འཇམ་དཔལ་མཚན་བརྗོད་ཀྱི་རྒྱ་ཆེར་བཤད་པའི་སྔོན་གླེང་།

༄༅།། བླ་མ་དང་དབྱེར་མ་མཆིས་པའི་འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། བརྩེ་བ་ཆེན་པོས་དུས་དང་གནས་སྐབས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། 

JamTsenbjod

དཔལ་ལྡན་འཇམ་དཔལ་ངག་གི་དབང་ཕྱུག་བློ་གྲོས་བཟང་ལྡན་ཡེ་ཤེས་སྐུ་བརྙེས་བདེར་གཤེགས་ཀུན་གྱི་ཡབ་གྱུར་ཀྱང་།། རྒྱལ་བའི་བསྟན་ལ་རྒྱལ་སྲས་ཚུལ་འཛིན་རྒྱ་ཆེན་འཕྲིན་ལས་མཐའ་ཡས་འགྲོ་བའི་ཁམས་མོས་དབང་པོའི་རྗེས་འགྲོ་བ།། གང་གསུང་བདུད་རྩིའི་རོལ་མཚོ་གཏིང་བྲལ་འཆད་རྩོད་རྩོམ་པའི་རླབས་འཕྲེང་ཡིད་འོང་སྲིད་པ་གསུམ་གྱི་བླ་ན་གཡོ།། སྟོབས་བཅུའི་དཔལ་ལ་མངའ་དབང་ཡོངས་བསྒྱུར་འགྲོ་བའི་མགོན་པོ་ཐུགས་རྗེའི་གཏེར་ཆེན་མཚུངས་པ་མེད་པའི་སྡེ་དེས་སྐྱོངས།།

༡༽ འཇམ་དཔལ་མཚན་བརྗོད་ཀྱི་རྒྱ་ཆེར་བཤད་པ།
དེ་ཡང་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་བཤད་པ་རྡོ་རྗེའི་རྣལ་འབྱོར་གྱི་དེ་ཁོ་ན་ཉིད་སྣང་བར་བྱེད་པའི་ཉི་མ་ཆེན་པོ་ཞེས་བྱ་བ་རྒྱལ་མཆོག་སྐུ་ཕྲེང་གཉིས་པ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་མཛད་པ་འདི་ནི་མཚན་བརྗོད་ཀྱི་རྒྱ་བོད་གཉིས་ཀའི་འགྲེལ་པ་ཐམས་ཅད་ཀྱི་ནང་ནས་ཆེས་ཁྱད་པར་དུ་འཕགས་པ་ཞིག་དང་། སེམས་འགྲེལ་སྐོར་གསུམ་དང་མཐུན་པར་མཚན་བརྗོད་དུས་འཁོར་ལུགས་སུ་འགྲེལ་བའི་བོད་འགྲེལ་རྣམས་ཀྱི་ནང་ནས་སྔོན་མེད་པའི་ལེགས་བཤད་གསར་པ་ཞིག་ཡིན། སྤྱིར་འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་པ་ལ་མཚན་བརྗོད་རྣལ་འབྱོར་རྒྱུད་དུ་བཀྲལ་བ་དང་། བླ་མེད་ཀྱི་རྒྱུད་དུ་བཀྲལ་བ་གཉིས་དང་། བླ་མེད་དུ་བཀྲལ་བ་ལའང་བླ་མེད་སྤྱི་འགྲོ་དང་མཐུན་པ་དང་། དུས་འཁོར་ལུགས་ཀྱི་སེམས་འགྲེལ་སྐོར་གསུམ་དང་མཐུན་པར་བཀྲལ་བ་གཉིས་སུ་ཡོད་པ་དང་། དེ་དག་ལ་རྒྱ་འགྲེལ་གྲགས་ཆེ་བ་ཇི་ཙམ་ཡོད་པ་སོགས་རྒྱ་ཆེར་བཤད་པ་ཉིད་དུ་མདོ་ཙམ་གསལ་བ་མ་ཟད། མཚན་བརྗོད་ཀྱི་རྒྱ་བོད་ཀྱི་འགྲེལ་པ་རྣམས་ཀྱི་དཀར་ཆག་གཞུང་འདིའི་ཟུར་རྒྱན་དུ་བཀོད་ཡོད་པས་འདིར་ཞིབ་ཏུ་སྤྲོས་པའི་ངལ་བ་མ་བྱས་ཤིང་། རྒྱ་ཆེར་བཤད་པ་འདིའི་ཁུངས་གཏུགས་ཡུལ་གཙོ་བོ། ༡༽ རྒྱལ་པོ་པདྨ་དཀར་པོས་མཛད་པའི་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་དྲི་མ་མེད་པའི་འོད་ཅེས་བྱ་བ། དཔལ་བསོད་སྙོམས་པ་ཆེན་པོས་བསྒྱུར་བ། ༢༽ སློབ་དཔོན་དཔེ་མེད་འཚོས་མཛད་པའི་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་བདུད་རྩིའི་ཐིགས་པ་སྒྲོན་མ་གསལ་བ་ཞེས་བྱ་བ། སུགཏཤྲཱི་དང་། ངྷརྨཀཱིརྟི། རྡོ་རྗེ་རྒྱལ་མཚན་བཅས་ཀྱིས་བསྒྱུར་བ། ༣༽ སློབ་དཔོན་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པའི་འཕགས་པ་མཚན་ཡང་དག་པར་བརྗོད་པའི་མདོར་བཤད་བདུད་རྩིའི་ཐིགས་པ་ཞེས་བྱ་བ། ནོར་བུ་དཔལ་ཡེ་ཤེས་དང་། ཉི་མའི་དབང་པོའི་འོད་ཟེར། ཆོས་རྗེ་དཔལ་བཅས་ཀྱིས་བསྒྱུར་བ་གསུམ་ཡིན་ཞིང་། ༤༽ མིའི་དབང་པོ་གྲགས་པས་མཛད་པའི་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྣམ་པར་བཤད་པ་ཨབྷཡབཛྲ་དང་། སྦལ་རྡོ་རྗེ་རྒྱལ་པོས་བསྒྱུར་བ། ༥༽ འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཕན་ཡོན་གྱི་འགྲེལ་པ་དུས་ཞབས་པས་མཛད་པ་ཨབྷཡབཛྲ་དང་༑ རྡོ་རྗེ་རྒྱལ་པོས་བསྒྱུར་བ་གཉིས་ནས་ཀྱང་ལེགས་ཆ་ཅི་རིགས་བཞེས་འདུག །
དེའང་དང་པོ་བྱང་ཆུབ་སེམས་དཔའ་པདྨ་དཀར་པོས་མཛད་པའི་དྲི་མ་མེད་པའི་འོད་ནི་གཞུང་འདིའི་རྒྱ་འགྲེལ་ཐམས་ཅད་ཀྱི་ནང་ནས་གཙོ་བོར་གཟུང་འོས་ཏེ། དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ཀྱི་འགྲེལ་བྱེད་དུ་ལུང་གིས་ཟིན་པའི་འཇིག་རྟེན་དབང་ཕྱུག་གི་རྣམ་འཕྲུལ་རྒྱལ་པོ་པདྨ་དཀར་པོས་དཔལ་དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་ཀྱི་འགྲེལ་ཆེན་ལའང་དྲི་མེད་འོད་ཅེས་བཏགས་ཤིང་། དེ་དང་མཚན་མཐུན་པར་མཚན་བརྗོད་ཀྱི་འགྲེལ་པ་དེའང་དྲི་མེད་འོད་ཅེས་བཏགས་པ་དང་། གཞུང་གཉིས་ཀྱི་ཚིག་རིས་ཀྱང་མཐུན་པ་མ་ཟད། མཆོད་བརྗོད་མི་འདྲ་བ་མེད་པར་གཅིག་གྱུར་དང་། དུས་འགྲེལ་དྲི་མེད་འོད་ལ་ཞལ་འཕངས་པའང་ཅི་རིགས་འདུག་གོ༑ དགེ་སློང་རྡོ་རྗེ་འཛིན་པ་དཔལ་བསོད་སྙོམས་པ་ཆེན་པོ་སྟེ། བོད་སྐད་དུ་རྩ་མི་སངས་རྒྱས་གྲགས་ཞེས་ཞུ་བ་དེ་ནི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན། འཕགས་ཡུལ་གྱི་འགྲན་ཟླ་མེད་པའི་མཁས་དབང་འཇིགས་མེད་འབྱུང་གནས་སྦས་པ་ཆེན་པོའི་དངོས་ཀྱི་སློབ་མར་གྱུར་ཅིང་༑ དཔལ་རྡོ་རྗེ་གདན་གྱི་གཙུག་ལག་ཁང་གི་མཁན་པོའང་གནང་བའི་གྲགས་ཅན་ཞིག་ཡིན་པ་དེས་བསྒྱུར་ཞིང་། ཁོང་གིས་གཞུང་འདིའི་འགྱུར་བྱང་དུ། “འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་གི་ཁྱད་པར་དང་། འགྱུར་བའི་བདེ་བ་དང་མི་འགྱུར་བའི་ཁྱད་པར་གསལ་བར་སྟོན་པ་ལ་མཚན་ཡང་དག་པར་བརྗོད་པ་དང་། དུས་ཀྱི་འཁོར་ལོ་དུས་གཅིག་ཏུ་འགྲེལ་པ་དྲི་མ་མེད་པའི་འོད་དུ་བཀྲལ་ལོ།།” ཞེས་སོགས་དྲི་མེད་འོད་གཉིས་ཀའི་མཛད་པོ་པདྨ་དཀར་པོ་ཉིད་ཡིན་པར་གསལ་སྟོན་མཛད་ཡོད་ཅིང་། རྗེ་དགེ་འདུན་རྒྱ་མཚོས་ཀྱང་“འདི་བུ་སྟོན་ཆོས་འབྱུང་གི་དཀར་ཆག་ཏུ་མ་ཆུད་ཀྱང་། དཔལ་རྩེད་ཐང་དང་། རི་བོ་སྡེ་ཆེན་གྱི་བསྟན་འགྱུར་ནང་བཞུགས་སོ།།” ཞེས་གསུངས་ཏེ་ཚད་མར་མཛད་ནས། “འདིར་ནི་ཚིག་དོན་འཆད་པ་ལ་པདྨ་དཀར་པོས་མཛད་པའི་དྲི་མེད་འོད་དང་། དཔེ་མེད་འཚོའི་འགྲེལ་པ། ཉི་མ་དཔལ་གྱི་བདུད་རྩིའི་ཐིགས་པ་རྣམས་སྐབས་སུ་གང་བབ་དང་འཆད་གང་བདེ་བའི་ཕྱོགས་གཞིར་བཞག །ལེགས་ཆ་རྣམས་གུང་ལེགས་པར་བསྒྲིགས་ནས་འཆད་ལ།” ཞེས་གསུངས་སོ།། བུ་སྟོན་ཆོས་འབྱུང་གི་དཀར་ཆག་ཏུ་མ་ཚུད་པ་ཐུགས་བདེན་ཡང་། བུ་སྟོན་གྱི་བསྟན་འགྱུར་གྱི་དཀར་ཆག་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་ཞེས་པ་ཞིག་ཟུར་དུ་ཡོད་པ་དེའི་ནང་ཚུད་ཡོད། དཀར་ཆག་དེ་རྗེ་དགེ་འདུན་རྒྱ་མཚོའི་སྤྱན་ལམ་དུ་མ་གྱུར་པ་ཡིན་ཚོད། ཀུན་མཁྱེན་བུའི་དཀར་ཆག་དེའི་ནང་“མཚན་བརྗོད་ཀྱི་འགྲེལ་པ་མིའི་དབང་པོ་གྲགས་པས་མཛད་པ་དང་། མཚན་བརྗོད་ཀྱི་འགྲེལ་པ་དྲི་མ་མེད་པའི་འོད་བྱང་ཆུབ་སེམས་དཔའ་པདྨ་དཀར་པོས་མཛད་ཟེར་བ། དགེ་སློང་བསོད་སྙོམས་པའི་འགྱུར། མཚན་བརྗོད་ཀྱི་ཕན་ཡོན་གྱི་འགྲེལ་པ་སྔགས་ཀྱི་སྙིང་པོ་བསྡུས་པ་དུས་ཞབས་པས་མཛད་པ། འདི་གསུམ་བོད་མ་ཡིན་པར་སྣང་སྟེ། སྔ་མ་རྣམས་ཀྱིས་བྲིས་སྣང་བས་བཞུགས་སུ་བཅུག་པ་ཡིན།” ཞེས་གསུངས་འདུག་པ་ནི་དོན་ལ་གནས་པར་མ་མཐོང་ཞིང་༑ བླུན་རྨོངས་བདག་ལྟ་བུས་ཀུན་མཁྱེན་བུའི་གསུང་ལ་ཀླན་ཀ་འཚོལ་བར་ག་ལ་ནུས་ཀྱང་༑ གཞུང་གཞན་གཉིས་ཞིབ་པར་མཇལ་ལོངས་མ་བྱུང་ཡང་། མཚན་བརྗོད་འགྲེལ་པ་དྲི་མ་མེད་པའི་འོད་བོད་མ་ཡིན་པའི་རྒྱུ་མཚན་མ་མཐོང་བ་མ་ཟད། གོང་དུ་སྨོས་པ་བཞིན་ལོ་ཙཱ་བ་ཚད་ལྡན་གྱིས་བསྒྱུར་བ་སོགས་ལས་རྒྱ་དཔེ་ནས་བསྒྱུར་བ་ཚད་ཐུབ་ཏུ་མངོན་པས་ཀུན་མཁྱེན་བུའི་གསུང་དེ་ནི་པཎྜིཏ་མཉམ་པར་མ་བཞག་པའི་གསུང་ཞིག་ཡིན་ནམ་སྙམ། ནམ་ཞིག་མཚན་འགྲེལ་དྲི་མེད་འོད་ཀྱི་རྒྱ་དཔེ་ཞིག་རྙེད་སོན་བྱུང་ན་དྭོགས་པ་ཆོད་པར་འགྱུར་རོ།།
གཉིས་པ་སློབ་དཔོན་དཔེ་མེད་འཚོས་མཛད་པའི་བདུད་རྩིའི་ཐིགས་པ་སྒྲོན་མ་གསལ་བ་ནི་གཞུང་འདིའི་རྒྱ་འགྲེལ་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་པས་རྗེ་དགེ་འདུན་རྒྱ་མཚོས་ཀྱང་ལུང་ཁུངས་ཚད་མར་མཛད་འདུག་ཅིང་། འགོས་ལོའི་དེབ་སྔོན་དུ་དཔེ་མེད་འཚོ་པདྨ་དཀར་པོའི་དངོས་སློབ་ཏུ་བཞེད་འདུག །སློབ་དཔོན་འདི་རྗེ་ནཱ་རོ་པས་ཀྱང་ཚད་མར་བཟུང་སྟེ་དབང་མདོར་བསྟན་གྱི་འགྲེལ་པའི་ནང་ལུང་འདྲེན་ཡང་གནང་ཡོད། འགྲེལ་པ་འདི་ཆ་ཚང་ཚིགས་བཅད་དུ་བཞུགས། འདིའི་མཚན་ལ་ཞིབ་མོ་རྣམ་པར་འཐག་པ་ཞེས་ཀྱང་མཇུག་བྱང་དུ་གསལ། རྒྱ་ཆེར་བཤད་པ་འདིའི་ནང་གཞུང་འདི་ཕལ་མོ་ཆེར་དྲངས་པ་ལྟ་བུ་ཞིག་འདུག
གསུམ་པ་སློབ་དཔོན་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པའི་མདོར་བཤད་བདུད་རྩིའི་ཐིགས་པ་ཡང་གལ་ཆེའི་རྒྱ་འགྲེལ་ཞིག་ཡིན་པ་དང་། གྲུབ་ཐོབ་ཉི་མ་དཔལ་ཡེ་ཤེས་ནི་དཔེ་མེད་འཚོ་ནས་བླ་བརྒྱུད་གཉིས་ཀྱི་རྗེས་ཕེབས་པ་དང་། དུས་འཁོར་སྦྱོར་དྲུག་གི་རྒྱུད་འཛིན་མཁས་གྲུབ་གྲས་ཡིན་ཞིང་། ཁོང་གི་འགྲེལ་པ་འདི་ཡང་རྗེ་དགེ་འདུན་རྒྱ་མཚོས་ཚད་མར་བཟུང་སྟེ་ལུང་འདྲེན་ཧ་ཅང་མང་པོ་མཛད་པ་དང་། སྐབས་མང་པོར་བདུད་རྩིའི་ཐིགས་པ་རྣམ་གཉིས་ཞེས་གསུངས་འདུག་ཅིང་། འགྲེལ་པ་འདི་གསུམ་གྱི་མཛད་པ་པོ་སུ་ཡིན་དང་། རྒྱ་གཞུང་ཡིན་མིན་ལ་ཐེ་ཚོམ་གྱི་གཞི་མ་མཆིས་སོ་སྙམ་མོ།།
བཞི་པ་མིའི་དབང་པོ་གྲགས་པས་མཛད་པའི་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྣམ་པར་བཤད་པ་འདི་ལ། རྗེ་དགེ་འདུན་རྒྱ་མཚོས། “མིའི་དབང་པོ་གྲགས་པས་མཛད་པར་གྲགས་པ་དེ་ནི་དེས་གསུངས་པའི་བརྗེད་བྱང་གཞན་གྱིས་བྱས་པ་ལྟ་བུར་འདོད་ན་མ་གཏོགས། དེ་ཉིད་ཀྱི་ཚིག་སྦྱོར་བསྒྲིགས་ནས་མཛད་པ་ནི་མ་ཡིན་པར་མངོན་ཏེ༑ མཆོད་བརྗོད་ཀྱི་འོག་བསྡུས་དོན་འགོད་པའི་མཚམས་སྦྱར་དུ། དེ་ལ་མཚན་ཡང་དག་པར་བརྗོད་པའི་དོན་མ་ལུས་པར་རྟོགས་པར་བྱ་བའི་ཕྱིར། མིའི་དབང་པོ་གྲགས་པ་ཞེས་བྱ་བས་དོན་གསལ་བར་བསྟན་པའི་ཕྱིར་གསུངས་པ་ཞེས་བྱ་ལ། རྡོ་རྗེའི་ཚིག་འཆད་པའི་ནུས་པའང་ཧ་ཅང་ཆེ་རྒྱུ་མི་འདུག་ཅིང་། ཐམས་ཅད་མཁྱེན་པ་བུ་སྟོན་ཁ་ཆེས་ཀྱང་ཐེ་ཚོམ་གྱི་གཞིར་མཛད་འདུག་པས༑ འཇམ་དཔལ་གྱི་གསུང་ཡིན་མིན་བརྟག་པར་བྱ་ལ།” ཞེས་གསུངས་འདུག་ཀྱང་། བླ་མའི་གསུང་སློབ་མ་གཞན་གྱིས་བརྗེད་བྱང་དུ་བཏབ་པ་རྣམས་གསུང་པ་པོ་བླ་མ་དེའི་བརྩམས་ཆོས་གསུང་འབུམ་དུ་བཞག་པ་རྗེ་ཡབ་སྲས་ཀྱིས་མཚོན་བོད་ཀྱི་སྔོན་བྱོན་གྱི་མཁས་པ་མང་པོར་བྱུང་འདུག་པས་འཇམ་དཔལ་གྱི་གསུང་གཞན་གྱིས་བརྗེད་ཐོར་བཏབ་པ་ཞིག་ཡིན་ཡང་། ཁོང་གི་གསུང་དུ་འཇོག་པར་སྐྱོན་ཨེ་ཡོད་སྙམ་པ་མ་ཟད། གཞུང་དེའི་མཇུག་བྱང་དུ་“འཇམ་དཔལ་གྱི་སྤྲུལ་པ་མིའི་དབང་པོ་གྲགས་པས་མཛད་པ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་བཀའ་བརྒྱུད་པ་རྫོགས་སོ།།” ཞེས་གསལ་བ་ལྟར་ན་མིའི་དབང་པོ་གྲགས་པས་གསུངས་ཏེ་སྤྱན་རས་གཟིགས་སྤྲུལ་པདྨ་དཀར་པོས་བརྗེད་བྱང་དུ་མཛད་པར་བྱས་ཀྱང་རུང་ངམ་སྙམ་པ་དང་༑ རྗེ་དགེ་འདུན་རྒྱ་མཚོས་ཀྱང་། “མིའི་དབང་པོ་གྲགས་པས་མཛད་པར་གྲགས་པ་ལའང་ལེགས་ཆ་མང་པོ་འདུག་པས་ལེན་པ་དང་།” ཞེས་ཀྱང་གསུངས་པས་ཐེ་ཚོམ་གྱི་གཞིར་མ་བྱས་ཀྱང་རུང་ངམ་སྙམ།
ལྔ་པ་ཕན་ཡོན་གྱི་འགྲེལ་པ་དུས་ཞབས་པས་མཛད་པ་ལའང་ཀུན་མཁྱེན་བུས་ཐེ་ཚོམ་གྱི་གཞིར་གསུངས་ཀྱང། དགེ་འདུན་རྒྱ་མཚོའི་རྒྱ་ཆེར་བཤད་པའི་ནང་ལུང་འདྲེན་མང་བ་མི་འདུག་པས་དཔྱད་པ་མ་ཐུབ་པས་རེ་ཞིག་བཏང་སྙོམས་སུ་བཞག་གོ །
དེང་སྐབས་ལེགས་སྦྱར་གྱི་སྐད་དུ་མཚན་བརྗོད་ཀྱི་རྒྱ་འགྲེལ་ཕྱག་དཔེ་རྙེད་སོན་ཡོད་པ་ནི་ ༡༽ དཔལ་སྒེག་པའི་རྡོ་རྗེས་མཛད་པའི་སྔགས་དོན་རྣམ་གཟིགས་དང་། ༢༽ སློབ་དཔོན་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པའི་མདོར་བཤད་བདུད་རྩིའི་ཐིགས་པ། ༣༽ སློབ་དཔོན་བིབྷུཏིཅནྡྲས་མཛད་པའི་བདུད་རྩིའི་ཐིགས་པ་གསལ་བར་བྱེད་པ། ༤༽ གཱུཌྷཔདཱ་ཞེས་པའི་འགྲེལ་པ་མཛད་པ་པོ་མ་གསལ་བ་བཅས་བཞི་ཁོ་ན་ཡིན་ལ། དེ་དག་གི་ནང་ནས་སྔགས་དོན་རྣམ་གཟིགས་དང་། མདོར་བཤད་བདུད་རྩིའི་ཐིགས་པ་གཉིས་ཀྱི་བོད་འགྱུར་ད་ལྟ་བསྟན་འགྱུར་ནང་དུ་བཞུགས་ཤིང་། བིབྷུཏིཅནྡྲས་མཛད་པའི་བདུད་རྩིའི་ཐིགས་པ་གསལ་བར་བྱེད་པ་ལོ་ཆེན་བྱང་ཆུབ་རྩེ་མོས་བསྒྱུར་བ་ཞིག་ཡོད་ཅེས་སྡེ་དགེའི་བསྟན་འགྱུར་དཀར་ཆག་ཏུ་གསལ་ཡང་༑ དངོས་སུ་པར་བཀོད་སྐབས་ཕྱག་དཔེ་མ་སོན་པས་མཚན་བྱང་འོག་ (མ་བྱུང་།) ཞེས་པའི་མཆན་ཞིག་འཁོད་འདུག་པ་བཅས། ད་ལྟ་བོད་ཀྱི་བསྟན་འགྱུར་པར་མ་ཁག་གི་ནང་མ་བཞུགས། ཕྱག་དཔེ་དེ་བོད་ཀྱི་དཔེ་རྙིང་ཁག་གི་ཁྲོད་ནས་ནམ་ཞིག་རྙེད་རེ་ཡོད་དམ་སྙམ། ཉི་ཧོང་གི་ཀྲོཁྱོ་གཙུག་ལག་སློབ་ཁང་གི་དཔེ་མཛོད་དུ་བཞུགས་པའི་འདིའི་རྒྱ་དཔེ་རྙིང་པའི་ཤོག་མཐར་བོད་སྐད་ཐོག་མིང་ཚིག་མང་པོ་བཀོད་འདུག་ཅེས་ཐོས་པ་དེ་ལོ་ཆེན་བྱང་ཆུབ་རྩེ་མོའི་གཟུགས་དཔེ་ཡིན་ནམ་སྙམ་པའི་ཀུན་རྟོག་འཆར། འགྲེལ་པ་འདི་མདོར་བཤད་བདུད་རྩིའི་ཐིགས་པའི་འགྲེལ་ཆུང་ཡིན་ཞིང་། སློབ་དཔོན་བིབྷུཏིཅནྡྲའམ་རྣམ་བྱུང་ཟླ་བ་ནི་ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་ནང་བངྒཱལ་ཡུལ་གྱི་ཇགདྡལ་གཙུག་ལག་ཁང་གི་པཎྜིཏ་གྲགས་ཆེན་ཞིག་ཡིན་ཁར༑ ཁ་ཆེ་པཎ་ཆེན་ཤཱཀྱཤྲཱི་བོད་དུ་ཕེབས་སྐབས་ལྷན་དུ་ཡོད་པའི་པཎ་ཆུང་དགུའི་གྲས་ཡིན་པ་དང་། བོད་ཀྱི་ལོ་ཙཱ་བ་གཞན་དང་མཉམ་དུ་དུས་འཁོར་དང་མཚན་བརྗོད་སྐོར་རྒྱ་གཞུང་དུ་མ་བསྒྱུར་བ་མ་ཟད། ལོ་ཙཱ་བ་མེད་པར་རང་འགྱུར་ཡང་ཁ་ཤས་འདུག་པས་བོད་ཀྱི་སྐད་ཡིག་མཐར་ཕྱིན་མཁྱེན་པའི་རྒྱ་གར་གྱི་པཎ་གྲུབ་ཉུང་ཤས་ཀྱི་ནང་ནས་གཅིག་ཡིན། ལོ་ཆེན་བྱང་ཆུབ་རྩེ་མོ་ནི་ཕྱི་ལོ་བརྒྱ་ཕྲག་བཅུ་བཞི་པའི་ནང་ལ་སྟོད་ལྷོ་ཟུར་ཚོར་འཁྲུངས་ཤིང་། ཆུང་དུས་ནས་དཔང་ལོ་བསྟེན་ཏེ་ལོ་ཙཱ་བ་མཁས་པར་གྱུར་ནས། དུས་འཁོར་དང་། སྒྲ། སྡེབ་སྦྱོར་སོགས་གཞུང་མང་པོ་བསྒྱུར་གནང་མཛད། ཁོང་གིས་བསྒྱུར་བའི་བིབྷུཏིཅནྡྲའི་བདུད་རྩིའི་ཐིགས་པ་གསལ་བར་བྱེད་པ་རྙེད་ན་བསྟན་འགྱུར་དུ་བཅུག་དགོས།
ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་མཚན་བརྗོད་རྒྱ་ཆེར་བཤད་པ་འདི་མཚན་བརྗོད་དུས་འཁོར་ལུགས་སུ་བཀྲལ་བའི་བོད་འགྲེལ་སྔ་བའི་གྲས་ཡིན་ནམ་སྙམ་སྟེ། ཀུན་མཁྱེན་བུ་དང་། བོ་དོང་གཉིས་ཀས་རྣལ་འབྱོར་རྒྱུད་དུ་བཀྲལ་ཞིང་། འཇམ་དབྱངས་བློ་གྲོས་རྒྱལ་མཚན་གྱི་འགྲེལ་པ་མ་མཇལ་ཡང་། མཚན་ལ་འགྲེལ་པ་དྲི་མེད་འོད་ཀྱི་འབྲས་བུ་ཞེས་བཏགས་པར་བལྟས་ན་དུས་འཁོར་དུ་བཀྲལ་ལམ་སྙམ། དེ་མིན་རྗེ་དགེ་འདུན་རྒྱ་མཚོའི་སྔོན་དུ་བོད་འགྲེལ་གྲགས་ཆེ་བ་དེ་ཙམ་ཡོད་ཚུལ་མ་ཐོས་པ་མ་ཟད། རྒྱ་ཆེར་བཤད་པ་འདིའི་གཞུང་གི་མགོ་མཇུག་ཀུན་དུ་བོད་འགྲེལ་དྲངས་པ་གཅིག་ཀྱང་མེད་ཅིང་། དངོས་སུ་ཕྱོགས་སྔར་བཀོད་པའང་མི་སྣང་ངོ་།།
༢ ༽ རྒྱ་ཆེར་བཤད་པ་འདིས་རྒྱུད་དོན་འགྲེལ་ཚུལ།
རྒྱ་ཆེར་བཤད་པ་འདིས་མཚན་བརྗོད་ཀྱི་གཞུང་དོན་འགྲེལ་ཚུལ་ནི། གཙོ་བོ་མཚན་བརྗོད་དུས་འཁོར་དང་མཐུན་པར་འགྲེལ་དགོས་པའི་རྒྱུ་མཚན་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས་“རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མངོན་དུ་གྱུར་པའི་མཚན་ཡང་དག་པར་བརྗོད་པས་འཁྱུད་པ་ཞེས་པ་ནི་དང་པོའི་སངས་རྒྱས་མངོན་པར་བརྗོད་པ་ཉིད་ཀྱི་ཕྱིར་རོ།།” ཞེས་སོགས་དྲངས་ཏེ་སྟོང་གཟུགས་རྡོ་རྗེ་འཛིན་པའི་སྐུ་མི་འགྱུར་བའི་བདེ་བའི་བདག་ཉིད་ཅན་དེ་མཚན་བརྗོད་ཀྱིས་གསལ་བར་བསྟན་ལ། དེ་ནི་དུས་ཀྱི་འཁོར་ལོའི་བརྗོད་བྱའི་གཙོ་བོ་ཡིན་པས་གཞུང་གཉིས་ཕན་ཚུན་འཁྱུད་པ་ལྟ་བུར་གནས་པ་དང་། དང་པོའི་སངས་རྒྱས་ཀྱི་དོན་མ་ཤེས་ན་མཚན་བརྗོད་ཀྱི་དོན་ཤེས་མི་ནུས་པ་སོགས་ཀྱི་རྒྱུ་མཚན་དགོངས་ཏེ་བྱང་ཆུབ་སེམས་དཔའ་པདྨ་དཀར་པོས་མཛད་པའི་དུས་འཁོར་འགྲེལ་ཆེན་དང་། བྱང་སེམས་རྡོ་རྗེ་སྙིང་པོས་མཛད་པའི་རྡོ་རྗེ་སྙིང་འགྲེལ། བྱང་སེམས་ཕྱག་ན་རྡོ་རྗེས་མཛད་པའི་ཕྱག་རྡོར་སྟོད་འགྲེལ་བཅས་དང་མཐུན་པར་འགྲེལ་པར་མཛད་ཅིང་། འགྲེལ་ཚུལ་ཡང་ཀུན་མཁྱེན་དབྱིག་གཉེན་གྱིས་གསུངས་པ་ལྟར་བཤད་ཐབས་ཡན་ལག་ལྔ་དང་། ཡེ་ཤེས་རྡོ་རྗེ་ཀུན་བཏུས་ལས་བཤད་པ་ལྟར་རྒྱན་བདུན་དང་། མཐའ་དྲུག་ཚུལ་བཞིའི་བཤད་ཚུལ་སོགས་མདོ་རྒྱུད་ཀྱི་བཤད་ཐབས་ཀྱི་སྒོ་ཀུན་དང་མཐུན་པར་འཆད་པར་སྣང་ཞིང་། དེའང་འགྲེལ་པའི་དཀྱུས་སུ་དྲང་ངེས་ཀྱི་བཤད་པ་གཉིས་གཙོ་བོར་མཛད་འདུག་སྟེ། ‘སྒྲ་ཇི་བཞིན་པའི་དབང་དུ་བྱས་ན།’ ཞེས་དང་། ‘སྙིང་པོ་དོན་གྱི་དབང་དུ་བྱས་ན།’ ཞེས་འགྲེལ་བརྗོད་མཛད་འདུག་ཅིང་། གཞན་ཡང་གབ་པ་གསལ་བ་དང་། འཁྲུགས་པ་སྡེབ་པའི་སྒོ་ནས་ཟབ་མོའི་དོན་གྱི་གདམས་ངག་རྣམས་ཀྱང་ཅི་རིགས་པར་གསལ་བར་མཛད་འདུག་གོ །
༣ ༽ རྒྱ་ཆེར་བཤད་པ་འདིའི་མཛད་པ་པོ།
གཞུང་འདིའི་མཛད་པ་པོ་རྒྱལ་མཆོག་སྐུ་ཕྲེང་གཉིས་པ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོ་མཆོག་ནི་གཙང་རྟ་ནག་ཁུལ་དུ་གསང་སྔགས་གསར་རྙིང་ལ་མཁས་ཤིང་གྲུབ་པ་བརྙེས་པའི་ཡབ་ཀུན་དགའ་རྒྱལ་མཚན་དང་། ཡུམ་ཀུན་དགའ་དཔལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བརྒྱད་པའི་ཤིང་ལུག་ (༡༤༧༦) ལོར་རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་ཏེ་ཡུམ་གྱི་མནལ་ལམ་ལྟར་མཚན་ལ་སངས་རྒྱས་འཕེལ་ཞེས་གསོལ། གཞོན་ནུའི་དུས་ནས་ཐ་མལ་པའི་སྤྱོད་པ་ལས་འདས་ཤིང་། མ་བསླབས་པར་གཟུངས་སྔགས་གསུངས་པ་སོགས་དམ་པའི་རང་རྟགས་གསལ་བར་བསྟན། དགུང་ལོ་གསུམ་ལ་ཕེབས་པ་ན། དགོས་འདོད་ཀུན་འབྱུང་ནོར་བུ་བསམ་འཕེལ་ཁྱོད།། ཡོན་ཏན་ཐམས་ཅད་མ་བསླབས་ཐུགས་སུ་ཆུད༑༑ ཐོས་བསམ་སྒོམ་པ་མཐར་ཕྱིན་གྲུབ་པ་བརྙེས།། འཕྲིན་ལས་རྒྱུན་མི་ཆད་ལ་གསོལ་བ་འདེབས།། ཞེས་པ་ལ་སོགས་པའི་ཚིགས་བཅད་མང་པོ་ཐོགས་མེད་དུ་བརྩམས་པ་དང་། སྔོན་གནས་རྗེས་དྲན་གྱི་གསུང་དུ་མ་བྱོན་པས་ཐམས་ཅད་ཀྱིས་རྗེ་དགེ་འདུན་གྲུབ་པའི་སྐུ་སྐྱེར་ངེས་པ་རྙེད། རྗེ་དགེ་འདུན་གྲུབ་སྐུ་འཕྲེང་རིམ་བྱོན་དུ་ཕེབས་པའི་སྤྲུལ་སྐུའི་གྲས་ཤིག་མིན་སྟབས། ཞིང་གཤེགས་རྗེས་སུས་ཀྱང་ཡང་སྲིད་ངོས་འཛིན་བྱ་རྒྱུའི་བསམ་པ་མེད་ཅིང་། བླ་བྲང་སོགས་ཀྱི་སྤྲོས་པའང་མེད་པས་རེ་ཞིག་དེ་མུར་ལུས། ཡབ་ཀྱི་དྲུང་ནས་བརྡ་སྤྲོད་དང་། ཐུན་མོང་བའི་རིག་གནས། སྔགས་ཀྱི་ཆོས་བཀའ་མང་པོ་གསན་ཅིང་། སྔོན་གནས་རྗེས་དྲན་གྱི་གསུང་དུ་མ་བྱོན་སྐོར་རྗེ་དགེ་འདུན་གྲུབ་ཀྱི་ཉེ་གནས་སྒྲོལ་མས་ཚོར་ཏེ་མཇལ་དུ་བྱུང་བ་འཕྲལ་དུ་ངོ་མཁྱེན། དགུང་ལོ་བརྒྱད་པར་བཀྲས་ལྷུན་དུ་ཆོས་སྒོར་ཞུགས་པར་ཕེབས་སྐབས་ཀྱང་སྔོན་གནས་རྗེས་དྲན་གྱི་གསུང་མང་པོ་བྱོན་ཏེ་ཐམས་ཅད་ཡིད་ཆེས་ཀྱི་གནས་སུ་བཀོད། འོན་ཀྱང་མཁན་སློབ་སོགས་གང་ལ་འཆོལ་མ་དན་པས་རེ་ཞིག་ཕྱིར་ལོག་མཛད་དེ་ཡབ་ལས་དབང་ལུང་གདམས་པ་མང་པོ་མུ་མཐུད་གསན། དགུང་ལོ་བཅུར་ཕེབས་པ་ན་བཀྲིས་ལྷུན་པོ་བ་རྣམས་བཀའ་བགྲོས་ཏེ་ཡང་སྲིད་ངོས་འཛིན་གྱིས་གདན་ཞུར་འབྱོར་བ་བཞིན་བཀྲས་ལྷུན་དུ་ཕེབས་ནས་རྟ་ལོ་དྲུག་པའི་ཚེས་བཞིའི་ཉིན་པཎ་ཆེན་ལུང་རིགས་རྒྱ་མཚོའི་དྲུང་དུ་རབ་ཏུ་བྱུང་སྟེ་མཚན་དུ་དགེ་འདུན་རྒྱ་མཚོ་དཔལ་ཞེས་གསོལ། དེའི་ལོར་གནས་རྙིང་ཀུན་དགའ་བདེ་ལེགས་ཀྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། པཎ་ཆེན་ཡེ་ཤེས་རྩེ་མོ་སོགས་ཚད་ལྡན་གྱི་བཤེས་གཉེན་དུ་མ་བསྟེན་ཏེ་ཚད་མ་དང་། དབུ་ཕར་འདུལ་མཛོད་སོགས་རྒྱལ་བའི་གསུང་རབ་རབ་འབྱམས་ལ་གསན་བསམ་མཛད། སྐུ་ན་ཕྲ་ཡང་སྐུ་ཡོན་རྒྱས་ཤིང་གོང་མའི་རྣམ་ཐར་བདག་གིར་བཞེས་པའི་དབང་གིས་ཞབས་ཏོག་དང་འཕྲིན་ལས་ཤིན་ཏུ་རྒྱས་ཏེ་མཚན་སྙན་ཕྱོགས་ཀུན་ཏུ་ཁྱབ་པར་བརྟེན། སྣར་ཐང་མཁན་ཆེན་ཤེར་རྒྱལ་བ་སོགས་ཀྱིས་ཕྲག་དོག་གིས་སྙན་ཕྲ་མང་པོ་ཞུས་རྐྱེན། པཎ་ཆེན་ཡེ་ཤེས་རྩེ་མོའང་ཅུང་མི་མཉེས་པའི་ཚུལ་མཛད་པར་བརྟེན་བཀྲས་ལྷུན་དུ་བཞུགས་བཟོས་མ་བདེ་བས་དགུང་ལོ་བཅུ་དགུ་པར་ཆོས་རྗེ་སྨོན་ལམ་དཔལ་བས་སྔ་མོ་ནས་དབུས་སུ་ཕེབས་དགོས་པའི་གདན་ཞུ་ཡོད་པ་ལྟར་བཀྲས་ལྷུན་ནས་ཕྱག་བཏེགས་ཏེ་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཕེབས་སྐབས་འབྲས་སྤུངས་ཆོས་རྗེ་འཇམ་དབྱངས་ལེགས་པ་ཆོས་འབྱོར་གྱིས་བསུ་བ་མཛད་དེ་ཁོང་ལས་གཞུང་ཆེན་དུ་མའི་བཤད་ཁྲིད་དང་། དབང་ལུང་མན་ངག་མཐའ་ཡས་པ་གསན། དེ་ནས་རིམ་གྱིས་དགེ་ལྡན་དུ་རྗེ་ཙོང་ཁ་པའི་དངུལ་གདུང་རིན་པོ་ཆེ་སོགས་ལ་གནས་གཟིགས་དང་། ཆོས་རྗེ་ཡེ་ཤེས་བཟང་པོའི་དྲུང་ནས་ཆོས་འབྲེལ་ཡང་གསན། དགུང་ལོ་ཉེར་གཅིག་ལ་ཕེབས་སྐབས་གནས་རྙིང་ཆོས་རྗེ་དེ་ཉིད་ཀྱིས་མཁན་པོ་དང་། འཇམ་དབྱངས་ལེགས་པ་ཆོས་འབྱོར་གྱིས་ལས་སློབ། སློབ་དཔོན་སངས་རྒྱས་བཟང་པོས་གསང་སྟོན་མཛད་དེ་གྲངས་ཚང་བའི་དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས་པའི་སྡོམ་པ་བཞེས་པ་བཅས་དེ་དག་ནི་རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ་ལོ།།
བརྙེས་ནས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ནི་དགུང་གྲངས་ཉེར་གསུམ་དུ་ཕེབས་པ་ན་པཎ་ཆེན་མཆོག་ལྷ་འོད་ཟེར་གྱིས་གདན་དྲངས་པ་བཞིན་རིམ་གྱིས་བསམ་ཡས་དང་། རྩེད་ཐང་བརྒྱུད་འཕྱོངས་རྒྱས་སུ་ཕྱག་ཕེབས། སྐབས་དེར་པཎ་ཆེན་མཆོག་ལྷས་ཁྱོད་ནི་འབྲོམ་སྟོན་པ་དངོས་ཡིན། ང་རྔོག་ལེགས་པའི་ཤེས་རབ་མ་ཡིན་ཡང་། དེའི་གདན་ས་འཛིན་པ་ཡིན་པས་ངས་གསོལ་བ་བཏབ་སྟེ་བཀའ་གདམས་གླེགས་བམ་གསུང་དགོས་ཞེས་ཞུས་པ་བཞིན་རི་བོ་ཆེ་སྡེ་ཆེན་གྱི་སློབ་ཚོགས་ལ་བཀའ་གདམས་གླེགས་བམ་སོགས་ཟབ་ཆོས་རྒྱ་ཆེར་བསྩལ། རང་རྣམ་དུ་“ངེད་རང་གིས་ཆོས་འཁོར་རྒྱ་ཆེན་པོ་བསྐོར་བའི་ཐོག་མ་དེ་ཡིན་ནོ།།” ཞེས་གསུངས། དེ་ནས་སྣེ་གདོང་གོང་མ་གྲགས་པ་རྒྱལ་མཚན་སོགས་ཀྱིས་གུས་བཀུར་ཞུས་ཏེ་རྩེད་ཐང་འཁྱམ་རྭ་ཆེན་པོ་ཉམས་གསོ་དང་། དགའ་ལྡན་ལྔ་མཆོད་ཀྱི་རྒྱུན་བཙུགས། དགུང་ལོ་ཉེར་ལྔ་པར་སླར་ཡང་དབུས་སུ་ཕེབས་ཏེ་དགའ་འབྲས་སུ་མང་འགྱེད་དང་། ཡེར་པར་བཞུགས་ཏེ་དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ་དང་། གྲུབ་མཐའ་སྤྱིའི་རྣམ་གཞག་ལྗགས་རྩོམ་གནང་། དེ་རྗེས་ར་སྒྲེང་སོགས་བཀའ་གདམས་པའི་གདན་ས་མང་པོར་གནས་གཟིགས་དང་། ཆོས་འཁོར་རྒྱུན་མི་ཆད་པར་བསྐོར་ཅིང་། མཁས་གྲུབ་ནོར་བཟང་རྒྱ་མཚོ་སོགས་ལས་གསན་བསམ་ཡང་མཛད། དེ་རྗེས་རྩ་རིར་གནས་གཟིགས་གནང་ཞིང་། ཁུལ་དེའི་གདུལ་བྱ་རྣམས་ཀྱི་དོན་རླབས་ཆེན་མཛད་ཅིང་༑ རིམ་གྱིས་ཡར་ཀླུང་དུ་ཕེབས། དགུང་ལོ་ཉེར་བརྒྱད་བཞེས་པ་ཆུ་ཕག་ལོར་དབྱར་དུས་འཕྱོས་རྒྱལ་མཚན་རྩེར་བཞུགས་ཏེ་མཚན་ཡང་དག་པར་བརྗོད་པའི་རྒྱུད་དུས་ཀྱི་འཁོར་ལོའི་ལུགས་ལྟར་བཀྲལ་བའི་རྒྱ་ཆེར་བཤད་པ་ལྗགས་རྩོམ་གྲུབ་པར་མཛད། རྗེ་ཉིད་ཀྱི་རང་རྣམ་དུ་“མཚན་ཡང་དག་པར་བརྗོད་པའི་རྒྱུད་དུས་ཀྱི་འཁོར་ལོའི་སེམས་འགྲེལ་སྐོར་གསུམ་དང་མཐུན་པར་བཀྲལ་བའི་སྔོན་མེད་པའི་ལེགས་བཤད་དེ་རྩོམ་པ་གྲུབ་པར་བྱས།” ཞེས་གསུངས་ཏེ་གཞུང་འདི་སྔོན་མེད་ལེགས་བཤད་དུ་རང་ཉིད་ཀྱིས་ཞལ་གྱིས་བཞེས། སླར་རྟ་ནག་རྡོ་རྗེ་གདན་དུ་ཕེབས་ཏེ་ཡབ་ཀྱི་དྲུང་ནས་སྒྲུབ་ཐབས་རྒྱ་མཚོ་སོགས་ཆོས་བཀའ་མང་ཙམ་གསན། དེ་རྗེས་ར་སྒྲེང་སོགས་སུ་ཕེབས་ཏེ་ཆོས་འཁོར་མང་པོ་སྐོར་ཞིང་། ངོ་མཚར་བའི་ལྟས་དུ་མ་བྱུང་༑ དགུང་ལོ་སོ་བཞི་པར་རྒྱལ་མེ་ཏོག་ཐང་དུ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་མཛད་ཅིང་། དགུང་ལོ་སོ་བདུན་པར་ལྷ་མོ་བླ་མཚོའི་གནས་སྒོ་ཕྱེ། དེ་ཙམ་ཞིག་ན་ཆོས་རྗེ་ཡེ་ཤེས་རྩེ་མོས་གུས་ཞབས་ཆེན་པོས་ཕྱག་བྲིས་དང་གདན་ཞུ་འབྱོར་བ་ལྟར་བཀྲས་ལྷུན་དུ་ཕེབས། དེ་སྐབས་བཀྲས་ལྷུན་གྱི་གདན་ས་མི་དགོས་པའི་དགོངས་ཞུ་མཛད་ཀྱང་༑ པཎ་ཆེན་ཡེ་ཤེས་རྩེ་མོས་དམ་ཚིག་ལ་བཀར་ཏེ་བཀའ་ནན་ལྕི་བས་བཀྲས་ལྷུན་གྱི་གདན་ས་ཡང་མཛད་དགོས་བྱུང་། དགུང་ལོ་ཞེ་གཉིས་པར་སླར་དབུས་སུ་ཕེབས་ཏེ་འབྲས་སྤུངས་ཁྲི་པ་མཛད་ཅིང་ལྷ་ལྡན་སྨོན་ལམ་ཆེན་མོར་སེར་འབྲས་ཚོགས་ཞུགས་བསྐྱར་གསོ་མཛད་དེ་སྨོན་ལམ་གྱི་ཚོགས་མགོན་དུ་ཕེབས། སྡེ་སྲིད་ཕག་གྲུ་པས་འབྲས་སྤུངས་སུ་ཡོད་པའི་གཟིམས་ཁང་རྡོ་ཁང་སྔོན་པོ་ཞེས་པ་དེ་རྗེ་འདི་པར་ཕུལ་བར་ཉམས་གསོ་དང་འབྲེལ་དགའ་ལྡན་ཕོ་བྲང་ཞེས་བཏགས་ཏེ་བརྟན་བཞུགས་མཛད་པར་ཕྱིས་སུ་༸གོང་ས་ལྔ་པས་བོད་ཀྱི་ཆབ་སྲིད་སྐྱོང་སྐབས་གཞུང་དགའ་ལྡན་ཕོ་བྲང་པ་ཞེས་པ་དེ་ནས་བྱུང་། དགུང་ལོ་ང་དགུ་པར་སེ་རའི་ཁྲིར་ཕེབས། དེ་ནས་བཟུང་དགུན་དཔྱིད་སེར་འབྲས་དང་། དབྱར་སྟོན་ཆོས་འཁོར་རྒྱལ་དུ་བཞུགས་ནས་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་དུ་བསྐོར་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཁྱད་པར་འཇམ་མགོན་རྒྱལ་བ་གཉིས་པའི་ལུང་རྟོགས་ཀྱི་བསྟན་པ་དབྱར་གྱི་ཆུ་གཏེར་བཞིན་དུ་འཕེལ་བར་མཛད་ཅིང་། དགུང་གྲངས་རེ་བདུན་ (༡༥༤༢) དུ་ཕེབས་པའི་སྐབས་གཟུགས་སྐུའི་བཀོད་པ་བསྡུས་པར་མཛད་དོ།། རྗེ་བདག་ཉིད་ཆེན་པོས། མཛད་པ་ཀུན་ལས་གསུང་གི་ནི།། མཛད་པ་མཆོག་ཡིན་་་།། ཞེས་གསུངས་པ་ལྟར་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོ་མཆོག་སྐུ་འཚོ་གཞེས་ཀྱི་རིང་རྒྱལ་བའི་གསུང་རབ་མཐའ་དག་ལ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སྲི་ཞུ་བླ་མེད་མཛད་དེ་གསུང་སྐྱེས་ཀྱི་སློབ་མ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་གྲངས་ལས་འདས་པ་ཞིག་བྱུང་བ་མ་ཟད། ཁྱད་པར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་དུ་མ་དང་འབྲེལ་བའི་གསུང་རྩོམ་ཡིག་འཇོག་ཕོན་ཆེ་མཛད་པ་གསུང་འབུམ་པོད་གསུམ་དུ་བསྡུས་པའི་དཀར་ཆག་དཔེ་དེབ་འདིའི་ཟུར་རྒྱན་དུ་ཡོད་པ་ལྟར་དང་། དེ་དག་གི་ནང་ནས་ཆེས་རྨད་དུ་བྱུང་བའི་ལེགས་བཤད་ནི་རྗེ་ཙོང་ཁ་པའི་གསུང་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་འགྲེལ་དང་། གྲུབ་མཐའ་སྤྱིའི་རྣམ་གཞག །འཇམ་དཔལ་མཚན་བརྗོད་ཀྱི་རྒྱ་ཆེར་བཤད་པ་འདི་གསུམ་ཡིན་ཞིང་། ཁྱད་པར་རྒྱ་ཆེར་བཤད་པ་འདི་ནི་རྗེ་ཉིད་ཀྱིས་ཀྱང་། “མདོ་རྒྱུད་གསུང་རབ་དགོངས་དོན་ཕལ་མོ་ཆེ།། བློ་བཟང་རྒྱལ་བའི་ཉི་མས་གསལ་མཛད་ནས།། ཕྱོགས་དང་གཏིང་དཔག་དཀའ་བའི་རྒྱུད་འདི་ཡི།། རྣམ་འགྲེལ་བྱེད་པ་བདག་ལ་བགོ་སྐལ་མཛད༑༑” ཅེས་དང་། “གངས་རིའི་ཁྲོད་འདིར་སྔོན་ཆད་རྒྱུད་འདི་ལ།། ཀློག་པ་ལས་གཞན་དགོས་པ་མ་གཟིགས་ཏེ།། ཚུལ་དེ་མ་བཟོད་པད་དཀར་འཛིན་པའི་དཔལ།། འགྲེལ་བྱེད་ཟོལ་གྱིས་ཕྱོགས་འདིར་འོངས་སམ་སྙམ།།” ཞེས་དང་། “སླན་ཆད་མཚན་ཡང་དག་པར་བརྗོད་པའི་རྡོ་རྗེའི་ཚིག་དོན་རྣམ་པར་དབྱེ་བར་འདོད་པ་དག་ལ་སྔོན་མེད་པའི་ལམ་གྱི་སྲོལ་ཕྱེ་བ་ཉིད་དུ་སེམས་ལ།” ཞེས་སོགས་རྒྱ་ཆེར་གསུངས་སོ།།
༤ ༽ རྒྱ་ཆེར་བཤད་པ་འདིའི་ཞུ་སྒྲིག་བྱེད་ཚུལ།
རྒྱ་ཆེར་བཤད་པ་འདིའི་མ་དཔེ་ཕྱི་ལོ་ ༡༩༨༩ ལོར་ཤེས་རིག་པར་ཁང་ནས་པར་སྐྲུན་བྱས་པ་ཞིག་དང་། བོད་པར་འབྲས་སྤུངས་པར་མ་ཡིན་ནམ་སྙམ་པ་གཅིག །འབྲས་སྒོ་མང་དཔེ་མཛོད་ནས་དག་སྒྲིག་གནང་བའི་པར་མ་གཅིག །དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནས་ཞུ་སྒྲིག་གནང་བ་ཞིག་བཅས་མ་དཔེ་བཞི་རྙེད་རུང་། དེ་བཞི་ག་བོད་པར་ནས་བཤུས་པ་གཅིག་གྱུར་ལས་དག་མ་དག་གི་ཁྱད་པར་ཕལ་ཆེར་མི་འདུག །དྷ་ས་བོད་ཀྱི་དཔེ་མཛོད་ནས་པར་བ་དེར་ཞུ་དག་གང་འཚམས་གནང་འདུག་པ་དང་། ཚིག་འབྲུ་རེ་ཟུང་དྲི་རྟགས་དང་བཅས་ཏེ་བཀོད་འདུག་པ་ཞུ་སྒྲིག་སྐབས་ཕན་ཐོགས་ཆེན་པོ་བྱུང་། མིང་ཚིག་རེ་ཟུང་ཡིག་ནོར་ཡིན་པ་གསལ་རྟོགས་བྱུང་བ་རྣམས་དཀྱུས་སུ་དག་བཅོས་ཀྱིས་བཀོད་དེ་མ་དག་པ་རྣམས་ནག་བསུབ་མ་བྱས་པར་གཤམ་མཆན་དུ་བཀོད་ཡོད། ཚིག་བརྗོད་མི་ཉུང་བ་ཞིག་ཆད་ལྷག་མེད་དམ་སྙམ་པའི་དྭོགས་གཞི་ཅན་དུ་འདུག་ཀྱང་ཁུངས་གཏུག་དཔེ་བསྡུར་བྱ་ཡུལ་མ་རྙེད་པས་རང་སོར་བཞག་པ་ལས་བྱ་ཐབས་མ་བྱུང་། འབྱུང་འགྱུར་ཕྱག་དཔེ་ཚད་ལྡན་གཞན་རྙེད་ཚེ་སླར་ཡང་དཔེ་བསྡུར་ཞུ་སྒྲིག་དགོས་གལ་མཐོང་། རྒྱ་ཆེར་བཤད་པ་འདིའི་ནང་དྲངས་པའི་བཀའ་བསྟན་གྱི་ལུང་ཕལ་མོ་ཆེ་གཞུང་སོ་སོའི་ནང་ལུང་ཁུངས་འཚོལ་སྒྲུབ་ཞུས་ཤིང་། མདོ་རྒྱུད་ཀྱི་ལུང་རྣམས་སྡེ་དགེ་བཀའ་འགྱུར་དང་། བསྟན་བཅོས་ཀྱི་ལུང་རྣམས་བོད་ནས་གསར་དུ་ཐོན་པའི་བསྟན་འགྱུར་དཔེ་བསྡུར་མ་དང་བསྡུར། བསྟན་འགྱུར་དཔེ་བསྡུར་མའི་ནང་སྡེ་དགེ། ཅོ་ནེ། པེ་ཀིང་། སྣར་ཐང་བཅས་ཀྱི་པར་མ་དང་བསྡུར་ཏེ་བརྗོད་ཚིག་མི་མཐུན་པ་རྣམས་མཆན་འགོད་འདུག་སྟབས། དུས་གཅིག་ཏུ་པར་མ་ཚང་མའི་དཔེ་བསྡུར་ཐུབ་པའི་བྱ་སྟབས་ཧ་ཅང་བདེ་བ་བྱུང་ཞིང་། སྙིགས་ལྔའི་རྒུད་ཚོགས་ལྷག་པར་བདོ་བའི་དུས་སུའང་གཞིས་བཞུགས་མཁས་དབང་རྣམས་ཀྱིས་གཞུང་ལུགས་དག་ཐེར་གྱི་བྱ་བ་རླབས་ཆེན་འདི་ལྟ་བུ་ཞིག་བསྒྲུབས་གནང་མཛད་པ་ནི་སྙིང་ནས་ཡི་རངས་བསྔགས་བརྗོད་ཀྱི་གནས་སུ་ཆེ། མདོ་རྒྱུད་ཀྱི་ལུང་རྣམས་སྡེ་དགེ་པར་མ་རྐྱང་པ་ལས་བསྡུར་ལོངས་མ་བྱུང་ཡང་། ལུང་འགའ་ཤས་བསྟན་བཅོས་སུ་དྲངས་པའང་འདུག་པས། དེ་དག་ནི་བསྟན་འགྱུར་དཔེ་བསྡུར་མ་དང་བསྡུར་ཏེ་མི་མཐུན་པ་རྣམས་གཤམ་མཆན་དུ་བཀོད་ཡོད༑ སྐབས་འདིར་ཡ་མཚན་དང་བཅས་ཏེ་བརྗོད་དགོས་པ་ཞིག་ནི། མདོ་རྒྱུད་དང་རྒྱ་གཞུང་གི་ལུང་རྒྱ་ཆེར་བཤད་པའི་ནང་དྲངས་པ་ཕལ་ཆེ་བ་ལུང་ཁུངས་དང་བསྡུར་སྐབས་བརྗོད་བྱའི་དོན་ལ་ཁྱད་པར་མེད་ནའང་། རྗོད་བྱེད་ཀྱི་ཚིག་མི་མཐུན་པ་ཤིན་ཏུ་མང་པོ་ཡོང་འདུག་པ་འདི་ནི་རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་ཕྱག་དཔེ་ལ་མ་གཟིགས་པར་ཐུགས་ཐོག་ནས་དོན་བསྒྱུར་གཙོ་བོ་བྱས་ཏེ་དྲངས་པ་ཞིག་ཡིན་ནམ། ཡང་ན་ཁོང་གི་ལུང་ཁུངས་གཟིགས་དཔེ་དེ་དག་ད་ལྟའི་བཀའ་བསྟན་པར་མ་ཁག་ཏུ་བཞུགས་པ་རྣམས་མ་ཡིན་པར་ལོ་པཎ་གཞན་གྱིས་བསྒྱུར་བའི་སྔ་འགྱུར་གྲས་ཤིག་ཡིན་ཆ་མ་འཚལ། གང་ལྟར་བརྗོད་ཚིག་མི་མཐུན་པའི་ལུང་མཐའ་དག་རྣམ་དཔྱོད་ཅན་རྣམས་ལ་དཔྱད་གཞིར་སྨན་རེས་གཤམ་མཆན་དུ་ཞིབ་འགོད་བྱས་ཡོད་ལགས་སོ།།
ཡང་བརྗོད་པར་བྱ་བ་གཞན་ཞིག་ནི། འདིའི་རྩ་འགྲེལ་གཉིས་ཀའི་ཞུ་སྒྲིག་སྐབས་བར་སྐབས་ཀྱི་སྲོལ་རྒྱུན་དང་མི་མཐུན་པ་རེ་ཟུང་ཡོད་པ་དཔེར་ན། རྐང་པའི་མཚམས་སུ་ཤད་དང་གཉིས་ཤད་འགོད་སྟངས་སྐོར་བརྡ་སྤྲོད་དུ་ཤད་ནི་རྐང་པ་རྫོགས་པར་མཚོན་པ་ལས་འགོ་ཚུགས་པ་མི་མཚོན་པས་ཚིག་འགོར་ཤད་བྲིས་སྲོལ་གྱི་མ་དག་རྒྱུན་འབྱམས་དེ་འདིའི་ནང་ཁྱེར་མེད། དེ་བཞིན་ཚེག་ནི་བོད་ཡིག་གི་ཁྱད་ཆོས་ཤིག་ཡིན་པས་ལེགས་སྦྱར་གྱི་སྐད་ལ་ཚེག་རྒྱབ་པའི་སྲོལ་ཡང་འདིར་མེད་པར་བྱས་ཤིང་། རྒྱ་སྐད་དུ་ཡོད་པའི་ཅ་ཆ་སོགས་ལ་ཙ་ཚ་སོགས་བྲིས་སྲོལ་དར་བ་ནི་ཡིག་རྙིང་ཁག་ཏུའང་འདུག་པས་འདིར་བཟོ་བཅོས་ཞུ་ནུས་མ་གྱུར་པར་རྒྱུན་ལྡན་ལྟར་བཞག་ཡོད་དོ།།
དེ་ལྟར་ཁྱད་པར་ཅན་གྱི་ལེགས་པར་བཤད་པ་འདི་ལ་ཞུ་སྒྲིག་གི་བྱ་བ་ཅུང་ཟད་ཙམ་བྱ་བའི་སྐལ་བཟང་ཐོབ་པའང་ཡབ་རྗེ་ཕྱག་ན་པདྨོའི་བཀྲིན་ཉག་གཅིག་ཏུ་འཁུམས་ཤིང་། གཞུང་འདིའི་རིམ་གཉིས་ཟབ་གནད་ཀྱི་དགོངས་དོན་གཏིང་དཔག་དཀའ་བ་རྣམས་ཀྱི་སྐོར་བདག་ལྟ་བུའི་བློ་ཆུང་བྱིས་པས་འགྲེལ་བརྗོད་གང་ཡང་བྱ་རྔོ་མི་ཐོགས་ཀྱང་། རྗོད་བྱེད་ཀྱི་ཚིག་གི་ཡིག་གཞིའི་ཉམས་ཞིབ་དང་འབྲེལ་བའི་བརྗོད་པར་འདོད་པ་མི་ཉུང་བ་ཞིག་མཆིས་མོད། མི་ཁོམ་པ་དགུ་པའི་གཞན་དབང་དུ་སོང་བའི་དབང་གིས་འདི་ཙམ་དུ་ཚིག་ཚོགས་མ་བསྐྱུངས་ཐབས་མེད་དུ་གྱུར་པས། ཇི་སྐད་དུ། ལྷ་དབང་བློས། ཕལ་ཆེར་སྐལ་བ་མེད་ཉིད་དང་།། དུས་ལ་སྡོད་པ་མེད་པ་དང་།། གོམས་པའི་ཕྱིར་ནི་མདོར་བསྡུས་ནས།། ཞེས་གསུངས་པ་ལྟར་ཁོ་བོས་ཀྱང་། ཕལ་ཆེར་སྐལ་བ་མེད་ཉིད་དང་།། དུས་ལ་ཁོམ་པ་མེད་པའི་ཕྱིར།། གཡར་ཁྲལ་ཙམ་དུ་མདོར་བསྡུས་ནས།། ཁོ་བོས་སྔོན་གླེང་འདི་བྱས་སོ།། དེ་སྐད་ཀྱང་སྨྲའོ།། ཞེས་པ་འདིའང་༸སྐྱབས་མགོན་ཕྱག་ན་པདྨོས་དབུས་སངས་རྒྱས་དངོས་ཀྱི་བླ་མ་དུ་མའི་ཞབས་ཀྱི་རྡུལ་སྤྱི་བོར་བླངས་ཤིང་༑ གཞུང་ལུགས་ཉུང་ཟད་ཐོས་པའི་འདུ་གསུམ་པ་བཙུན་གཟུགས་བློ་བཟང་བསྟན་འཛིན་གྱིས་བྲེལ་སྟབས་སུ་སྨྲས་པ་འདི་ལ་ནོངས་པ་ཅི་མཆིས་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱི་སྤྱན་སྔར་འཆགས་སོ།། ཇཡཇགཏ྄།། །།