་ཙམ་གྱི་བར་ཆོས་ཀྱི་སློབ་སྟོན་དང༌། མང་ཚོགས་ཀྱི་འདོད་དབང་ལ་གཞི་བཅོལ་བའི་ཆབ་སྲིད་ཀྱི་སྲོལ་བཟང་དུས་རབས་དེ་དང་དེའི་ཤར་ནུབ་ཀྱི་ཡུལ་གྲུ་གཞན་གྱི་སྲིད་ལུགས་ལས་ཁྱད་པར་དུ་འཕགས་པའི་ཁྲིམས་ལུགས་ཀྱི་ལམ་སྲོལ་སྐྱོང་བར་མཛད་པ་དེ་ལྟའང༌། བར་སྐབས་ཤིག་ནས་མཐའ་བཞིའི་ཡུལ་གྲུ་ཀུན་ཏུ་སྤྱི་ཚོགས་དང༌། དུས་ཀྱི་འགྱུར་འགྲོས་ཧ་ཅང་ཆེན་པོ་ཕྱིན་པ་དང་མཉམ་བགྲོད་མ་ཐུབ་པ་ལྟ་བུས་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐུ་དུས་ནས་བོད་ཀྱི་ཆབ་སྲིད་ཀྱི་ལམ་སྲོལ་ལ་ལེགས་བཅོས་འགྱུར་བ་རླབས་ཆེ་ཞིག་གཏོང་དགོས་གཟིགས་ཏེ་ཕྱག་བཞེས་རིམ་བསྟར་མཛད་ཀྱང་ཕྱི་ནང་གི་འགོག་རྐྱེན་དུ་མས་དགོངས་བཞེད་ལྟར་མ་འགྲུབ་པ་དང༌། དུས་རབས་འདིའི་བཅུ་ཕྲག་བཞི་པའི་མཇུག་ནས་བོད་ཤར་ཕྱོགས་མདོ་སྨད་ཁུལ་དུ་ཕྱི་རྒྱལ་བཙན་འཛུལ་བའི་དྲག་ཤུགས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་སྐབས་བོད་ལྗོངས་ལྷ་མི་ཡོངས་ཀྱིས་ྋགོང་ས་ྋསྐྱབས་མགོན་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོར་ཆབ་སྲིད་ཀྱི་མཛད་འགན་བཞེས་དགོས་གསོལ་བ་བཏབ་པ་ལྟར་ཆབ་སྲིད་དབང་ལུང་བདག་གིར་བཞེས་པ་ནས་བཟུང་བོད་གཞུང་གི་གནས་སྟངས་ལ་དུས་རབས་ཉི་ཤུ་པའི་འཛམ་གླིང་གི་འགྲོ་ལུགས་ལ་གཞིགས་པའི་སྒྱུར་བཀོད་དགོས་ངེས་བཏང་སྟེ་འདེམས་བསྐོས་མི་མང་སྤྱི་འཐུས་ནས་གཞུང་གི་ལས་དོན་འཛིན་སྐྱོང་ནུས་ཤུགས་ཐོན་པ་ཞིག་ཡོང་བ་མཛད་རྒྱུར་ཐུགས་ཐག་བཅད་གནང་མཛད་ཀྱ?་རྒྱ་དམར་བཙན་འཛུལ་བས་དབང་ཤེད་ཀྱིས་བཞེད་དགོངས་ཇི་བཞིན་ཕྱག་ལེན་དུ་འཁེལ་ཐབས་མ་བྱུང་བའི་མུར། ཕྱི་ལོ་ ༡༩༥༩ ལོར་གཞུང་མང་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་ནས་བཟུང་སྔོན་གྱི་ཐུགས་བསྐྱེད་ཇི་མཛད་ལྟར། ཕྱི་ལོ་ ༡༩༦༠ ལོ་འགོ་དེ་རང་ནས་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་སླད་མང་ཚོགས་ཀྱི་སྤྱི་འཐུས་འདེམས་དགོས་བཀའ་ཕེབས་ཏེ། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་སྐབས་དང་པོའི་སྤྱི་འཐུས་གསར་འཛུགས་དང༌། ཕྱི་ལོ་ ༡༩༦༡ ཟླ་ ༡༠ ཚེས་ ༡༠ ཉིན་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དེང་རབས་ཀྱི་མང་གཙོའི་གནས་དོན་ཐམས་ཅད་ཚང་བ་ཞིག་གསལ་བསྒྲགས་མཛད་པ་དང༌། ཕྱི་ལོ་ ༡༩༦༣ ཟླ་ ༣ ཚེས་ ༡༠ ཉིན་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་རྒྱས་པ་ལེའུ་བཅུ་དང་དོན་ཚན་ ༧༧ ཅན་དེ་བཞིན་གསལ་བསྒྲགས་བསྐྱངས་པ་དང་ཆབས་ཅིག་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་ཁུར་འོག་གཞུང་གི་སྒྲིག་འཛུགས་དང༌། ལས་བྱེད་པའི་བཀོད་བསྒྲིགས་བཅས་མཛད་ཅིང༌།

ཕྱི་ལོ་ ༡༩༨༦།༡༩༨༨།༡༩༨༩ བཅས་སོ་སོར་བཀའ་སློབ་ཕེབས་དགོངས་སུ། ངོས་ནས་མ་འོངས་བོད་ཀྱི་རང་དབང་སྔ་སོར་ཆུད་མཚམས་ཆབ་སྲིད་ཀྱི་མཛད་འགན་སྐྱོང་བཞེས་མཛད་ཀྱི་མིན་ཞེས་དང༌། ད་ཆ་ྋརྒྱལ་བ་རིན་པོ་ཆེས་འགོ་ཁྲིད་མ་དགོས་པར་འགོ་ཁྲིད་མཁན་དེ་མང་གཙོའི་མཚན་ཉིད་ཚང་བའི་འོས་བསྡུའི་ལམ་ནས་ཡོང་རྒྱུ་ཡོད་པ་ཞིག་དང༌། ད་ཡོད་ལམ་སྲོལ་ལ་ད་དུང་མང་གཙོའི་རྣམ་པ་གསལ་བར་མཚོན་པའི་བསྒྱུར་བཅོས་དགོས་རྒྱུ། རྩ་ཁྲིམས་བཟོ་འགོད་ཚོགས་ཆུང་ཟུར་འཛུགས་དགོས་ཞེས་སོགས་ཀྱི་བཀའ་སློབ་རིམ་ནན་ཕེབས་ཤིང༌། ༡༩༩༠ ཕྱི་ཟླ་ ༥ ནང་དམིགས་བསལ་ཚོགས་ཆེན་འདུ་བསྐོང་ཐོག་སྔར་ལམ་བཀའ་ཤག་ྋགོང་ས་མཆོག་ནས་བསྐོ་བཞག་གནང་སྲོལ་དང༌། སྤྱི་འཐུས་འོས་འདེམས་ལ་ཕྱག་རྟགས་གནང་སྲོལ་མཚམས་འཇོག་གནང་སྟེ། སྐབས་དེའི་བཀའ་ཤག་གསར་པ་དམིགས་བསལ་ཚོགས་ཆེན་གྱི་ཚོགས་མི་རྣམས་ནས་འོས་འདེམས་ཞུ་དགོས་པ་དང༌། སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་རྒྱ་སྐྱེད་ཐོག་འོས་བསྡུ་ཁོ་ནའི་ལམ་ནས་ཡོང་དགོས་བཅས་ཀྱི་ཐུགས་ཐག་གཙང་བཅད་བཀའ་སྤྱི་བཟློག་མེད་ཕེབས་པ་མ་ཟད། རྩ་ཁྲིམས་ཟིན་བྲིས་བསྐྱར་ཞིབ་ཚོགས་ཆུང་ཐད་བསྐོས་གནང་བ་དང་འབྲེལ་ཚོགས་མི་རྣམས་ལ་གནས་སྐབས་བཙན་བྱོལ་དུ་གནས་རིང་ཆབ་སྲིད་ཀྱི་གཞི་རྟེན་མང་གཙོའི་མཚན་ཉིད་ཚང་བའི་བཅའ་ཁྲིམས་དང༌། འབྱུང་འགྱུར་བོད་ཀྱི་མང་གཙོའི་རྩ་ཁྲིམས་ཀྱི་ཟིན་བྲིས་སྔོན་ཡོད་ལ་བསྐྱར་བཅོས་ཞུ་དགོས་དང༌། དེ་ཡང་བཙན་བྱོལ་དུ་གནས་རིང་བོད་མིའི་དངོས་ཡོད་ཀྱི་གནས་ཚུལ་དང་བསྟུན་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་སྤྱི་འཐུས་ལྷན་ཚོགས་སུ་བགྲོ་གླེང་གཏན་འབེབས་གནང་རྒྱུར་བསྩལ་བ་བཞིན་སྤྱི་འཐུས་སྐབས་བཅུ་གཅིག་པས་བསམ་གྲོས་ཞིབ་བསྡུར་མཐིལ་ཕྱིན་གྱིས་གཏན་ལ་ཕབ་པའི་བཅའ་ཁྲིམས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ྋསྙན་ཕུལ་ཞུས་འབྲས་སུ་བཀའ་སློབ་དགོངས་དོན་བཅའ་ཁྲིམས་དོན་ཚན་སོ་གཅིག་པའི་ནང་གསེས་ཁ་པ་དང༌། ལེའུ་བདུན་པའི་ཐད་བསྐྱར་དུ་བསམ་ཞིབ་བྱ་དགོས་ཕེབས་པ་བཞིན་ཞུས་ཏེ་མཐའ་མའི་ཆོག་མཆན་བསྕལ་སྨིན་བྱུང་བ་ལྟར། ད་ལམ་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ནས་བཟུང་བཅའ་ཁྲིམས་དགོངས་དོན་ཕྱག་ལེན་བསྟར་འགོ་ཚུགས་པ་ཡིན།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིང་མིན་བཀའ་ཤག་ནས་གཞིས་འགོ་བདེ་དོན་སོ་སོར་འགྲེམས་སྤེལ་གནང་རྒྱུ་ཡིན་ཅིང༌། བཅའ་ཁྲིམས་འདི་བཞིན་བཙན་བྱོལ་བོད་མིའི་གནས་སྟངས་དང་མཐུན་ཞིང༌། བཅའ་ཁྲིམས་དགོངས་དོན་ཡུལ་མིའི་ལས་འགན་ནི་བོད་ཀྱི་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད་ཐོག་བཅའ་ཁྲིམས་དང་ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང་ལག་ལེན། ཁྲིམས་ལུགས་ལྟར་དཔྱ་ཁྲལ་སྒྲུབ་འབུལ་ཞུ་དགོས་རྒྱུ་བཅས་མང་ཚོགས་ཀྱི་ཁུར་འགན་བླ་ན་མེད་པ་ཞིག་ཡིན་ཅིང༌། དེ་བཞིན་ང་ཚོ་སྤྱི་འཐུས་ལྷན་ཚོགས་ནས་གཞུང་དང་མི་མང་དབར་གྱི་འབྲེལ་ལམ་སྤྱི་དང༌། བྱེ་བྲག་བོད་མི་སོ་སོའི་དཀའ་ངལ་སེལ་ཐབས་དང་ལམ་སྟོན་བྱེད་སྒོ་སོགས་དྲང་བདེན་གཞུང་བསྲང་སྒོ་ནས་བྱེད་རྒྱུར་ཐེ་ཚོམ་མ་དགོས་ཀྱང༌། ལས་དོན་སྣེ་མང་དབང་གིས་སྐྱོན་ཆ་ཡོང་སྲིད་པས་དེ་རིགས་བྱུང་ཚེ་ཚོགས་པའམ། བྱེ་བྲག་པ་སུ་ཡིན་རུང་ཐད་ཀར་དགེ་འདོན་ཡོ་བསྲང་གི་དགོངས་ཚུལ་བྱུང་རིགས་ལ་བསམ་ཞིབ་ཀྱིས་རྒྱུ་མཚན་ལྡན་པར་ངོས་ལེན་ཡོ་བསྲང་དང་འབྲེལ་དགའ་བསུ་ཡོད།

མདོ་དོན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདི་བཞིན་མང་གཙོའི་ལམ་སྲོལ་མཚན་ཉིད་ཚང་བའི་གོམ་སྟབས་ཤིག་ཏུ་གྱུར་པས་སེར་སྐྱ་ཚང་མས་བཅའ་ཁྲིམས་ལ་གཅེས་འཛིན་ཉམས་ལེན་དང་བ་འདྲེན་པ་ཞིག་ཅི་ནས་གནང་གལ་ཆེ་བ་བཅས་དགོངས་འཇགས་ཞུ། སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ ༡༩༩༡ ཕྱི་ཟླ་ ༨ ཚེས་ ༡༢ ལ།།