མཎྜལ་བཤད་པ།

༄༅། །ཕྱོགས་བཅུ་རབ་འབྱམས་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་རང་གཟུགས། རིགས་དང་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བ་དང་བསྡུ་བའི་བྱེད་པོ་གཅིག་པུ། འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས། ལྷ་བཅས་སྲིད་ཞིའི་རྣམ་འདྲེན།

འཇིག་རྟེན་ཞི་བདེའི་དེད་དཔོན། གངས་ལྗོངས་ཆོས་སྲིད་ཀྱི་མངའ་བདག ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཡི་ཕྲེང་བ་བཅུ་བཞི་པ་མཆོག་གི་ྋཞབས་པད་སྲིད་ཞིའི་ཕན་བདེ་འདོད་རྒུའི་ཡིད་བཞིན་འཇོ་བའི་མི་འཇིགས་གདོང་ལྔས་བཏེག་པའི་གསེར་གྱི་ཁྲི་འཕང་མངོན་པར་མཐོ་བའི་དྲུང་དུ།

གུས་འབངས་སྐྱབས་འོག་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌། ཚོགས་གཞོན། ཆོས་ལུགས་ཆོལ་གསུམ་ནུབ་ཕྱོཌ་ཡུལ་གྲུར་འཁོད་པའི་བོད་མི་དང་བཅས་པའི་སྤྱི་འཐུས་དང༌། ལས་བྱེད་ཆེ་ཕྲ་ཐོུང་གིས་ལུས་ཀུན་ས་ལ་ཕབ་པའི་ལྷ་ཕྱག་གྲངས་མེད་དང་བཅས་ཏེ་གསོལ་བ་རྩེ་གཅིག་ཏུ་འདེབས་སྙིང༌། དེའང་ཇི་སྐད་དུ། ཕྱོགས་བཅུའི་རབ་འབྱམས་ཞིང་གི་རྡུལ་གྱི་ཚད།། ངོ་མཚར་སྐུ་གསུང་ཐུགས་ཀྱི་གསང་བ་དག། དོན་དམ་ཡེ་ཤེས་གཟིགས་པའི་སྤྱོད་ཡུལ་ལས།། མཐའ་བྲལ་སེམས་དཔས་ཀྱང་ནི་དཔོག་པར་དཀའ།། ཞེས་གསུངས་པ་ལྟར། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་འཇིག་རྟེན་མགོན་པོས་ཞིང་ཁམས་རྒྱ་མཚོའི་འགྲོ་བའི་ཁམས་མོས་བསམ་པ་དང་མཐུན་པར་ཆེས་ངོ་མཚར་བའི་སྐུ་གསུང་ཐུགས་ཀྱི་སྒྱུ་འཕྲུལ་སྤྲུལ་པའི་རོལ་གར་མཐའ་ལས་འདས་པས་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ནི་རྒྱལ་བ་རྣམས་ཀྱི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཁོ་ན་ལས། ས་ལ་གནས་པའི་སེམས་དཔའ་ཆེན་པོ་དག་གིས་ཀྱང་བརྗོད་པར་མི་ནུས་ན། ཚུ་རོལ་མཐོང་བའི་བྱིས་པ་རྣམས་ཀྱི་སྤྱོད་ཡུལ་དུ་ལྟ་ག་ལ་ཞིག འོན་ཀྱང་ཐོུང་གདུལ་བྱའི་སྣང་ངོར་གངས་རིའི་ལྗོངས་ཀྱི་སྐྱེ་འགྲོ་རྣམས་ཕྱག་མཚན་དུ་བཞེས་ཏེ་ཐོག་མར་མིའི་འགྲོ་བ་སྤེལ་བ་ནས་བཟུང་དམ་པའི་ཆོས་ཀྱི་སྣོད་རུང་དུ་མཛད་ནས་ཟབ་རྒྱས་ཆོས་ཀྱི་བདུད་རྩིས་སྨིན་པར་མཛད་པའི་བར་རྒྱལ་བློན་བྱང་སེམས་པཎ་གྲུབ་ལོ་ཙཱ་སོགས་གང་ལ་གང་འདུལ་གྱི་སྤྲུལ་པའི་རོལ་པ་བསམ་གྱིས་མི་ཁྱབ་པའི་ཁ་བ་རི་པའི་སྐྱེ་རྒུ་རྣམས་ཡོངས་སུ་བསྐྱངས་པ་མ་ཟད། ལྷག་པར་སྙིགས་ལྔའི་རྒུད་ཚོགས་ཤིན་ཏུ་བདོ་བའི་དུས་ཀྱི་ཡང་མཐའ་འདིར་སྙིང་སྟོབས་དང་ཐུགས་བསྐྱེད་ཞུམ་པ་མེད་པར། ཇི་སྐད་དུ། ལྗོངས་དེའི་རྒུད་པའི་མུན་པ་ཡོངས་བསལ་ནས།། རྒྱལ་བསྟན་པད་ཚལ་འབུམ་ཕྲག་ཅིག་ཅར་དུ།། གསལ་མཛད་ཐུགས་རྗེའི་འོད་སྣང་འབར་བ་ཅན།། སྤྲུལ་པའི་ཉི་གཞོན་སླར་ཡང་འཆར་འདི་མཚར།། ཞེས་གསུངས་པ་ལྟར། གངས་ཅན་ཤར་ཕྱོགས་ཀྱི་རྒྱུད་དུ་སྐུ་ཡི་བཀོད་པ་བཟུང་སྟེ་ཕྱི་ནང་འགལ་རྐྱེན་རྣམ་མང་གི་གཞན་དབང་དུ་མ་གྱུར་པར་གཟུགས་སྐུ་མཚན་དཔེའི་ལང་ཚོ་ཡོངས་སུ་དར་ཞིང༌། ཐོུང་གདུལ་བྱའི་སྣང་ངོར་བསྟན་པ་ལ་རིམ་ཅན་དུ་འཇུག་པའི་རྣམ་ཐར་གསན་བསམ་སྒོམ་པའི་མཛད་པ་རྣམས་ཆུ་ནང་གི་པདྨ་ལྟར་སྐྱེད་བསྲིངས་ཏེ། མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་རྣམ་པར་ཐར་པ་འགྲན་ཟླ་དང་བྲལ་བས་གངས་ཅན་མཁས་པ་ཀུན་གྱི་གཙུག་གི་ནོར་བུ་ལ་ཞབས་ཀྱི་པདྨ་ངལ་གསོ་བར་མཛད་ཅིང༌། ལྷག་པར་མ་རུང་ཀླ་ཀློའི་དཔུང་གིས་གངས་ལྗོངས་བདེ་སྐྱིད་རྨེག་མེད་དུ་འཇོམས་པར་ཉེ་བའི་དུས་སྐབས་སུའང༌། བོད་ལྗོངས་ལྷ་མི་མགྲིན་གཅིག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཆོས་སྲིད་གསེར་གྱི་འཁོར་ལོ་ཕྱག་མཚན་དུ་བཞེས་ཏེ་བོད་འབངས་རྣམས་ཛ་དྲག་དམག་འཁྲུགས་གི་ཉེས་པ་ལས་བསྐྱབས་ནས་རེ་ཞིག་བདེ་བར་འཚོ་བའི་མཛད་བྱུས་བླ་མེད་བསྐྱངས་པ་དང༌། ནམ་ཞིག་ཕ་རོལ་བསམ་སྦྱོར་གདུག་པའི་ཉེས་སྤྱོད་ལྷག་པར་བདོ་སྟེ་མགོན་པོ་གང་གི་སྐུ་ཕྱར་ཡང་ཉེན་འགན་མི་བཟོད་པའི་མཚམས་སུ་བོད་ལྗོངས་བསྟན་སྲིད་ཀྱི་བདེ་དོན་ཁོ་ན་ཐུགས་དབུས་སུ་བཅངས་ཏེ་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་རྒྱ་གར་འཕགས་པའི་ཡུལ་དུ་ྋཞབས་སོར་བཀོད་དེ་ཕེབས་ཞབས་སུ་བསྙེགས་པའི་བོད་མི་ཁྲི་ཕྲག་བཅུ་སྐོར་ལ་གང་ལ་གང་འོས་ཀྱི་འཚོ་བའི་ལམ་སྟོན་དང་ཤེས་ཡོན་སློབ་སྦྱོང་ཆོས་སྤྱོད་སློབ་གཉེར་སོགས་ཀྱི་མཐུན་རྐྱེན་ཕུན་སུམ་ཚོགས་པ་ལ་སྦྱོར་བར་མཛད། ལྷག་པར་བར་སྐབས་རྒྱ་དམར་སྲིད་གཞུང་དང་ཐད་ཀར་ཞི་མོལ་འགྲིག་ཆགས་ཀྱི་བཀའ་བསྡུར་གནང་འགོ་ཚུགས་པ་ནས་བཟུང་བོད་མི་རྣམས་བཙན་གནོན་གདུག་རྩུབ་བཀྲེས་སྐོམ་འཇིགས་སྐྲག་གི་འོག་ནས་ཅུང་ཟད་དབུགས་དབྱུང་བའི་གོ་སྐབས་ཐོབ་སྟེ། བོད་ཕྱི་ནང་དབར་འགྲིམས་འགྲུལ་གྱི་སྒོ་འཕར་ཕྱེ་བས། ཉེས་བརྒྱའི་གདུང་བས་ཀུན་ནས་མནར་བའི་བོད་མི་རྣམས་ྋརྒྱལ་བའི་དགྱེལ་ཞལ་དངོས་སུ་མཇལ་བའི་སྐལ་བཟང་གི་གོ་སྐབས་ཐཽབ་སྟེ་ྋརྒྱལ་བའི་མཛད་པར་སྙིང་ནས་གུས་པའི་དགའ་སྤྲོ་དང་བོད་ཀྱི་རྩ་དོན་སྒྲུབ་པའི་ལྷག་བསམ་མངོན་པར་འཕེལ་ཞིང༌། རིང་ནས་ཁ་བྲལ་དུ་སོང་བའི་ཕ་སྤུན་གཉེན་ཉེ་མཛའ་གྲོགས་སོགས་ངོ་འཕྲད་ཀྱིས་དགའ་སྤྲོའི་སྣང་བ་གཏད་པ་སོགས་དགེ་མཚན་གྲུབ་འབྲས་རླབས་ཆེན་ཐོབ་པ་དང༌། བོད་རྒྱའི་རྩོད་རྙོག་སེལ་ཐབས་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ཕྱོགས་བརྟན་པོར་བཟུང་སྟེ། གཉིས་མོས་གུ་ཡངས་ཀྱི་ལམ་ནས་ཕན་ཚུན་འགྲིག་ཐབས་གཙོར་བཟུང་གིས་ཞི་བའི་དོན་ཚན་ལྔ་དང༌། ཡུ་རོབ་གྲོས་ཚོགས་སུ་བསྩལ་བའི་བོད་རྒྱ་མཉམ་མཐུན་དུ་གནས་ཐབས་ཀྱི་འཆར་གཞི་བཅས་རིམ་འདོན་གནང་བ་རྒྱ་ཕྱོགས་ནས་དྭང་ལེན་མ་ཞུས་རུང༌། དྲང་བདེན་འོས་འཚམས་ཀྱི་དགོངས་ཚུལ་རླབས་པོ་ཆེ་དེར་འཛམ་གླིང་ཡོངས་ནས་བསྔགས་བརྗོད་གུས་བཀུར་གྱི་འབོད་སྒྲ་རྒྱ་ཆེར་བསྒྲགས་པས། རྒྱ་དམར་ངོ་ཚ་ཁ་སྐྱེངས་ཀྱི་གནས་ལ་བཀོད། གཞན་ཡང་སངས་རྒྱས་ཀྱི་བསྟན་པའི་མིང་ཙམ་ཡང་མ་གྲཌ་པའི་འཛམ་གླིང་ཡུལ་གྲུ་མང་པོར་ྋཞབས་ཀྱིས་བཅགས་ཏེ། རིགས་མོས་ལྟ་སྤྱོད་ཐ་དད་པའི་མི་རིགས་དུང་ཕྱུར་མང་པོ་ལ་བློ་དང་འཚམས་པའི་རྗེས་བསྟན་ལམ་སྟོན་བསྩལ་ཏེ་རྒྱུ་མཚན་མཐོང་བའི་དད་གུས་དང༌། བོད་དོན་ལ་སཻམས་ཁུར་བླ་ནས་བླ་མཐོར་སྤེལ་ཏེ་འཇིག་རྟེན་ཁྱོན་ལ་རྒྱལ་བའི་བསྟན་པ་དང་བོད་ཀྱི་རིག་གཞུང་ལ་དད་འདུན་ཡིད་ཆེས་རྙེད་པའི་མི་ཚོགས་གྲངས་མེད་དུ་སྤེལ། དེ་ལྟའི་རླབས་པོ་ཆེའི་མཛད་བཟང་གིས་ཡིད་འཕྲོགས་ཏེ་ཕྱི་ལོ་ ༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱང་མགོན་པོ་གང་ཉིད་ལ་ཕུལ་ཏེ་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོར་མངའ་གསོལ་བ་སོགས་གསང་བ་གསུམ་གྱི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་རྣམས་བརྗོད་ཀྱིས་ག་ལ་ལང༌། ལྷག་པར་བོད་ལྗོངས་ཙམ་མ་ཟད། འཛམ་གླིང་ཆབ་སྲིད་ཀྱི་ལོ་རྒྱུས་སུ་སྔར་མ་གྲགས་པའི་བྱུང་རིམ་གསར་པ་བོད་འབངས་རྣམས་སྟོན་པ་བདེ་བར་གཤེགས་པའི་དགོངས་ཚུལ་རྨ་མེད་པ་དང་རྗེས་སུ་མཐུན་པའི་དེང་རབས་མང་གཙོའི་ལམ་བཟང་ལ་འཁྲིད་པར་མཛད་སླད། རྒྱ་གར་དུ་ྋཞབས་སོར་འཁོད་འཕྲལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་བསྐྱངས་པ་ནས་བཟུང་ད་ལྟ་སྐབས་བཅིུག་པའི་སྤྱི་འཐུས་ལྷན་ཚོགས་བཅའ་ཁྲིམས་ལྡན་པའི་ཁྲིམས་བཟོ་གྲོས་ཚོགས་ཀྱི་ངོ་བོར་བསྒྱུར་བར་མཛད་པའི་བར། བོད་འབངས་རྣམས་ཀྱི་ཤེས་ཡོན་དང་སྙིང་སྟོབས་ཀྱི་གནས་ཚད་མ་ལོན་བཞིན་དུ་གྲོས་ཚོགས་ལམ་ལུགས་ཅན་གྱི་མང་གཙོའི་སྲིད་གཞུང་གི་གོ་འཕང་ལ་བཙན་ཐབས་སུ་འགོད་པར་མཛད་པའི་རླབས་ཆེན་གྱི་མཛད་བཟང་འདི་ནི་འཇིག་རྟེན་ཆབ་སྲིད་ཀྱི་འདྲེན་པ་གཞན་གྱིས་ཆ་ཤས་ཙམ་ཡང་འགྲན་པར་མི་ནུས་པའི་ཐུན་མིན་གྱི་མཛད་བཟང་སྔ་ནས་མེད་པ་བོད་ལྗོངས་རང་དབང་བསྐྱར་གསོ་དང༌། བོད་མིའི་ངོས་འཛིན་དང་ཆོས་རིག་གི་སྲོལ་རྒྱུན་འཛིན་སྐྱོང༌། འབྱུང་འགྱུར་བོད་མིའི་ཆབ་སྲིད་ཡར་ཐོན་རྒྱལ་ཁབ་སྤྱི་མཚུངས་སུ་འཛིན་སྐྱོང་ཐུབ་ཐབས་བཅས་པར་མེད་དུ་མི་རུང་བའི་ཆ་རྐྱེན་བླ་ན་མེད་པ་ཞིག་བསྐྲུན་པར་མཛད་པ་བཅས་གཏིང་མཐའ་བྲལ་བའི་མཛད་བཟང་རླབས་པོ་ཆེས་བོད་འབངས་སྐྱེ་རྒུ་ཡོངས་རྫོགས་སྐྱོང་བར་མཛད་པའི་བཀྲིན་གྱི་ཕུང་པོ་ནི་སྟོང་གསུམ་རིན་ཆེན་བདུན་གྱིས་ཕྱུར་བུར་བཀང་སྟེ་བསྐལ་པའི་བར་དུ་ཉིན་བཞིན་ལན་བརྒྱར་ཕུལ་ཡང་ཆ་ཙམ་གཞལ་བའི་གོ་སྐབས་ག་ལ་མཆིས། འོན་ཀྱང་བཀྲིན་གྱི་ཆ་ཤས་ཕྲ་མོ་ཙམ་གསབ་པའི་མངོན་འདོད་ཀྱི་ལྷག་བསམ་མཚོན་པའི་སླད་དང༌། ལྷག་པར་ལོ་འདི་མགོན་པོ་ཐུགས་རྗེ་གཏེར་ཆེན་གང་ཉིད་དགུང་གྲངས་རེ་གཅིག་གི་དགུང་སྐེག་ཏུ་ཕེབས་པའི་སྐབས་འདིར་བདག་ཅག་གདུལ་བྱའི་དཀར་མིན་ལས་ཀྱི་འབྲས་བུས་ཚུལ་བསྟན་སྐུ་གེགས་འགལ་རྐྱེན་གྱི་མཚན་མ་ཕྲ་མོ་ཙམ་མི་བཞེས་པར་ྋཞབས་པད་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བསྐལ་པ་ནས་བསྐལ་པའི་བར་དུ་ལྷམ་མེ་ལྷང་ངེ་ལྷན་ནེར་བཞུགས་པར་གསོལ་བ་འདེབས་པའི་སླད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་མགྲིན་གཅིག་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་ཞུས་ཏེ་ད་ལམ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གི་གཙུག་ལག་ཁང་གི་རྟེན་མཆོག་རྒྱ་མཚོའི་སྤྱན་སྔར། དངོས་བཤམས་ཡིད་སྤྲུལ་གྱི་ཀུན་བཟང་མཆོད་པའི་སྤྲིན་ཕུང་འབུལ་བཤམས་དང་འབྲེལ་གསུམ་ལྡན་རྡོ་རྗེ་འཛིན་པ་རྣམ་གྲྭ་མཁན་ཟུར་ལྡན་མ་བློ་ཆོས་རིན་པོ་ཆེས་དབུ་བཞུགས་ཐོག་དགེ་འདུན་འདུས་ཚོགས་ནས་བདུན་ཕྲག་གཅིག་གི་རིང་གྲུབ་དབང་རྟག་ཕུ་དག་སྣང་ཚེས་དཔག་མེད་ལྷ་ལྔའི་སྐུའི་ཚེ་སྒྲུབ་གནད་སྨིན་དང་འབྲེལ་ཤིང་ཕག་བོད་ཟླ་ ༦ པའི་ཚེས་ ༢༩ སྔ་མ་རེས་གཟའ་ཕུར་བུ་སྒྱུ་སྐར་རྒྱལ་དང་འགྲོགས་པའི་གཟའ་ཚེས་འཕྲོད་སྦྱོར་མཆོག་ཏུ་དགེ་བའི་ཉིན་རིས་མེད་བླ་སྤྲུལ་དང་དགེ་འདུན་འདུས་པ་རྒྱ་མཚོ་ནས་མཁའ་འགྲོ་བསུ་ཟློག་གི་བརྟན་བཞུགས་བསྟར་འབུལ་སར། རབ་དཀར་ལྷ་གོས་ཀྱིས་བཏེག་པའི་ཞིང་ཁམས་རྒྱ་མཚོས་བཀོད་པས་སྣ་དྲངས། སྐུ་གསུང་ཐུགས་རྟེན་ན་བཟའ་ཉེར་སྤྱད། བཀྲིས་μས་རྟགས། རྒྱལ་སྲིད་སྣ་བདུན་སོགས་དང་དངོས་འབུལ་མགོན་པོ་ཚེ་དཔག་མེད་གཙོར་བཞུགས་ཀྱི་ཚེ་ལྷ་རྣམ་གསུམ་གྱི་ཞལ་ཐང༌། རིན་ཆེན་དང་པོ་གསེར་ལས་གྲུབ་པའི་མཆོད་ཀོང་གཅིག གྲོ་འབྲས་བྱེ་ཀར་ཇ་མར་ཚ་སོགས་ཀྱི་རས་དོས་དང་འབུལ་བ་སྒོར་ བཅས་དད་གུས་སྤྲོ་གསུམ་གྱི་སྒོ་ནས་འཁོར་གསུམ་མི་དམིགས་པའི་དབྱིངས་སུ་རྒྱས་བཏབ་སྟེ་འབུལ་ལམ་ཞུས་པ་ལགས་ན། དངོས་འབུལ་པདྨའི་རྩ་བ་ལྟར་མཆོག་ཏུ་ཕྲ་ཡང༌། ཐུགས་རྗེས་དགྱེས་པའི་སྤྱན་རས་ཡུད་ཙམ་བཙའ་བ་དང༌། སླར་ཡང་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་སྙིང་པོར། མགོན་མེད་གངས་ཅན་ཞིང་འདིའི་འགྲོ་བ་རྣམས།། ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་པར།། དེ་སྲིད་མཚུངས་པ་མེད་པའི་གསང་གསུམ་གྱིས།། སྡེ་བཞི་དཔལ་ལ་སྦྱོར་ཞིང་བརྟན་པར་བཞུགས།། ཞེས་གསུངས་པ་ལྟར། བོད་གངས་ཅན་པ་རྣམས་ཀྱི་སྣོད་བཅུད་ཆབ་སྲིད་ཡོངས་ཀྱི་མངའ་བདག ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། བདག་ཅག་བོད་འབངས་ཡོངས་ཀྱི་འཕྲལ་ཡུན་ལེགས་ཚོགས་མ་ལུས་པ་གང་ལས་འབྱུང་བའི་གཞི་གཅིག་པུ། ྋསྐྱབས་མགོན་རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ཉིད། གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་མཐའ་དག་མགོན་པོ་གང་ཉིད་ཀྱི་ཟག་བྲལ་ཆོས་སྐུའི་དབྱིངས་སུ་གཅིག་ཏུ་འདྲེས་པའི་ཟུང་འཇུག་གདོད་མའི་རྒྱལ་སར་མ་སོན་པ་དེ་སྲིད་དུ། གསང་གསུམ་མཚན་དཔེའི་དཀྱིལ་འཁོར་མི་བཤིག་པའི་རྡོ་རྗེ། མི་ནུབ་པའི་རྒྱལ་མཚན། མི་འགྱུར་བའི་གཡུང་དྲུང་གི་ངོ་བོར། རྟག་བརྟན་གཞོམ་གཞིག་བྲལ་བར་འཚོ་ཞིང་གཞེས་ཏེ། རིང་པོར་མི་ཐོགས་པར་བོད་ལྗོངས་ཆོས་ལྡན་ཞིང་གི་ཆོས་སྲིད་རང་དབང་གི་མངའ་ཐང་བདག་གིར་བཞེས་ཏེ་དབུས་འགྱུར་ཆོས་ཀྱི་ཞིང་སར་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཕོ་བྲང་ཆེན་པོ་པོ་ཏཱ་ལའི་མི་འཇིགས་གདོང་ལྔས་བཏེག་པའི་གསེར་གྱི་ཁྲི་འཕང་མཐོན་པོར་ྋཞབས་སོར་བཀྲིས་ཀྱི་རེ་ཁ་མངོན་པར་བཀོད་དེ་བོད་འབངས་སྐྱེ་རྒུ་རྣམས་ཆོས་འབྱོར་བདེ་སྐྱིད་རྫོགས་ལྡན་གསར་པའི་དགའ་སྟོན་ལ་ཅི་དགར་ལོངས་སུ་སྤྱོད་པ་དང༌། འཇིག་རྟེན་འདིར་སྙིགས་ལྔའི་རྒུད་པའི་རང་མདངས་ནད་མཚོན་མུ་གེ་དམག་འཁྲུག་གི་འཇིག་པ་ཉེ་བར་ཞི་ནས་གངས་ལྗོངས་ཆོས་ལྡན་གྱི་ཞིང་དེ་འཚེ་མེད་ཞི་བའི་བསྟི་གནས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བ། མང་གཙོའི་ཆབ་སྲིད་དང་མཐའ་གཉིས་སྤངས་པའི་ནང་པའི་དཔལ་འབྱོར་གྱི་ལམ་བཟང་ལ་བརྟེན་པའི་མིག་དཔེར་འོས་པའི་སྤྱི་ཚོགས་གསར་པ་དེང་རབས་འགྲན་བསྡུར་དང༌། འཐབ་རྩོད། ཁོར་ཡུག་ཉམས་དམས་ཀྱི་གདུང་བས་དུབ་པའི་སྐྱེ་འགྲོ་རྣམས་ངལ་གསོ་བའི་བསྟི་གནས་ཤིག་ཏུ་བསྒྱུར་ཐུབ་པ་དང༌། བདག་ཅག་ལྟོས་པར་བཅས་པ་འདི་ནས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ་འབྲལ་མེད་མཉེས་བཞིན་རྗེས་སུ་འཛིན་པ་བཅས་ཀྱི་སྐྱབས་འཇུག་བརྩེ་བས་གཟིགས་པ་ཅི་ནས་ཀྱང་མཁྱཻན་ མཁྱཻན་ མཁྱཻན་ མཁྱཻན་ མཁྱཻན་ མཁྱེན་ཅེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་རྩེ་གཅིག་ཏུ་འདེབས་པ། ལགས་སོ།།

འདི་ནི་ྋགོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས་མཎྜལ་བཤད་པའི་ཆེད་ ༡༩༩༥ ཕྱི་ཟླ་ ༨ ཚེས་ ༢༣ ཉིན་ཟིན་བྲིས་བཏབ་པ་ཞིག་རེད་འདུག