༈  མེརཋ་དང་འབྲས་སྤུངས་བློ་གླིང་དུ་མཛད་འཕྲིན་བསྐྱངས་པ།

༄༅།།  སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ ༢༠༡༧ ཕྱི་ཟླ་ ༡༠ ཚེས་ ༡༢ ཉིན་བཞུགས་སྒར་དྷ་ས་ནས་དིལླཱིར་འབྱོར།

༢༠༡༧ ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན་ཚོགས་འདུ་འགའ་ཞིག་ཏུ་བཅར་བ་དང་མི་སྣ་མཇལ་མཁན་འགའ་ཞིག་ལ་དུས་ཚོད་གནང་།

༢༠༡༧ ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་སྔ་དྲོ་དིལླཱི་ནས་མེརཋ་ (Meerut) ལ་འབྱོར། དེ་ནས་ཚེས་ ༡༥ བར་ཚེས་ ༡༦ ཉིན་༧གོང་ས་མཆོག་གིས་འཇིག་རྟེན་ཀུན་ཁྱབ་བཟང་སྤྱོད་ (Universal ethics) ཀྱི་སློབ་ཚན་འཆར་གཞི་ (School curriculum) རྒྱ་གར་སློབ་གྲྭ་ཁག་བཅུར་ལག་བསྟར་དབུ་འབྱེད་གནང་རྒྱུའི་ཚོགས་འདུའི་གྲ་སྒྲིག་སྟ་གོན་གནང་།

༢༠༡༧ ཕྱི་ཟླ་ ༡༠ ཚེས་ ༡༦ ཉིན་སྔ་དྲོ་དབུ་འབྱེད་ཚོགས་འདུའི་ཚོགས་མགོན་དུ་༧གོང་ས་མཆོག་ཆིབས་བསྒྱུར་སྐབས་ཐོག་མཐའ་བར་གསུམ་དུ་ལམ་སྟོན་ཚགས་ཚུད་གནང་། ཕྱི་དྲོ་དིལླཱིར་འབྱོར།

༢༠༡༧ ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་དིལླཱི་ནས་སྦེང་ལོར་དང་ཧུབ་ལི་བརྒྱུད་མོན་གོར་འབྲས་སྤུངས་བློ་གསལ་གླིང་དུ་འབྱོར་སྐབས་བློ་གླིང་མཁན་རིན་པོ་ཆེ་དང་དབུ་ཆོས་གསུམ་ཕྱག་མཛོད་བཅས་ནས་ཕེབས་བསུ་ཞུས།

༢༠༡༧ ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་མི་སྣ་འགའ་ཞིག་ལ་དུས་ཚོད་གནང་།

༢༠༡༧ ཕྱི་ཟླ་ ༡༠ ཚེས་ ༡༩ ནས་ཚེས་ ༢༧ བར་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་དང་།  སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དེའི་འགྲེལ་པ་བུདྡྷ་པཱལིཏའི་བཀའ་ཁྲིད་མུ་མཐུད་ལེགས་པར་བསྐྱངས་ཤིང་། ཉིན་ལྟར་སྔོན་འགྲོར་ཆོས་ཉན་པའི་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཆོས་བྱང་ཆུབ་ལམ་གྱི་རིམ་པ་ནས་བྱུང་བ་བཞིན་ལེགས་པར་གསལ་བཏབ་སྟེ་གསན་དགོས་ཚུལ་གདམས་པ་མ་ཟད། གསུང་ཆོས་ཀྱི་མགོ་མཇུག་ཏུ་ལྟ་བའི་དཀའ་གནད་ལས་བརྩམས་ཏེ་ལེགས་བཤད་ཀྱི་སྒོ་མོ་ལྷུག་པོར་ཕྱེ་བར་མཛད། ད་ལམ་དེ་སྔའི་ (༢༠༡༥) འཕྲོ་མཚམས་རབ་བྱེད་ལྔ་པ་ཁམས་བརྟག་པ་ནས་དབུ་འཛུགས་ཀྱིས་རབ་བྱེད་བཅིུག་པ་འཁོར་བ་བརྟག་པའི་བར་ལེགས་པར་གྲུབ། དེ་བཞིན་གསུང་ཆོས་ཀྱི་སྔ་དགོང་དུ་མི་སྣ་མཇལ་མཁན་རྣམས་ལ་དུས་ཚོད་བསྩལ།

༢༠༡༧ ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་སྔ་དྲོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་ཚན་རིག་སྡེ་ཚན་གྱིས་གོ་སྒྲིག་གནང་བའི་བློ་གསལ་གླིང་གི་སྒོམ་སྒྲུབ་དང་ཚན་རིག་ལྟེ་གནས་ཁང་དུ་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་དབར་གྱི་བགྲོ་གླེང་ཐེངས་གཉིས་པར་གདན་ཞུས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་གསུང་བཤད་དང་དྲི་བ་རྣམས་ལ་ལན་འདེབས་གནང་ཞིང་། དེ་བཞིན་ཉིན་གང་པོར་ཚོགས་འདུར་ཞུགས་ཏེ་གསུང་བཤད་ཁག་ལ་ཉན་ཞིབ་ཀྱིས་ཉིན་དང་པོའི་མཇུག་བསྡོམས་སུ་དགོངས་ཚུལ་ཁག་ཞིབ་གསལ་གསུངས་འདུག

༢༠༡༧ ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་མོན་གོར་འབྲས་སྤུངས་བློ་གསལ་གླིང་ནས་ཕེབས་ཐོན་གྱིས་སྦེང་ལོར་བརྒྱུད་ ༢༠༡༧ ཕྱི་ཟླ་ ༡༠ ཚེས་ ༣༠ ཕྱི་དྲོ་བཞུགས་སྒར་དྷ་སོར་བདེ་འབྱོར་བྱུང་བ་བཅས།