མི་ཚེ་བདེ་སྐྱིད་ལྡན་པ་དང་དོན་དང་ལྡན་པ་ཡོང་ཐབས།

༄༅། །མི་ཚེ་བདེ་སྐྱིད་ངང་འཚོ་བར་འདོད་ན།
དང་པོ། ལུས་ཁམས་བདེ་ཐང་དང༌།
གཉིས་པ། སེམས་རྣལ་དུ་གནས་པ།
གསུམ་པ། ཡང་དག་པའི་འཚོ་བ་དང་ཡང་དག་པའི་ལས་ཀྱི་མཐའ་དང་ལྡན་པ་གསུམ་འཛོམས་དགོས། དེ་གསུམ་ཡང་ཕན་ཚུན་ལྟོས་གྲུབ་ཡིན་པས་གཅིག་ཡོང་བ་གཞན་གཉིས་ལ་ལྟོས།

དང་པོ། ལུས་ཁམས་བདེ་ཐང་ཞེས་པ་ནི་ཛ་དྲག་ཆེ་བའི་ན་ཚ་མེད་ཅིང༌། རྒྱུན་ལྡན་གྱི་བྱ་བ་ལ་འབད་མེད་དུ་འཇུག་ནུས་པ་ཞིག་ལ་གོ དེའི་ཆེད།

༡ བཟའ་བཏུང་དང༌།

༢ སྤྱོད་ལམ།

༣ འཕྲོད་བསྟེན།

༤ གཙང་སྦྲ།

༥ ནད་རིགས་སྔོན་འགོག་དང་ན་བའི་གསོས་སྨན་བཅས་དགོས།

༡ བཟའ་བཏུང་ལ།

ཀ རང་བཞིན་གྱིས་མི་འཕྲོད་པ་དང༌།

ཁ སྦྱོར་བས་མི་འཕྲོད་པ།

ག འབགས་བཙོག་གིས་མི་འཕྲོད་པ།

ང ཡུལ་དུས་ཀྱིས་མི་འཕྲོད་པ།

ཅ ཚད་ལས་བརྒལ་བས་མི་འཕྲོད་པ་བཅས་སྤང་དགོས།

༢ སྤྱོད་ལམ་ལ།

ཀ རྒྱུན་སྤྱོད་དང༌།༤༡༦

ཁ དུས་སྤྱོད།

ག གནས་སྐབས་ཀྱི་སྤྱོད་ལམ་རྣམས་ཚུལ་མཐུན་བསྟེན་དགོས། དེ་དག་སྨན་གཞུང་སྤྱི་དང༌། ཁྱད་པར་རྒྱུད་བཞིའི་ནང་གསལ།

༣ འཕྲོད་བསྟེན་ལ།

ཀ ལུས་རྩལ་དང༌།

ཁ རྩ་རླུང་གི་རྩལ་སྦྱོང༌།

ག ངལ་རྩོལ་དང་ངལ་གསོ་གཉིད་བཅས་འདང་ངེས་དགོས།

༤ གཙང་སྦྲ་ལ།

ཀ ཁོར་ཡུག་གི་གཙང་སྦྲ།

ཁ གནས་མལ་དང་གོས་ཀྱི་གཙང་སྦྲ།

ག ལུས་ཕྱི་ནང་གི་གཙང་སྦྲ་བཅས་ཚུལ་བཞིན་དུ་དགོས།

༥ ནད་རིགས་སྔོན་འགོག་དང་ན་བའི་གསོས་སྨན་ལ།

ཀ བོད་ཀྱི་ཚེའི་རིག་བྱེད།

ཁ ཧོམིའོཔེཐི།

ག རང་བཞིན་འབྱུང་བ་ལ་བརྟེན་པའི་སྨན།

ང ཡུནཱནིའ།

ཅ སིདྡྷ།

ཆ ཁ་དོག་གི་སྨན།

ཇ རྩ་གནད་བརྟོལ་བ་དང་མནན་པ།

ཉ ཁབ་ལེན་གྱི་སྨན།

ཏ རིཁཱི།

ཐ སྔགས་དང་ཏིང་ངེ་འཛིན་གྱི་གསོ་ཐབས།

ད དེང་རབས་ཀྱི་སྨན་སོགས་ཡོད་རུང༌། དེང་རབས་ཀྱི་སྨན་མ་ཡིན་པ་རྣམས་ལ་གཙོ་བོར་བསྟེན་ཐབས་བྱེད་དགོས།

གཉིས་པ། སེམས་རྣལ་དུ་གནས་པ་ཞེས་པ་ནི་ཤེས་པ་རང་བཞིན་དུ་གནས་པའི་ཐོག་རྨོངས་དད་དང༌། རྒྱུ་མཚན་མེད་པའི་ཡིད་ཆེས་ཨ་འཐས། གོམས་གཤིས་ངན་པ། གཞན་གྱིས་ཀླད་པ་བཀྲུས་པ་སོགས་དང༌། ཤེས་རབ་མི་གསལ་བས་ཡུལ་གྱི་སྤུ་རིས་འབྱེད་མི་ནུས་པ། འདོད་ཆགས་དང༌། ཞེ་སྡང༌། ང་རྒྱལ། འཁོན་འཛིན། འགྲན་སེམས་སོགས་ཉོན་མོངས་ཤུགས་དྲག་གི་གཞན་དབང་དུ་སོང་བ་མ་ཡིན་པར་རང་སྟོབས་ཀྱིས་ཡུལ་རྣམ་པར་འབྱེད་ནུས་པ་ཞིག་ལ་ཟེར། དེ་ཡང༌།

ཀ ཕྱོགས་སུ་མ་ལྷུང་བར་གཟུ་བོར་གནས་པ་དང༌།

ཁ བསམ་ནུས་པ་དང་དཔྱད་ནུས་པའི་སྤོབས་པ་དང་ལྡན་པ།

ག ཡང་དག་པའི་རིགས་པའི་ལམ་ལ་གོ་བ་ཆགས་པ་ཞིག་དགོས།

དེའི་ཆེད།

ཀ བསྡུས་གྲྭ་རྟགས་རིགས་སོགས་ཚད་མ་རིག་པ་དང༌།

ཁ དེང་རབས་ཀྱི་ཚད་མ་རིག་པ།

ག སྤྱིར་བཏང་ཚན་རིག

ང ཁྲིམས་རྩོད་དང་བགྲོ་གླེང་བྱེད་ཕྱོགས་བཅས་ལ་སྦྱང་དགོས།

གསུམ་པ། ཡང་དག་པའི་འཚོ་བ་དང་ཡང་དག་པའི་ལས་ཀྱི་མཐའ་ཞེས་པ་ནི་རང་གི་འཚོ་ཐབས་དང་དེ་འབྲེལ་གྱི་ལས་རིགས་འཚེ་བ་དང༌། བཤུ་གཞོག ཁོར་ཡུག་ལ་གནོད་པ་མེད་ཅིང༌། རང་དང་རང་ཉིད་ལ་ལྟོས་པའི་ནང་མི་རྣམས་ཀྱི་འཚོ་ཐབས་འདོད་རྔམས་ལ་བརྟེན་པ་མ་ཡིན་པར། དངོས་དོན་དགོས་མཁོ་ལ་བརྟེན་པ། དབུལ་ཕོངས་དང་བག་མེད་ལོངས་སྤྱོད་ཀྱི་མཐའ་གཉིས་སུ་མ་ལྷུང་ཞིང༌། རྒྱུན་གནས་ཐུབ་པ་ཞིག་དགོས། དེའི་ཆེད།

ཀ སྐྱེ་ལྡན་དང་རང་བཞིན་གྱི་སོ་ནམ་དང༌།

ཁ ལག་ཤེས་དང་བཟོ་ལས་ཆུང་ཙག

ག གཡོ་སྒྱུ་དང་བཤུ་གཞོག་མེད་པའི་ཚོང་ལས།

ང ཁྲིམས་མཐུན་གླ་འབབ་བམ་ཡོན་ཡོད་པའི་ལས་རིགས།

ཅ ཁ་ན་མ་ཐོ་བ་མེད་པའི་ཕོགས་ཡོད་ལས་རིགས་སོགས་རྣམ་གྲངས་མཐའ་ལས་འདས།

གོང་གསལ་གྱི་ཆ་རྐྱེན་གསུམ་ཚང་ན་མི་ཚེ་བདེ་སྐྱིད་ངང་འཚོ་ཐུབ།

མི་ཚེ་དོན་དང་ལྡན་པ་ཞིག་ཡོང་འདོད་ན།

དེ་རྣམས་ཀྱི་ཐོག་ཆ་རྐྱེན་བཞི་པ་ནང་དོན་གྱི་གཞི་རྩ་དང་མ་བྲལ་བ་ཞིག་དགོས། དེ་ནི་ཆོས་པ་ཞིག་ཡིན་ན་རང་གིས་ཉམས་ལེན་བྱ་རྒྱུའི་ཆོས་ལུགས་གང་ཡིན་དེའི་གསུང་རབ་ནས་བྱུང་བའི་ཆོས་ཀྱི་ཉམས་ལེན་དང༌། ཆོས་ཁས་མི་ལེན་མཁན་ཞིག་ཡིན་རུང༌། ཕྱིའི་དངོས་པོ་ཁོ་ན་ལ་མི་གཡེལ་བར་ནང་གི་སེམས་ཀྱི་གནས་ཚུལ་གོང་མཐོར་འགྲོ་བའི་འདུན་པ་དང་རྩོལ་བ་རྒྱུན་ལྡན་དུ་ཡོད་པ་ཞིག་ལ་ཟེར། ནང་པ་ལྟ་བུར་མཚོན་ན་རང་གིས་སྐྱེས་བུ་གསུམ་གྱི་ལམ་ག་འདྲ་ཞིག་ལ་བསླབ་པའི་བློའི་ནུས་པ་དང་ལྡན་པ་ཞིག་ཡིན་པ། དེ་དང་མཐུན་པའི་བློ་སྦྱོང་ཐབས་དང༌། རྒྱུན་ལྡན་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ཐམས་ཅད་དེ་དང་མཐུན་པ་དང༌། དེའི་དབང་འོག་ནས་བྱེད་ཐུབ་པ་ཞིག་ལ་གོ་དགོས། དེ་འདྲ་ཞིག་བྱུང་ན་མི་ཚེ་བདེ་སྐྱིད་དང་ལྡན་པ་ཙམ་མ་ཟད། དོན་དང་ལྡན་པ་དང༌། རབ་ལ་འཆི་བའི་ཚེ་དགའ་སྤྲོའི་ངང་ཤི་བ་དང༌། མཐའ་མར་ཡང་འཆི་བར་མི་འཚེར་བ་ཞིག་ཡོང་བ་ཡིན། དེང་རབས་ནུབ་ཕྱོགས་པས་ཀྱང་གཞན་ལ་བཤུ་གཞོག་གིས་འཚོ་བ་ནི་འཚོ་ཐབས་སྐྱོ་ཤོས་དང༌། རང་ཉིད་འཚོ་ཞིང་གཞན་ཡང་འཚོར་འཇུག་པ་ནི་འཚོ་ཐབས་འབྲིང༌། གཞན་འབའ་ཞིག་གི་དོན་དུ་འཚོ་བ་ནི་འཚོ་ཐབས་མཆོག་ཡིན་ཞེས་བཤད་སྲོལ་ཡོད།

མི་ཚེ་དོན་ལྡན་དང་བདེ་སྐྱིད་ངང་སྐྱེལ་ཚུལ་ཐོག་གསུང་བཤད་གནང་ཆེད་བཟོས་པའི་ཟིན་བྲིས་མདོར་བསྡུས་ཤིག་ཡིན་འདུག