ས་སྐྱའི་མཐོ་སློབ་དབུ་བརྙེས་ནས་ལོ་ཉེར་ལྔ་འཁོར་བའི་དུས་དྲན་སྐབས་གནང་བའི་གསུང་བཤད།

༄༅། །གང་གིས་ཐུགས་བརྩེ་ཉེར་བཟུང་ནས།།
ལྟ་བ་ཐམས་ཅད་སྤང་བའི་ཕྱིར།།
དམ་པའི་ཆོས་ནི་སྟོན་མཛད་པ།།
གཽ་ཏམ་དེ་ལ་ཕྱག་འཚལ་ལོ།།གུས་བཀུར་དང་དད་པའི་ཡུལ་དུ་གྱུར་པའི་ྋསྐྱབས་མགོན་གདུང་སྲས་རིན་པོ་ཆེ་རྣམ་གཉིས་ཀྱིས་གཙོ་བྱས་པའི་དགེ་འདུན་པ་རྣམ་པ་ཚོ་དང༌། འདི་གའི་ས་སྐྱ་མཐོ་སློབ་ཀྱི་དབུ་འཛིན་མཁན་རིན་པོ་ཆེ་མིག་དམར་ཚེ་རིང་ལགས། ཁོང་གི་ཕྱག་རོགས་མཁན་པོ་དང༌། དགེ་རྒན་རྣམ་པ། དེ་ག་ནང་བཞིན་དེཧརཱདཱུན་ཁོངས་ཀྱི་ས་གནས་འགོ་འཛིན་དང༌། གཞན་ཡང་མང་གཙོ་ཚོགས་པ་ནས་ཕེབས་པའི་ཚོགས་མི་ཚང་མ། དུས་ཚོད་རིང་པོ་གཅིག་གི་རྗེས་ལ་ས་སྐྱ་མཐོ་སློབ་འདིར་དངོས་སུ་སླེབས་ཐུབ་པ་བྱུང་བ་འདིར་ང་རང་ཞེ་དྲགས་དགའ་པོ་བྱུང༌། གང་ཡིན་ཟེར་ན་ས་སྐྱ་མཐོ་སློབ་ཀྱི་སྐོར་ལ་སྔོན་མ་ནས་མང་པོ་གོ་བསྡད་ཀྱི་ཡོད་རེད། དངོས་གནས་མཐོ་སློབ་ཡག་པོ་གཅིག་ཡོད་པའི་མཚན་སྙན་དང༌། མཁན་པོ་ཞེ་དྲགས་ཀྱི་གྲགས་ཅན་དེ་ཚོས་དབུ་འཛུགས་གནང་ནས་འཆད་ཉན་གནང་བ་ཡིན་ཙང༌། དཔལ་ལྡན་ས་སྐྱ་པའི་ཐུན་མོང་མ་ཡིན་པའི་བཤད་གྲྭའི་རྒྱུན་སྐྱོང་སྟངས་དེ་ད་ལྟ་ཡག་པོ་གཅིག་ཆགས་ཀྱི་རེད་བསམས་ཏེ་ང་རང་ཚོས་རྗེས་སུ་ཡི་རངས་ཡོང་གི་ཡོད་རེད་ལ། དགའ་པོ་ཡོང་བསྡད་ཀྱི་ཡོད་རེད། ལྷག་པར་དུ་འདི་ནས་ཐོན་པ་མང་པོ་ཕྱོགས་གཞན་དུ་སློབ་ཁྲིད་གནང་ཁར་ཕེབས་ཀྱི་ཡོད་རེད། ཝཱ་རཱ་ཎ་སཱི་མཐོ་རིམ་སློབ་གྲྭའི་ནང་ལ་ཡང་འདི་ནས་ཐོན་པ་དེ་འདྲ་ང་ཚོས་འཚོལ་སྒྲུབ་བྱེད་བསྡད་ཀྱི་ཡོད་རེད། དེ་འདྲའི་དབང་གིས་བསམ་བློའི་ནང་ནས་ས་སྐྱ་མཐོ་སློབ་དང་ཐག་ཉེ་པོ་ཞིག་ཡོད་པ་ཡིན་ནའང༌། དངོས་སུ་རང་གཟུགས་པོའི་ཐོག་ནས་འདིར་བཅར་རྒྱུ་བྱུང་ཡོད་མ་རེད།

སྐབས་སྔ་ཕྱི་ཁ་ཤས་གཅིག་ལ་འདིར་ཡོང་རྒྱུའི་རྐྱེན་དེ་འདྲ་འཕྲད་སོང་སྟེ། ཡོང་ཐུབ་ཡོད་མ་རེད། སྔོན་གྱི་ཆ་ལ་ཆ་བཞག་པ་ཡིན་ནའང་འདིར་ཆོས་མངོན་པའི་སྐོར་ལ་བགྲོ་གླེང་ཚོགས་འདུ་གནང་དུས། དང་ཐོག་ནས་ང་ལ་མགྲོན་ཤོག་འབྱོར་བྱུང༌། དེའི་སྐབས་ལས་དོན་གཞན་པ་མང་པོ་ཞིག་གིས་བར་དུ་བཅད་པའི་དབང་གིས་བཅར་རྒྱུ་བྱུང་མ་སོང༌། ད་རེས་བདེ་སྐྱིད་གླིང་ལ་མང་གཙོ་ཚོགས་པའི་མགྲོན་ཤོག་གི་ཐོག་ལ་ཡོང་དུས་ཐོག་མའི་ཆ་ལ་འདི་བར་སླེབས་ཀྱི་རེད་བསམ་པ་དྲན་མ་བྱུང་སྟེ། ཁ་སང་འདིར་སླེབས་པའི་རྗེས་ལ་ཉིན་གསུམ་གྱི་ལས་རིམ་འདི། ག་ས་ག་ལ་བཀྲམ་བྱས། འདིར་ཡང་ལས་རིམ་གཅིག་བཟོས་འདུག འདི་ལ་ང་ཞེ་དྲགས་འདོད་བློ་ཚིམས་པོ་བྱུང༌། ད་ལྟ་ཁྱེད་རང་ཚོ་ཚང་མ་མཇལ་ཐུབ་པ་དང༌། བཀའ་མོལ་ཞུ་རྒྱུའི་གོ་སྐབས་གནང་བ་འདི་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ང་བོད་མི་མང་སྤྱི་འཐུས་ཚོགས་གཙོའི་མིང་ཐོག་ནས་བཅར་བ་རེད། དེ་འདྲ་ཡིན་ཙང་ངས་དང་པོ་བཙན་བྱོལ་གཞུང་གི་ངོས་ནས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས། ང་རང་གི་ངོས་ནས་འདིར་བཞུགས་པའི་བླ་གྲྭ་དགེ་འདུན་ཡོངས་རྫོགས་ལ་གུས་ཞབས་ཆེན་པོའི་ཐོག་ནས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རབ་བྱུང་གི་སྡེ། ལྷག་པར་དུ་ཡང་སྲོལ་རྒྱུན་གྱི་ཐོག་ནས་སློབ་གཉེར་གནང་མཁན་བཤད་གྲྭ་བ་དེ་ཚོའི་ནང་ལ་ང་ཚོ་ཆབ་སྲིད་ཀྱི་ལས་ཀ་བྱེད་མཁན་ཚོས་སྐད་ཆ་བཤད་རྒྱུ་ཞེ་དྲགས་མང་པོ་ཞིག་ཡོད་མ་རེད། ང་ལ་བཤད་རྒྱུའི་འདོད་པ་ཡང་མེད། ང་རང་གི་རྒྱུན་དུ་བསམ་བློ་གཏོང་སྟངས་དང་ལྟ་བ་འཁྱེར་སྟངས་དེ་འདྲ་ཞིག་ཡིན། དགེ་འདུན་པ་ཚོས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་བྱ་བ་བྱེད་རྒྱུ་དེ་ག་རང་གལ་ཆེ་ཤོས་ཤིག་ལ་བརྩི་དགོས་ཀྱི་རེད། སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་པ་ལ་ཞུགས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་གང་ཟག་དེ་ཚོ་ལ་ལས་སུ་བྱ་བ་གཉིས་མ་གཏོགས་གང་ཡང་ཡོད་མ་རེད། བྱབྱརབ་ཏུ་བྱུང་བ་རྣམས་ཀྱི་བྱ་བ་ལ་གཉིས་ཏེ། ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ནོ།།བྱབྱ ཞེས་གསུངས་ནས་ཐག་ཆོད་པ་ཡིན་ཙང༌། ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལས་ལྷག་པའི་ཆབ་སྲིད་ཀྱི་ལས་ཀ་ཡིན་ནའང་དེ་ལས་གལ་ཆེ་བ་བྱེད་རྒྱུ་ཡོད་མ་རེད་བསམ་དྲན་བསྡད་ཀྱི་འདུག ནམ་རྒྱུན་ནས་གདན་ས་ཆེན་པོ་རྣམས་དང༌། ཆོས་སྡེ་ཁག་གི་ནང་ཆབ་སྲིད་ཀྱི་ལས་འགན་རྐང་བཞེས་ནས་རྔམ་སྟོན་ཁྲོམ་སྐོར་ཟེར་རྒྱུ་ལ་སོགས་པ་དེ་ཚོའི་ནང་ཕེབས་རྒྱུ་དང༌། ཚོགས་པ་གཅིག་གི་ནང་འཛུལ་རྒྱུ་དེ་ཚོ་ལ་ངས་ནམ་ཡང་རྒྱབ་སྐྱོར་ཞུ་གི་མེད།

རབ་བྱུང་ཚོ་ལ་ཆབ་སྲིད་ཀྱི་ལས་ཀ་རྩ་བ་ནས་ཡོད་མ་རེད་ཅེས་ངས་ཞུ་གི་མེད། རབ་བྱུང་ཚོ་ལ་ཆབ་སྲིད་ཀྱི་ལས་འགན་ངེས་པར་དུ་ཡོད་རེད། ཡིན་ནའང་ཆབ་སྲིད་ཀྱི་ལས་འགན་དེ་བསྒྲུབ་རྒྱུའི་ལམ་ཁ་མང་པོ་ཡོད་རེད། ཡིན་གཅིག་མིན་གཅིག་ཚོགས་པ་སྐྱིད་སྡུག་གཅིག་གི་ནང་འཛུལ་དགོས་རྒྱུ་དང༌། སྲིད་དོན་ནང་དངོས་སུ་ཕྱག་བཞེས་གནང་ནས་འགྲོ་དགོས་པའི་གནས་སྟངས་གཅིག་ཡོད་མ་རེད་བསམ་དྲན་བསྡད་ཀྱི་ཡོད། གང་ཟག་ཕལ་པ་ཁྱིམ་པ་དེ་ཚོས་སྲིད་དོན་བྱས་པ་ལས་ལྷག་ཙམ་ཞིག་ང་ཚོ་རབ་བྱུང་བ་ཚོས་གནས་སྐབས་ཆབ་སྲིད་ཀྱི་ལས་དོན་སྒྲུབ་པ་དང༌། དེ་ལ་བརྟེན་ནས་མཐར་ཐུག་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་བཟང་ཡང་འགྲུབ་རྒྱུ་དེ་འདྲ་གཉིས་ཆ་ཡོད་པའི་སྲིད་དོན་ཡང་དག་པ་ཞིག་གནང་རྒྱུ་ཡོད་རེད་བསམ་དྲན་བསྡད་ཀྱི་འདུག དེ་འདྲ་ཡིན་ཙང་ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་རབ་ཏུ་བྱུང་བ་ཚོས་སྲིད་དོན་ལ་ཕྱག་བཞེས་གནང་རྒྱུའི་ས་མཚམས་འདྲ་པོ་འདི་སྤྱི་འཐུས་འོས་འདེམས་བྱེད་རྒྱུ་དང༌། མང་མོས་ཐག་གཅོད་འོས་བསྡུ་ལ་སོགས་པ་དེ་ཚོའི་ནང་ལ་དགོངས་པ་ཡག་པོ་བཞེས་ཏེ་འོས་ཤོག་བླུག་རྒྱུ་དེ་རེད། སྤྱིར་བཏང་ཡུལ་མི་ཞིག་ཡིན་པའི་ཆ་ནས་ཕྱག་བཞེས་གནང་དགོས་རྒྱུ་གཅིག་ལ། རིམ་པ་གཉིས་པ་དེ་སྤྱི་ཚོགས་ཤིག་གི་ནང་ལ་ཆབ་སྲིད་ཀྱི་བསམ་བློ་སྤེལ་ཐུབ་པ་གནང་རྒྱུ་དེ་རབ་བྱུང་ཚོས་གནང་རྒྱུའི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་དེ་ཡིན་པ་རེད་བསམ་བསྡད་ཀྱི་ཡོད།

བསམ་ཚུལ་སྤེལ་བ་ཟེར་རྒྱུ་དེ་ད་རིང་སང་ཉིན་སྲིད་དོན་ཚན་རིག་པ་ཚོས་ Public Opinion ཟེར་བཤད་སྡོད་རྒྱུ་དེ་ལ་ངས་ལབ་སྡོད་ཀྱི་ཡོད། ནུབ་ཕྱོགས་པ་ཡིན་ན་མང་ཚོགས་ཀྱི་བསམ་བློ་བཟོ་མཁན་དེ་སྲིད་དོན་གྱི་ཚོགས་པ་མ་གཏོགས་གཞན་དག་མེད་པ་རེད། ང་རང་ཚོ་ལ་སྟོན་པ་འཇིག་རྟེན་དུ་བྱོན་པ་ནས་བཟུང་ལོ་རྒྱུས་ཀྱི་ནང་ཕྱི་བལྟས་སློག་ནས་ལྟ་གི་ཡིན་ན། མང་ཚོགས་ཀྱི་ནང་ལ་ཆབ་སྲིད་ཀྱི་བསམ་ཚུལ་ཡང་དག་པ་གཅིག་བཟོ་བའི་ལས་དོན་ཐོག་ལ་རབ་ཏུ་བྱུང་བ་ཚོས་ཕྱག་བཞེས་ཤུགས་ཆེན་པོ་གནང་ཡོད་རེད།

དེ་ལ་བརྟེན་ནས་ཕན་གནོད་བྱུང་བསྡད་ཡོད་རེད། དེ་འདྲའི་རྒྱུ་མཚན་གྱིས་བོད་ཀྱི་ནང་ལ་ཡང་དགོན་སྡེ་ཁག་དེ་ཚོ་ཤུགས་མ་ཐུབ་ཀྱིས་ཆབ་སྲིད་ཀྱི་ནང་འབྲེལ་བ་ཆགས་རྒྱུ་དེ་མང་ཚོགས་ཀྱི་བསམ་བློའི་ཁ་ཕྱོགས་དེ་བླ་མ་གྲྭ་པ་ཚོས་ཤུགས་ཆེན་པོ་བསྒྱུར་ཐུབ་ཀྱི་ཡོད་པ་ཡིན་ཙང་དེ་འདྲའི་རྒྱུ་མཚན་གྱིས་དགེ་འདུན་གྱི་སྡེ་ཆབ་སྲིད་ཀྱི་ནང་འབྲེལ་ལམ་ཕྱིས་སུ་མང་པོ་ཞིག་ཆགས་ཡོང་རྒྱུ་གཅིག་ཆགས་ཡོད་རེད་བསམ་དྲན་བསྡད་ཀྱི་ཡོད། དེ་འདྲ་ཡིན་ཙང་ངས་གྲྭ་པ་ཚོ་མཇལ་དུས་སྤྱིར་བཏང་སྤྱི་ཚོགས་ནང་བཤད་བསྡད་པ་ནང་བཞིན་ཆབ་སྲིད་དང་འབྲེལ་བའི་སྐད་ཆ་དེ་འདྲ་བཤད་མ་དགོས་པ་གཙོ་འདོན་བྱེད་བསྡད་ཀྱི་ཡོད། དེ་བཤད་མ་དགོས་པ་གཙོ་དོན་བྱེད་དུས་སྐད་ཆ་བཤད་རྒྱུ་ཉུང་ཉུང་ཆགས་འགྲོ་གི་ཡོད་རེད། ཆོས་ཀྱི་སྐད་ཆ་བཤད་རྒྱུ་ལ་ནི་ང་ལ་འོས་བབས་དང་ཐོབ་ཐང་འདི་འདྲ་གང་ཡང་ཡོད་མ་རེད། བྱས་ཙང་གྲྭ་པ་ཚོའི་ནང་སྐད་ཆ་བཤད་རྒྱུ་དེ་དང༌། ལྷག་པར་དུ་དགོན་པ་ཚོའི་ནང་སྐད་ཆ་བཤད་རྒྱུ་དེ་ལ་ང་འཚེར་པོ་ཡོང་གི་འདུག ཡིན་ནའང་ས་སྐྱ་མཐོ་སློབ་འདི་དངོས་གནས་ཟུར་དུ་བཀར་བའི་དགོན་པ་རྐྱང་རྐྱང་གང་ཡང་མ་རེད། བཤད་གྲྭ་འདི་དེང་རབས་ནང་བཞིན་བྱས་ནས་ College ཟེར་ནས་མིང་བཏགས་ཡོད་པ་ཡིན་ཙང་དེ་འདྲའི་ནང་སྐད་ཆ་བཤད་རྒྱུ་དེ་ཏོག་ཙམ་སྟབས་བདེ་བ་འདུག་མ་གཏོགས། དངོས་གནས་ཆོས་སྡེ་ཁག་རང་གི་ནང་ལ་སྐད་ཆ་བཤད་རྒྱུ་དེ། ང་ཚོ་ནམ་རྒྱུན་ལས་ཀ་བྱེད་རྒྱུ་མང་ཆེ་བ་ཆབ་སྲིད་ཀྱི་ངོ་བོ་གཅིག་གི་ནང་ལ་འཛུལ་བསྡད་པ་ཡིན་ཙང༌། ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ལུང་རྟོགས་ཀྱི་ཆོས་ཚུལ་རིམ་པའི་ཐོག་ལ་བཤད་རྒྱུའི་ཐོབ་ཐང་དང་འོས་བབས་འདི་ཡོང་གི་ཡོད་མ་རེད། གྲྭ་པ་རྒན་པ་ཡིན་པའི་ཆ་ནས་གཅིག་བྱས་ན་ཐོབ་ཐང་རག་གི་ཡོད་འགྲོ་སྟེ། ཡིན་ནའང་ལས་འགན་གྱི་ངོ་བོའི་ཆ་ནས་ཏོག་ཙམ་ཐ་དད་ཆགས་བསྡད་ཀྱི་ཡོད་རེད།

ད་རིང་ཁྱེད་རང་ཚོ་ལ་ངས་དམིགས་བསལ་གྱི་འབོད་བསྐུལ་དང་གསོལ་འདེབས་ཞུ་རྒྱུ་གཅིག་ག་རེ་ཡོད་ཟེར་ན། ཁྱེད་རང་ཚོ་འདིར་བཞུགས་ནས་བོད་ཀྱི་སྲོལ་རྒྱུན་དང༌། ལྷག་པར་དུ་དཔལ་ལྡན་ས་སྐྱ་པའི་བཞེད་སྲོལ་དང་མཐུན་པ་གཅིག་གི་བཤད་གྲྭའི་ནང་ལ་གཞུང་ཆེན་པོར་ཐོས་བསམ་སློབ་གཉེར་གནང་རྒྱུ་བྱུང་བ་འདི་མི་ཚེ་དོན་ལྡན་དུ་བྱེད་པའི་ལས་ཀ་རླབས་ཆེན་གཅིག་ཡིན་པ་དང༌། ཧ་ཅང་གི་སྐལ་བ་བཟང་པོ་ཡིན་པ་དེ་ཁྱེད་རང་ཚོས་མཁྱེན་པ་གནང་དགོས་ཀྱི་འདུག་ཟེར་ནས་དེ་ཞུ་དགོས་བསམ་བྱུང༌། བོད་པའི་སྤྱི་དོན་བསྒྲུབ་རྒྱུ་དང༌། བོད་ཀྱི་ཆབ་སྲིད་ལ་ཞབས་འདེགས་བསྒྲུབ་རྒྱུ། རང་གི་ཚེ་འདི་ཕྱི་གཉིས་ཀྱི་དོན་དག་བསྒྲུབ་རྒྱུ། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་ཕན་པའི་ཆེད་དུ་ལས་ཀ་བྱེད་རྒྱུ་སོགས་གང་འདྲ་གཅིག་གི་ཕྱོགས་ནས་བསམ་བློ་བཏང་བ་ཡིན་ནའང༌། ད་རིང་སང་ཉིན་དུས་ཚོད་སྙིགས་མ་འདི་འདྲ་གཅིག་གི་སྐབས་ལ་གཞུང་ཆེན་མོ་ལ་ཐོས་བསམ་སློབ་གཉེར་བྱེད་རྒྱུ་ལས་ལྷག་པའི་ལས་དོན་གཞན་པ་ཆོས་དང་འཇིག་རྟེན་གང་གི་ཕྱོགས་ནས་བལྟས་པ་ཡིན་ནའང་རྩ་བ་ཉིད་ནས་ཡོད་མ་རེད་བསམ་ང་རང་གིས་སྙིང་ཐག་པ་ནས་དེ་ལ་ཡིད་ཆེས་བྱེད་ཀྱི་ཡོད། དེ་ངས་འདྲ་ཆགས་པོ་བྱས་ནས་ཞུས་པ་དེ་འདྲ་གང་ཡང་མིན། ད་ང་མི་རྒས་འཁོགས་རེད། ཉམས་མྱོང་མང་པོ་བསགས་པ་རེད། སྐྱིད་སྡུག་གི་གནས་ཚུལ་མང་པོ་མཐོང་བ་རེད། འཛམ་བུ་གླིང་གི་ལུང་པ་ག་ས་ག་ལ་ཁྱི་རྒྱུག་པ་ནང་བཞིན་བརྒྱུགས་པ་རེད། འདྲ་མི་འདྲ་སྣ་ཚོགས་གཅིག་དང་ཐུག་པ་རེད། སྐད་ཆ་བཤད་པ་རེད། དེ་ཚོ་ཚང་མ་ཚུར་བསྡོམས་བརྒྱབས་ཡོང་དུས། བོད་ཆོས་ལྡན་གྱི་ཞིང་ནང་ལ་གཞུང་ལུགས་ཆེན་པོ་ལ་སློབ་གཉེར་བྱེད་རྒྱུ་དང༌། གཞུང་ལུགས་ཆེན་པོ་ལ་སློབ་གཉེར་བྱས་པའི་རྗེས་ལ་སྒྲུབ་པ་ཉམས་ལེན་ལ་སྦྱར་ནས་རང་གི་རྒྱུད་ལ་སྒྲུབ་པ་ཉམས་ལེན་གྱི་རིམ་པ་དེ་གཙོ་བོར་སྟོན་གྱི་ཡོད་ནའང་རེད། ཡང་ན་མི་གཞན་ལ་ཕར་འཆད་སྤེལ་བྱེད་རྒྱུའི་འབད་པ་གཙོ་བོ་བྱེད་ཀྱི་ཡོད་ནའང་རེད། དེ་འདྲ་གང་རུང་གཅིག་ལ་འཇུག་པའི་མི་ཚེའི་རིམ་པ་སྒྲིག་སྟངས་དེ་རླབས་ཆེན་གྱི་བྱ་བཞག་གཅིག་རེད་འདུག འཛམ་བུ་གླིང་སུ་ལའང་མེད་པའི་ངོ་མཚར་ཙན་རེད་བཞག་བསམ་དྲན་ཡོང་གི་འདུག ང་ཚོ་ནང་བཞིན་ཆོས་པའི་སྤྱི་ཚོགས་མང་པོ་ཡོད་རེད། ཡེ་ཤུ་ལ་ཆ་བཞག་གི་ཡིན་ནའང་རེད། ཧིནྡཱུའི་ལྟ་གྲུབ་རྣམ་གཞག་མང་པོ་གཅིག་ཡོད་རེད། དེ་ཚོ་ལ་ཆ་བཞག་གི་ཡོད་ནའང་རེད། དེ་ནས་ད་དུང་ཕར་སྦུག་སྲུབས་དོག་ཙམ་བྱེད་ཀྱི་ཡིན་ན། ཁ་ཆེ་ལ་ཆ་བཞག་གི་ཡིན་ནའང་རེད། ཡང་དེ་ཚོ་ཚང་མ་ལ་རང་རང་སོ་སོའི་ཆོས་ཀྱི་སྐད་ཆ་མང་པོ་གཅིག་བཤད་རྒྱུ་ཡོད་རེད། ཧིནྡུ་དེ་ཚོ་ཡིན་ན་གྲུབ་མཐའི་རྣམ་གཞག་གང་ལ་གང་འཚམས་གཏིང་ཟབ་པོ་དང་ཕྲ་པོ་དེ་འདྲ་བཤད་རྒྱུ་ཡོད་བསྡད་པ་མང་པོ་ཡོད་རེད། ཡེ་ཤུ་ཡིན་ན་ང་རང་ཚོ་ནང་བཞིན་བྱས་ནས་ཚངས་སྤྱོད་ཀྱི་གཞིའི་སྟེང་ལ་གནས་ནས་དགོན་པའི་ནང་ལ་བསྡད། སྒོམ་རྒྱག་པའི་ལམ་སྲོལ་མང་པོ་གཅིག་ཡོད་རེད། ཁོང་ཚོ་ཚང་མ་ལ་བལྟས་ན། ང་རང་ཚོས་ཕྱི་བལྟས་གཅིག་སློག་ཡོང་དུས་ང་ཚོ་བོད་ཀྱི་ནང་པའི་བསྟན་པ་དེ་ཧ་ཅང་རྒྱ་ཆེན་པོ་ཡིན་པ་དང༌། དེའི་ནང་ལ་ཐོས་བསམ་སློབ་གཉེར་བྱེད་མཁན་གྱི་གང་ཟག་དེ་ཚོ་ཆོས་བརྒྱུད་གཞན་པ་ཚོས་ཐོས་བསམ་སློབ་གཉེར་བྱེད་སྟངས་དང་སྒྲུབ་པ་ཉམས་ལེན་བྱེད་སྟངས་དེ་ལས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་གཅིག་ཡོད་པ་དེ་ར་འཕྲོད་ཡོང་གི་འདུག ཧོབ་སྟེ་བལྟས་པ་ཡིན་ན་ཡེ་ཤུའི་གྲྭ་པ་དེ་ཚོ་སྒྲིག་ལམ་དམ་པོ་ཞེ་དྲགས་རེད། ཞོགས་པ་སྔ་པོ་ལངས་རྒྱུ་དང༌། སྒོམ་བརྒྱབ་རྒྱུ། གསོལ་འདེབས་འདོན་རྒྱུ་དེ་ཚོ་སྐར་ཆ་གཅིག་ཡང་ཕར་ཚུར་འགྱང་རྒྱུ་མེད་པ་བྱེད་དགོས་པའི་སྒྲིག་ལམ་དམ་པོ་གཅིག་ཡོད་རེད་དེ། ཡིན་ནའང་ཁོ་ཚོ་ལ་བསམ་རྒྱུ་དྲན་རྒྱུ་ཞེ་དྲགས་གང་ཡང་མི་འདུག ག་རེ་བྱས་ན་མ་བྱས་ན་ང་ཚོས་མཐོང་རྒྱུ་མེད་པའི་དཀོན་མཆོག་གཅིག་དང༌། རིགས་པས་བསྒྲུབ་རྒྱུ་མེད་པའི་འཇིག་རྟེན་གྱི་བྱེད་པོ་གཅིག་ལ་བློ་བཀལ་ནས་བསྡད་ཀྱི་ཡོད་རེད། གསོལ་བ་གཅིག་བཏབ་བསྡད་ཀྱི་ཡོད་རེད་མ་གཏོགས་དེ་ལས་ལྷག་པ་གཅིག་གི་གཞི་དངོས་པོའི་གནས་ལུགས་ལ་རྟོག་དཔྱོད་བྱེད་རྒྱུའི་ལམ་གཅིག་ནི་མི་འདུག ལམ་རིམ་པ་གཉིས་ལ་ཉམས་ལེན་བྱས་ནས་མཁའ་ཁྱབ་ཀྱི་སེམས་ཅན་གྱི་དོན་སྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་དེ་འདྲའི་ཉམས་སུ་ལེན་རྒྱུ་ནི་གང་ཡང་མི་འདུག སེམས་པ་བཟང་པོ་བྱེད་དགོས་རེད། གྲོང་པ་དང་ཁྱིམ་མཚེས་ལ་བྱམས་སྙིང་རྗེ་བཞག་དགོས་རེད། གྲོང་པའི་ཕ་མར་སྙིང་རྗེ་བཞག་དགོས་རེད། མི་ཚང་མ་ལ་བྱམས་སྙིང་རྗེ་བཞག་དགོས་རེད་ཟེར་རྒྱུ་མ་གཏོགས་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བཞག་དགོས་ཟེར་རྒྱུ་ཙམ་ཡང་ལབ་ཤེས་ཀྱི་ཡོད་མ་རེད། ལབ་ཐུབ་ཀྱི་ཡོད་མ་རེད། མི་ཙམ་གྱི་བར་དུ་འགྲོ་ནས་རྫོགས་འགྲོ་བ་ཞིག་རེད། ཁོང་ཚོའི་མི་ཚེ་དེ་དེ་འདྲའི་སྒྲིག་ལམ་དམ་པོ་གཅིག་གི་ནང་ནས་སྐྱེལ་གྱི་ཡོད་རེད་དེ། དེ་ཚོ་དང་ང་ཚོས་ཉིན་ཞག་ཕྲུགས་གཅིག་ལ་གཞུང་ཆེན་མོ་ལ་སློབ་གཉེར་བྱེད་པའི་གོ་སྐབས་དེ་དང་ཧ་ལམ་གནམ་ས་འདྲ་པོའི་ཁྱད་པར་རྒྱུགས་བསྡད་བཞག་བསམ་རང་གིས་རང་ལ་དྭང་བ་འདྲེན་རྒྱུ་ཞིག་ཡོང་གི་འདུག ཆོས་ལུགས་ཁ་ཤས་ནི་ཧ་ཅང་གི་སྦུག་སྲུབས་དོག་པོ་རེད། ཆོས་ལུགས་ཁ་ཤས་ནི་ཞི་བདེ་དང་མཐུན་ལམ་ཟེར་རྒྱུ་ཙམ་མ་གཏོགས་ཞེ་དྲགས་ཞེ་དྲགས་བཤད་རྒྱུ་མེད་བསྡད་མཁན་དེ་འདྲ་མང་པོ་རེད། བྱས་ཙང་སྒོམ་བརྒྱབ་རྒྱུ་དང༌། དེའི་ཐོག་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སྐྱེས་ནས་མོས་པ་ཡིད་ཆེས་ཙམ་གྱི་ཐོག་ལ་བཞག་མི་དགོས་པར་ར་འཕྲོད་རྒྱུ་ཡོད་པ་གཅིག་ཆོས་ལུགས་གཞན་པ་ཚང་མ་ལ་དཀོན་པོ་ཡོད་རེད། གད་མོ་སློང་བའི་སྒྲུང་གཏམ་གཅིག་བཤད་པ་ཡིན་ན་ Mircea Eliade ཞེས་པའི་མི་དེའི་དེབ་སྐད་གྲགས་ཆེན་པོ་གཅིག་གི་ནང་ལ་སྒྲུང་གཏམ་འདི་ཐོན་གྱི་རེད། སྐྱེ་དམན་ཞིག་གིས་ཡེ་ཤུའི་བླ་མ་གཅིག་གི་མདུན་ལ་སྡིག་པ་མཐོལ་བཤགས་བྱེད་སར་ཡོང་བ་རེད། མོས་འདི་དང་འདི་བྱས་པ་ཡིན་ཞེས་མཐོལ་བཤགས་བྱས་ཚར་བའི་རྗེས་ལ། བླ་མ་དེས་མོའི་མཐོལ་བཤགས་བཞེས་ནས། ད་ཁྱེད་རང་གི་སྡིག་པ་དག་པ་རེད། ངས་དཀོན་མཆོག་ལ་གསོལ་བ་འདེབས་ཀྱི་ཡིན། ཞེས་ཁོང་གཉིས་ཀྱིས་ཕར་ཚུར་སྐད་ཆ་བཤད་པའི་ཟློས་གར་གྱི་གཞུང་གཅིག་རེད། མོས་འགྲོ་ཁར་ཡང་བསྐྱར་ངས་ད་དུང་དྲི་བ་གཅིག་ཞུ་ཆོག་གི་རེད་དམ་ཞེས་བཀའ་འདྲི་ཞུས་སྐབས། འགྲིག་གི་རེད། འགྲིག་གི་རེད། ཁྱེད་རང་ད་དུང་དྲི་བ་ཡོད་ན་དྲིས་ཤོག་ཅེས་ལབ་དུས། ཡེ་ཤུ་བླ་མ་དེ་ལ། ཕཱ་དར་ཟེར་བོས་ནས། ཁྱེད་རང་གིས་ཞབས་ཕྱི་ཞུ་ས་དེ་འཇིག་རྟེན་གྱི་བྱེད་པ་པོ་ངོ་མ་རང་ཡིན་པ་ངོས་འཛིན་ཞུ་གི་ཡོད་པ་དེ་ཁྱེད་རང་ལ་ནོར་འཁྲུལ་མེད་པའི་ཡིད་ཆེས་བརྟན་པོ་ཡོད་དམ། (Father, are you sure whom your eminence is serving is the God?) བླ་མ་དེས་བསམ་བློ་ཞིག་བཏང་ནས་ (Madam, that is the risk a priest and an artist has to take) ལྕམ་སྐུ་ཤོག འདིའི་རིགས་ཀྱི་ཉེན་ཁ་དེ་ཚོ་ཆོས་ཀྱི་བླ་མ་ཚོ་དང་རི་མོའི་སྒྱུ་རྩལ་ལ་ལས་ཀ་བྱེད་མཁན་དེ་ཚོས་ལེན་དགོས་པ་ཞིག་རེད། ཉེན་ཁ་འདི་མ་བླང་བར་འགྲོ་ས་ཡོད་མ་རེད། ང་ཚོས་མཐའ་གཅིག་ཏུ་ཐག་བཅད་ནས་ལབ་ཐུབ་རྒྱུ་གཅིག་མ་རེད། དེ་འདྲ་ཟེར་ནས་ལན་བརྒྱབས་པའི་ལོ་རྒྱུས་ཤིག་ཡོད་རེད། ང་འདི་བློ་ལ་འགྲོ་པོ་བྱུང༌། བླ་མ་དེས་དྲང་པོ་དྲང་ཤག་བཤད་པ་རེད། འདི་དངོས་གནས་ཉེན་ཁ་རེད། ག་རེ་འདྲ་པོ་གཅིག་ལ་གསོལ་བ་བཏབ་བསྡད་ཀྱི་ཡོད། ག་རེ་འདྲ་པོ་ལ་བློ་བཅོལ་བསྡད་ཀྱི་ཡོད་ཤེས་ཀྱི་ཡོད་མ་རེད། དེ་ཚོ་དང་བསྡུར་ནས་ང་ཚོ་བོད་ཀྱི་ཐེག་པ་ཆེན་པོའི་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་བྱེད་པའི་གོ་སྐབས་དེ་ཚོ་ལ་གཅིག་ལྟ་ཡོང་བའི་སྐབས་ལ། དངོས་གནས་རླབས་ཆེན་གྱི་ཆོས་ཟེར་རྒྱུ་དེ་ང་ཚོས་བྱེད་བསྡད་རྒྱུ་དེ་རེད་འདུག་བསམ་དྲན་ཡོང་གི་འདུག

ནང་པ་རང་གི་ནང་ལ་ཆ་བཞག་པ་ཡིན་ན་ཡང་ད་རིང་སང་ཉིན་འཛམ་བུ་གླིང་ལ་ནང་པའི་བསྟན་པ་ཡོད་པ་གང་ལ་གང་འཚམས་ཡོད་རེད། ཤ྄ཡཱམ་དང༌། བརྨཱ། ཤྲིའ་ལངྐཱ་སོགས་པ་དེ་ཚོ་ཚང་མའི་ནང་ལ་སྔོན་མ་ཉན་ཐོས་ཀྱི་སྡེ་པ་བཅོ་བརྒྱད་དང་ཉི་ཤུ་རྩ་གསུམ་ལ་སོགས་པ་དེ་འདྲའི་དབྱེ་བ་ཕྱེ་རྒྱུ་ཡོད་པའི་ནང་ནས་སྡེ་པ་གཅིག་ད་ལྟ་ལྷག་བསྡད་ཡོད་རེད། འཕགས་པ་གནས་བརྟན་པའི་སྡེ་པའི་ནང་ལ་ཡང་ནང་གསེས་ཀྱི་སྡེ་པ་མང་པོ་ཕྱེ་བའི་ནང་ནས་སྡེ་པ་བཞི་ལྔ་ཙམ་ད་རིང་སང་ཉིན་རྒྱལ་ཁབ་གསུམ་པོ་དེ་དག་གི་ནང་ཡོད་རེད། དངོས་གནས་བྱས་ན་ཉན་ཐོས་ཀྱི་སྡེ་པའི་བསྟན་པ་དེ་ཚོའི་ནང་ལའང་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ཡོངས་སུ་རྫོགས་པ་གཅིག་ཡོད་རེད། དེ་བཞིན་གཤེགས་པའི་གསུང་རབ་ད་ལྟ་ཡོད་པ་ལ་ཆ་མཚོན་པ་ཡིན་ནའང་ཁོང་ཚོའི་པཱ་ལིའི་སྐད་ནང་དེ་བཞིན་གཤེགས་པའི་གསུང་སྡེ་སྣོད་གསུམ་ཡོངས་སུ་རྫོགས་པ་གཅིག་ད་ལྟ་ཉར་བསྡད་ཡོད་རེད། ཡིན་ནའང་སྡེ་སྣོད་གསུམ་ལ་མཐར་ཕྱིན་པའི་སློབ་གཉེར་བྱེད། དེའི་རྗེས་ལ་སྒྲུབ་པ་ཉམས་ལེན་བྱེད་དེ་ལམ་གྱི་རིམ་པ་གཏན་ལ་ཕབ་པ་འདྲ་པོ་གཅིག་གང་ལའང་མི་འདུག བརྨཱའི་ནང་ལ་མངོན་པའི་ཆོས་གཏིང་ཟབ་པོ་ཡོད་འདུག དེ་ཡང་ད་ལྟ་རིམ་པས་ཉམས་འགྲོ་གི་ཡོད་རེད། སྤྱིར་བཏང་ནས་འཕགས་པ་གནས་བརྟན་པའི་སྡེ་པའི་མངོན་པ་དེ་ང་ཚོ་ཐེག་ཆེན་གྱི་མངོན་པ་ལས་ཞེ་དྲགས་རྒྱས་པ་བྱས་ནས་སེམས་དང་སེམས་བྱུང་གི་དབྱེ་བའི་རྣམ་གྲངས་དེ་ཚོ་ཞེ་དྲགས་མང་པོ་ཡོད་རེད། དེ་ཚོ་གཞི་ལ་བཟུང་ནས་མངོན་པའི་ཆོས་ཀྱི་རྣམ་གྲངས་ལ་དབྱེ་བ་ཕྱེ་རྒྱུ་དང༌། དབྱེ་བ་དེ་ཚོ་ཕར་དཀྲུག་ཚུར་དཀྲུག་བཏང་ནས་མུ་གསུམ་མུ་བཞི་རྩིས་བསྡད་རྒྱུའི་མངོན་པའི་སློབ་སྦྱོང་བྱེད་སྟངས་དེ་བརྨཱ་ནང་ཞེ་བོ་གཅིག་དར་བསྡད་ཡོད་རེད། སྔོན་མ་དགོང་དྲོ་ནག་ཁུང་ནང་གཅིག་གིས་གཅིག་ལ་ཁ་ལབ་བརྒྱབས་ནས་སྦྱང་བསྡད་དགོས་རྒྱུ་དེ་འདྲ་ལོ་ནས་ལོ་མཐུད་ནས་སློབ་སྦྱོང་བྱེད་པའི་ལམ་ཞིག་འདུག དེ་ཡང་ག་ལེ་ཉམས་འགྲོ་གི་ཡོད་རེད།

ཤ྄ཡཱམ་ནང་ལ་འདུལ་བའི་སྡེ་སྣོད་ལ་ཕྲན་བུ་རྩལ་བཏོན་ནས་སློབ་གཉེར་བྱེད་རྒྱུ་ཞིག་ཡོད་རེད། ཤྲིའ་ལངྐཱ་ལ་ནི་ཕལ་ཆེར་ཁོང་ཚོ་གཉིས་ཀ་ལས་ཐབས་སྐྱོ་བ་གཅིག་མ་གཏོགས་མི་འདུག ཡིན་ན་ཡང་དེ་ཚོའི་ནང་ལ་བདེན་བཞི་མི་རྟག་སོགས་བཅུ་དྲུག་གི་རྣམ་གྲངས་ཕྲ་ཞིང་ཕྲ་བ་སློབ་སྦྱོང་བྱེད་དགོས་བྱུང་ན་ཁོ་རང་ཚོ་ལ་ཡང་སློབ་སྦྱོང་གི་རྒྱུན་དེ་མི་འདུག ཁོང་ཚོའི་ནང་ལ་ཉམས་ལེན་བྱེད་རྒྱུ་ཞིག་ཡིན་ན་ཡང་རེད། ཕྱི་ལ་འཚོང་རྒྱུ་ཡིན་ནའང་རེད། དྲག་ཤོས་དེ་བསྒོམ་བརྒྱབ་རྒྱུ་དེ་རེད། བསྒོམ་བརྒྱབ་རྒྱུ་དེ་ཡང་ཞི་གནས་དང་ལྷག་མཐོང་གི་བསམ་གཏན་གཉིས་ཀྱི་རིམ་པ་ཡོངས་སུ་རྫོགས་པ་གཅིག་མི་འདུག ང་རང་ཚོ་ལ་ཡོད་པ་ནང་བཞིན་ཁོང་ཚོ་ལ་ཡོད་མ་རེད། བསྒོམ་བརྒྱབ་རྒྱུ་གཙོ་བོ་འདི་ཞི་གནས་བསྒྲུབ་རྒྱུའི་ཆེད་དུ་དབུགས་འབྱུང་རྔུབ་ལ་དམིགས་པའི་སེམས་རྩེ་གཅིག་པ་ཞིག་སྒྲུབ་ཀྱི་ཡོད་རེད། དབུགས་འབྱུང་རྔུབ་ལ་དམིགས་པའི་སེམས་རྩེ་གཅིག་པ་བསྒྲུབ་རྒྱུའི་སྒོམ་དེ་ཐེངས་གཅིག་བརྒྱབས་ཚར་བའི་རྗེས་ལ་ལམ་སེང་དྲན་པ་ཉེར་བཞག་གི་ནང་ལྷག་མཐོང་གི་ངོ་བོ་འདྲ་པོ་བྱས་ནས་དྲན་པ་ཉེར་བཞག་བསྒོམ་རྒྱུ་གཅིག་གི་ནང་འགྲོ་བསྡད་ཀྱི་ཡོད་རེད། དྲན་པ་ཉེར་བཞག་བསྒོམ་རྒྱུ་དེ་ལུས་དང་ཚོར་བ་དང་སེམས་དྲན་པ་ཉེར་བཞག་ཆེད་ཤུགས་ཆེ་ཆེ་གཅིག་སྒོམ་གྱི་ཡོད་རེད། ཆོས་དྲན་པ་ཉེར་བཞག་གི་ཐོག་ལ་སླེབས་དུས་བདེན་བཞི་མི་རྟག་སོགས་བཅུ་དྲུག་གི་རྣམ་གྲངས་ཆེས་ཕྲ་བ་དེ་ཚོ་ང་ཚོ་ལ་ཡོད་པའི་ཐེག་དམན་གྱི་གཞུང་ནས་བཤད་པ་ནང་བཞིན་གཅིག་ཁོ་རང་ཚོ་ལ་ཡོད་མ་རེད། གཞན་ཕར་བཞག་ནས་མི་རྟག་པ་ཕྲ་མོའི་རྣམ་གྲངས་ཕྲ་ཞིང་ཕྲ་བ་གཅིག་དང༌། མི་སྡུག་པ་སྒོམ་པའི་ཚུལ་གྱི་རྣམ་གྲངས་ཕྲ་ཞིང་ཕྲ་བ་དེ་ཚོ་ཡང་མི་རྟག་པ་རགས་པ་ཙམ་མ་གཏོགས་མི་རྟག་པ་ཕྲ་མོའི་རྣམ་གཞག་དེ་ཚོ་བཤད་ཐུབ་མཁན་དང་སྒོམ་ཐུབ་མཁན་ཧ་ལམ་དཀོན་པོ་རེད་བསྡད་བཞག དེ་འདྲ་ཡིན་ཙང་འཛམ་བུ་གླིང་གི་ཆོས་དང་འཇིག་རྟེན་གྱི་གནས་ཚུལ་ག་འདྲ་གཅིག་ལ་བལྟས་པ་ཡིན་ན་ཡང༌། ཆོས་ཀྱི་ཆ་ནས་བལྟས་པ་ཡིན་ན་ད་ག་ནང་བཞིན་རེད། འཇིག་རྟེན་གྱི་ཆ་ནས་བལྟས་པ་ཡིན་ན་འཇིག་རྟེན་གཤིས་ལུགས་ཀྱི་ནང་ལ་ང་རང་ཚོས་གཞུང་ཆེན་མོ་སློབ་གཉེར་བྱེད་རྒྱུ་དང༌། གཞུང་ཆེན་མོར་སློབ་གཉེར་བྱས་པ་ལ་བརྟེན་ནས་ང་ཚོར་ཐོབ་རྒྱུ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་འདི་བརྒྱ་ཆ་བརྒྱ་ལ་བགོས་པའི་བརྒྱ་ཆ་གཅིག་དེང་རབས་ཀྱི་སློབ་ཚན་ཡོངས་རྫོགས་ལ་སློབ་སྦྱོང་བྱས་ནས་ཐོབ་རྒྱུ་ཡོད་རེད་དམ་གསུངས་ན། ཐོབ་རྒྱུ་མེད་པ་ང་ཚོས་ཞེ་དྲགས་གསལ་པོ་བྱས་ནས་ཧ་གོ་ཐུབ་རྒྱུ་གཅིག་རེད། ཁོ་རང་ཚོས་ངོས་ལེན་བྱེད་ཀྱི་ཡོད་རེད།

གང་ལྟར་འགྲོ་བ་མིའི་སྤྱི་ཚོགས་ཀྱི་བདེ་བ་སྒྲུབ་ཐབས་དང༌། འཇིག་རྟེན་སྤྱིའི་སྡུག་བསྔལ་སེལ་ཐབས། གང་ཟག་བྱེ་བྲག་པའི་སྡུག་བསྔལ་སེལ་ཐབས་བཅས་གང་འདྲ་ཞིག་ཡིན་པ་ཡིན་ནའང༌། དེ་ལ་ཕན་པ་གཅིག་དེང་རབས་ཀྱི་ཚན་རིག་གི་ནང་ལ་དོན་དག་གཅིག་ཀྱང་སྟོན་རྒྱུ་ཡོད་མ་རེད། དོན་དག་གཅིག་ཀྱང་སྟོན་རྒྱུ་ཡོད་མ་རེད་ཟེར་རྒྱུ་དེ་ངས་ཆོས་པའི་ཕྱོགས་བཟུང་སྟེ་ཚན་རིག་པ་ལ་སྡང་ནས་ལབ་བསྡད་ཀྱི་མེད། དེང་རབས་ཀྱི་ཚན་རིག་པ་དང་འཕྲུལ་ཆའི་ལས་ཀ་བྱེད་མཁན་ཚོས་ད་ལྟ་ཁོ་རང་ཚོ་ལ་ཡོད་པའི་དཀའ་ངལ་དེ་སངས་ཐུབ་ཀྱི་མེད་པ་དེ་ཧ་གོ་ནས་ད་ང་ཚོའི་མདུན་ལ་ཚུར་བལྟས་སྡོད་ཀྱི་ཡོད་རེད། Tao of Physics ཞེས་པའི་དེབ་འབྲི་མཁན་མི་དེས་དེབ་གཉིས་པ་ The Turning Point ཟེར་རྒྱུ་གཅིག་བྲིས་ཡོད་རེད། དེའི་ནང་ལ་སྐད་ཆ་མཁས་པོ་མང་པོ་ཞིག་གཡས་གཡོན་མང་པོ་ནས་བཤད་ཡོད་རེད། དེས་དོན་དག་རྡོག་རྡོག་ག་རེ་ལབ་ཀྱི་ཡོད་རེད་ཟེར་ན། ད་ང་ཚོས་སྐོར་བ་གཅིག་བརྒྱབ་ན་མ་གཏོགས་ང་ཚོས་འགྲོ་ས་ལམ་འདི་ནས་ད་དུང་མདུན་ལ་ཕྱིན་པ་ཡིན་ན་འགྲོ་ས་མི་འདུག མར་ལྷུང་རྒྱུ་རང་རེད་མ་གཏོགས་འདི་ལ་ཐབས་ལམ་གཞན་གང་ཡང་མི་འདུག འདི་འདྲ་ཟེར་བསྐྱོགས་ནས་སྐོར་བ་བརྒྱབ་དགོས་ཀྱི་ཡོད་ན། ཤར་ཕྱོགས་ཀྱི་རིག་གཞུང་དང༌། ནང་དོན་རིག་པའི་རིག་གཞུང་ལ་བརྟེན་ན་མ་གཏོགས་ང་རང་ཚོའི་འདི་གཅིག་པུས་ལྡེང་བ་མི་འདུག་ཟེར་ནས་དངོས་ཡོད་ཀྱི་གནས་ཚུལ་རང་བཤད་ཡོང་གི་ཡོད་རེད། འདི་རྩོམ་པ་པོ་གཅིག་གི་སྐད་ཆ་རེད། དེ་འདྲའི་རྩོམ་པ་པོ་བརྒྱ་ཕྲག་མང་པོས་ད་རིང་སང་ཉིན་ལོ་རྒྱུས་དེ་ཚོ་ཚུར་བཤད་ཡོང་གི་ཡོད་རེད། དེ་འདྲ་ཡིན་པ་ཡིན་ཙང་ཆོས་སྲིད་གང་གི་ཆ་ནས་བལྟས་པ་ཡིན་ཡང་སྟོན་པ་བདེ་བར་གཤེགས་པས་ཐེག་པའི་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ཆོས་ཚུལ་གྱི་རྣམ་གཞག་ཚང་ལ་མ་ནོར་བ་ཡོངས་སུ་རྫོགས་པ་གཅིག་ ཐོས་བསམ་སློབ་གཉེར་བྱེད་ས་ཡོད་པ་དང༌། བྱེད་རྒྱུའི་རྒྱུན་མ་ཉམས་པ་ཡོད་པ་འདི་ང་ཚོ་བོད་པའི་སྤྱི་ཚོགས་ལ་མ་གཏོགས་སྤྱི་ཚོགས་གཞན་པ་གང་གི་ནང་ལའང་ལྷག་མི་འདུག ཐེག་ཆེན་གྱི་བསྟན་པ་ཡོད་སའི་སྤྱི་ཚོགས་གཞན་པ་དེ་ཚོ་ལ་བལྟས་པ་ཡིན་ནའང༌། དཔེར་ན། ཇཱ་པན་དང༌། ཀོ་རི་ཡ། ཝེཏནཱམ་གྱི་ནང་བལྟས་པ་ཡིན་ནའང༌། ཐག་རིང་པོ་ནས་བལྟས་པ་ཡིན་ན་རྔ་བརྡུང་རྒྱུ་དང༌། དུག་ལོག་གཙང་མ་གྱོན་རྒྱུ། མཛད་སྒོ་ཚོགས་རྒྱུ། བང་བསྒྲིག་རྒྱུ་ལ་སོགས་པ་དེ་འདྲའི་རིགས་དེ་རྫིག་པོ་ཞེ་དྲགས་ཡོད་རེད། ཡིན་ནའང་ནང་དོན་ལ་ལྟ་དུས་ཆོ་ག་ཕྱག་ལེན་ཙམ་ཞིག་མ་གཏོགས་མེད་པ་འདྲ་པོ། གལ་ཏེ་གཞུང་ལ་སློབ་གཉེར་བྱེད་མཁན་གཅིག་ཡིན་ནའང་བདེ་བ་ཅན་གྱི་ཞིང་དུ་བཀོད་པའི་མདོ་གཅིག་པུ་མ་གཏོགས་དེ་ལས་གཞན་པ་གང་ཡང་མི་ཤེས་མཁན་དེ་འདྲའི་ལམ་སྲོལ་ཐོག་ནས་འགྲོ་མཁན་གྱི་ཆོས་བརྒྱུད་གཅིག་ཆགས་བསྡད་མཁན་དང༌། དམ་ཆོས་པདྨ་དཀར་པོ་ལ་ཆ་བཞག་པ་ཡིན་ན། དམ་ཆོས་པདྨ་དཀར་པོ་གཅིག་པུ་མ་གཏོགས་དེ་བཞིན་གཤེགས་པའི་གསུང་རབ་གཞན་པ་ལ་དོ་སྣང་དང་སློབ་སྦྱོང་བྱེད་པའི་གོ་སྐབས་རྩ་བ་ནས་མེད་མཁན་གྱི་ཆོས་བརྒྱུད་གཅིག་ཆགས་བསྡད་མཁན། བྱ་རྒྱུད་དང་སྤྱོད་རྒྱུད་ཀྱི་ལྷ་བསྟེན་པ་ཡིན་ནའང༌། ལྷ་གཅིག་གི་དཀྱིལ་འཁོར་དང་ཆོ་ག་མ་གཏོགས་དེ་ལས་གཞན་པ་གང་ཡང་མི་ཤེས་མཁན། བླ་མེད་ཀྱི་རྒྱུད་དེ་ཚོ་ནི་ཕལ་ཆེར་བོད་པ་ལ་མ་གཏོགས་སྔགས་ཀྱི་བསྟན་པ་ཡོད་མཁན་གཞན་དག་ལ་མེད་པ་འདྲ་པོ་གཅིག་རེད། ང་རང་ཚོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བླ་མ་གོང་མ་རྣམས་ནས་བརྒྱུད་པ་བར་མ་ཆད་པ་ཡོང་བསྡད་པ། འདུལ་བ་ཀཱ་རི་ཀཱ་ནས་དཔལ་གསང་བ་འདུས་པའི་བར་གྱི་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་སྡེ་སྣོད་ཡོངས་སུ་μོགས་པའི་རྣམ་གཞག་ཆ་ཚང་བ་གཅིག་བླ་མའི་དྲུང་ནས་ཐོས་བསམ་སློབ་གཉེར་བྱེད་རྒྱུའི་གོ་སྐབས་ཡོད་པ་དེ་ང་ཚོ་བོད་པའི་ནང་པ་ཚོ་གཅིག་པུ་རེད་འདུག ག་ས་ག་ལ་ཕྱིན་ནས་བལྟས། ག་ས་གར་ཕྱིན་ནས་ཉམས་མྱོང་བྱུང་བའི་སྐབས་ལ། ང་ཚོས་རྒྱུན་འཛིན་བྱེད་བཞིན་པའི་བསྟན་པ་འདི་ཞེ་དྲགས་རྩ་ཆེན་པོ་ཡིན་པ། སངས་རྒྱས་ཀྱི་བསྟན་པ་དེ་གང་འཚམས་ཉམས་ཚར་བ་ཡིན་པ། ང་རང་ཚོའི་སར་ད་ལྟ་དེ་ག་ཙམ་ཡོད་པ་དེ་གཉིས་ཀྱི་ཁྱད་པར་འདི་ང་ཚོས་གསལ་པོ་བྱས་ནས་ཤེས་ཐུབ་པ་འདུག སངས་རྒྱས་ཀྱི་བསྟན་པ་ཟེར་རྒྱུ་དེ་འགྲོ་བ་མིའི་སྤྱི་ཚོགས་ལ་ཕན་ཐོགས་རྒྱུ་མིན་པ་ཡིན་ན། ཉམས་པ་ཡིན་ནའང་གནད་འགག་གང་ཡང་མི་འདུག ཡིན་ནའང་ད་ལྟའི་གནས་སྐབས་འདི་ལ་སངས་རྒྱས་ཀྱི་བསྟན་པ་ཟེར་བ་དེ་བོད་པ་རྐྱང་རྐྱང་དང་ནང་པའི་ཆོས་བྱེད་མཁན་རྐྱང་རྐྱང་གི་དོན་དག་གཅིག་རེད་བསྡད་ཡོད་མ་རེད། འདི་ང་ཚོས་ཉམས་མྱོང་གི་ཐོག་ནས་མཐོང་ཐུབ་པ་ཞིག་རེད། དེ་འདྲ་ཡིན་ཙང་ང་ཚོ་ཐེག་པ་ཆེན་པོ་བ་ཚོས་འགོ་བཙུགས་དུས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟེར་ནས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་ཆེན་པོ་ཞིག་འཁྱེར་ཏེ་འགོ་བཙུགས་ཡོང་གི་ཡོད་རེད། ང་རང་ཚོས་ག་དུས་ཡིན་ནའང་སེམས་ཅན་ཐམས་ཅད་ལ་དམིགས་པའི་བསམ་པ་གཅིག་འཁྱེར་གྱི་ཡོད་རེད། བསམ་པ་གཅིག་མ་འཁྱེར་བ་ཡིན་ནའང་དེ་འདྲའི་ཚིག་གཅིག་ལབ་བསྡད་ཀྱི་ཡོད་རེད། དེ་དངོས་གནས་དྲང་གནས་རེད་འདུག དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ལ་འཕྲུལ་ཆས་བསྡུས་པའི་འཇིག་རྟེན་འདིར་མ་འོངས་པའི་མི་རིགས་དེ་ཚོ་མི་རང་གི་འཚོ་བ་འདྲ་པོ་བསྐྱལ་ནས་བསྡད་དགོས་པའི་བསམ་བློ་གཅིག་ཡོད་པ་ཡིན་ན་ནང་པའི་ཆོས་ཚུལ་ནས་བཤད་པའི་གནད་འགག་དེ་ཚོ་ཉམས་ལེན་བྱེད་མ་ཐུབ་པ་ཡིན་ན་ཡོང་ས་མ་རེད་བསམ་དྲན་གྱི་འདུག

དེ་འདྲའི་རྒྱུ་མཚན་གྱིས་ནང་པའི་གཞུང་ལུགས་དེ་ཚོ་འཆད་ཉན་མ་ཉམས་པ་གཅིག་གནང་དགོས་པ་དེ་འཇིག་རྟེན་གྱི་སྐད་ཆ་ཤོད་སྟངས་ཡིན་ན་འབྱུང་འགྱུར་གྱི་འགྲོ་བ་མི་རིགས་ཡོངས་μོགས་ཀྱི་བདེ་སྐྱིད་ཀྱི་རྩ་བ་གཅིག་ཆགས་བསྡད་ཀྱི་ཡོད་རེད། ཆོས་ཀྱི་སྐད་ཆ་བཤད་པ་ཡིན་ན་སེམས་ཅན་ཐམས་ཅད་ཀྱི་ཕན་བདེའི་རྩ་བ་གཅིག་ཆགས་བསྡད་ཀྱི་ཡོད་རེད། དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་ཁྱེད་རང་ཚོ་འདྲ་པོ་ཟས་གོས་གནས་མལ་གང་ལ་ཡང་སེམས་ཁྲལ་བྱེད་མི་དགོས་པ་བྱས་ནས། ཆོས་སྟོན་མཁན་གྱི་དགེ་བའི་བཤེས་གཉེན་ག་དུས་ཡིན་ནའང་ཁྲིགས་ཆགས་སུ་ཉན་ཆོག་ཆོག་དེ་འདྲའི་མཐུན་རྐྱེན་འཛོམས་པོ་ཡོད་པའི་སྐལ་བ་བཟང་པོ་དུས་ཀྱི་མཐའ་མ་འདི་འདྲ་གཅིག་ལ་ཐོབ་པ་འདི། སྐྱེ་བ་མང་པོའི་རིང་ལ་བསགས་པའི་བསོད་ནམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པའི་འབྲས་བུ་ཡིན་བསམ་པའི་བསམ་བློ་གཅིག་གི་ཐོག་ནས་ལས་དོན་གཞན་པ་གང་ལ་ཡང་མ་གཡེང་བའི་ཐོག་དུས་ཚོད་སྐར་ཆ་རེ་གཉིས་ཀྱང་ཆུད་ཟོས་མི་གཏོང་བར་གཞུང་ཆེན་མོར་སློབ་གཉེར་བྱེད་པའི་དོན་དུ་བགྲོད་པ་བྱེད་ཐུབ་པའི་ཆེད་དུ། གུས་སྦྱོར་གྱི་བརྩོན་འགྲུས་དང་རྟག་སྦྱོར་གྱི་བརྩོན་འགྲུས་ཆུ་བོའི་རྒྱུན་བཞིན་བསྟེན་དགོས་པ་འདི་གལ་ཆེན་པོ་ཞེ་དྲགས་རེད་བསམ་དྲན་གྱི་འདུག ངས་སློབ་གཉེར་བྱེད་མཁན་ཚོ་ལ་ག་དུས་ཡིན་ནའང་ཞུས་བསྡད་ཀྱི་ཡོད།

སློབ་གཉེར་བྱེད་མཁན་ཚོས་ལས་དོན་གཞན་པ་ལ་མགོ་འཁོར་བསྡད་རྒྱུ་དེ་ཡག་པོ་མ་རེད། སློབ་གཉེར་གྱི་ཞར་དང་ཞོར་ལ་ཡོད་ཚད་བྱེད་དགོས་རྒྱུ་དེ་གནད་འགག་གཅིག་ཆགས་ཀྱི་ཡོད་མ་རེད། ཡོད་ཚད་བྱེད་འདོད་པ་ཡིན་ནའང༌། བྱེད་ཐུབ་ཀྱི་ཡང་མ་རེད་ལ་དགོས་པ་ཡང་མེད་པ་གཅིག་རེད། སློབ་སྦྱོང་བྱེད་རྒྱུ་རང་གི་རྣམ་གཞག་གཅིག་ལ་ཆ་བཞག་པ་ཡིན་ན་ཡང༌། མང་པོ་མང་པོ་གཅིག་གི་ཐོག་ལ་ལག་པ་འཆང་རྒྱུ་དེ་དགེ་མཚན་ཆེན་པོ་གཅིག་རེད་མི་འདུག དོན་དེ་ལ་དགོངས་ནས་མཉམ་མེད་ཇོ་བོ་ཆེན་པོས་ཀྱང༌།

ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང༌། །

ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །

ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །

རང་གི་འདོད་པ་དང་པོར་བླང་བར་བྱ། །ཞེས་གསུངས་འདུག སྤྱིར་བཏང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་ཤེས་བྱའི་གནས་ཡོངས་སུ་རྫོགས་པ་བསླབ་དགོས་ཀྱི་ཡོད་རེད། ཡིན་ནའང་ང་ཚོའི་ཚེ་འདི་ཐུང་ཐུང་རེད། ཤེས་བྱའི་རྣམ་པ་ཧ་ཅང་གི་མང་པོ་རེད། ཚེའི་ཚད་ག་ཚོད་ཡོད་པ་ཤེས་ཀྱི་ཡོད་མ་རེད། དེ་འདྲ་ཡིན་ཙང་ང་རང་ཚོས་གལ་ཆེ་ཆུང་རྩིས་ནས་ Priority བཞག་སྟངས་གལ་ཆེ་ཆུང་རྩི་སྟངས་ཀྱི་ཐོག་ལ་མཁས་པོ་གཅིག་དགོས་ཀྱི་ཡོད་པ་བཤད་མ་དགོས་པ་རེད།

དེ་འདྲ་གལ་ཆེ་ཆུང་རྩི་སྟངས་འདི་གཞུང་ཆེན་མོ་ལ་སློབ་གཉེར་བྱེད་རྒྱུ་འདི་གལ་ཆེ་ཤོས་ལ་རྩིས་ནས་དང་པོ་འདི་མཐའ་མ་ཁྱོལ་གྱི་བར་དུ་ལས་ཀ་གཞན་པ་བཞག་རྒྱུ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་འདུག སྒྱིད་ལུག་པའི་ལེ་ལོ་དང༌། དེ་མཚུངས་ཀྱི་ལེ་ལོ་གཞན་པ་དེ་ཚོ་ང་ཚོ་རབ་ཏུ་བྱུང་བ་རྣམས་ལ་ཏོག་ཙམ་ཡོང་ཁག་པོ་ཞིག་རེད། ད་རིང་སང་ཉིན་ལོ་གཞོན་པ་མང་ཆེ་བ་འདི་ཚོ་རྣམ་གཡེང་དང་ལེ་ལོ་ག་རེའི་དབང་དུ་འགྲོ་གི་ཡོད་རེད་ཟེར་ན། བྱ་བ་ངན་པ་ལ་ཞེན་པའི་ལེ་ལོའི་དབང་དུ་འགྲོ་བསྡད་ཀྱི་ཡོད་རེད། བྱ་བ་ངན་ཞེན་གྱི་ལེ་ལོ་ཡོང་བའི་རྒྱུ་ཆ་མང་པོ་ཞེ་དྲགས་ད་རེས་སང་ཉིན་ང་ཚོའི་མདུན་ལ་སླེབས་བསྡད་ཀྱི་འདུག གསར་འགྱུར་ཡོད་རེད། གཟུགས་མཐོང་རླུང་འཕྲིན་ཡོད་རེད། དེ་མ་ཡིན་པ་མང་པོ་ཞིག་ཉན་རྒྱུ་ཡོད་རེད། བལྟ་རྒྱུ་ཡོད་རེད། དེ་འདྲ་ལ་སོགས་པ་རྣམ་གྲངས་འདྲ་མིན་མང་པོ་ཞེ་དྲགས་སླེབས་བསྡད་ཀྱི་ཡོད་རེད། སློབ་ཚན་འདྲ་མི་འདྲ་མང་པོ་ཞེ་དྲགས་ཡོད་རེད། སྐད་ཡིག་འདྲ་མི་འདྲ་མང་པོ་ཞེ་དྲགས་བསླབ་རྒྱུ་ཡོད་རེད། དེ་ཚོ་ཚང་མ་གཅིག་བྱེད་དགོས་མིན་འགྲོ་བསམ། གལ་སྲིད་བྱ་བ་ངན་པ་མིན་པ་ཡིན་ན་ཡང༌། བྱ་བ་ཕལ་པ་དེ་ཚོ་གཙོ་ཆེ་བར་རྩིས། བྱ་བ་གཙོ་ཆེ་བ་གཞུང་ཆེན་པོ་ལ་སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེན་པོ་མ་རྩིས་པ་བྱས་ནས་དུས་ཚོད་མང་པོ་དེའི་ནང་ཆུད་ཟོས་སུ་བཏང་བ་ཡིན་ན་འཕྲོ་བརླག་ཕྱིན་པ་རེད། མི་ཡི་ཚེ་ཟེར་རྒྱུ་དེ་ཧ་ཅང་གི་ཐུང་ཐུང་རེད། ཚེ་ལ་ངེས་པ་གང་ཡང་མེད་པ་རེད། རྒྱུ་མཚན་དེའི་དབང་གིས་ང་རང་ཚོས་བང་སྒྲིག་སྟངས་བཟང་པོ་ཡོད་པའི་སྐབས་ལ། རྡོག་ལ་བསྒྲིལ་ནས་གཞུང་ཆེན་མོ་རང་ལ་སློབ་གཉེར་བྱེད་ཐུབ་པ་བྱེད་རྒྱུ་དང༌། ཞར་ལ་སྐད་ཡིག་གཞན་བསླབ་ཆོག་གི་ཡོད་ན་ཡང་བསླབ་དགོས་ཀྱི་ཡོད་པའི་ངེས་པ་གང་ཡང་ཡོད་མ་རེད། བསླབ་ཆོག་གི་མ་རེད་ཟེར་རྒྱུ་དེ་ནི་ཏོག་ཙམ་འགྲིགས་ཀྱི་ཨེ་ཡོད་བསམ་གྱི་འདུག ང་རང་གིས་བལྟས་པ་ཡིན་ན་དེ་རིང་སང་ཉིན་རང་དབང་གི་སྐད་ཆ་འདི་མང་པོ་བཤད་སྡོད་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་བསླབ་ཆོག་དང་མི་ཆོག་ཟེར་རྒྱུ་དེ་ལབ་ཆོག་གི་མ་རེད་ཟེར་ལབ་ན་འགྲིགས་ཀྱི་ཡོད་མ་རེད། ཡིན་ནའང་བསླབ་ཆོག་པ་གང་ཞིག་ལ་ཚང་མ་བསླབ་དགོས་པ་གཅིག་གི་ནང་འཛིན་དགོས་པའི་ངེས་པ་ཡོད་མ་རེད།

དབྱིན་ཇི་སྐད་ཡིག་ཤེས་མཁན་མི་དེ་ཚོའི་སྤྱིར་བཏང་བསམ་བློའི་གནས་སྟངས་འདི་ཏོག་ཙམ་དམའ་རུ་འགྲོ་བསྡད་ཀྱི་ཡོད་པ་དེ་འདྲ་གཅིག་མཐོང་བསྡད་སོང༌། ང་རང་རང་ལ་ཆ་བཞག་པ་ཡིན་ན་ཡང་ངས་དབྱིན་ཇི་ཚིག་གཅིག་མ་ཤེས་པའི་སྐབས་ལ་ངའི་བསམ་པའི་གནས་ཚད་དེ་ལེགས་པ་འདུག ད་དབྱིན་ཇི་དང་ཧིནྡཱི་དེ་འདྲའི་རིགས་མང་པོ་གཅིག་ཡག་པོ་མ་ཤེས་པ་ཡིན་ནའང༌། མིས་ཚུར་བཤད་ཡོང་དུས་གོ་བསྡད་པ་དང༌། ཡི་གེ་དེ་འདྲ་ཀློག་ཤེས་པ་ཆགས་ཡོང་བ་དེའི་རྒྱུ་མཚན་གྱིས་ང་རང་གི་བསམ་བློའི་གནས་ཚད་དེ་ཞེ་དྲགས་དམའ་རུ་ཕྱིན་པའི་བཟོ་འདྲ་པོ་གཅིག་ཉམས་མྱོང་ཡོང་གི་འདུག དེ་འདྲ་ཡིན་ཙང་དངོས་གནས་བྱས་ན་སྐད་ཡིག་གཞན་དག་མང་པོ་མ་ཤེས་པ་དེ་ག་རང་ཡག་པ་འདུག ཆོས་ཕྱོགས་ནས་བསམ་བློ་གཏང་བ་ཡིན་ནའང་རེད། རིག་གཞུང་འཛིན་སྐྱོང་བྱེད་སྟངས་ཀྱི་ཐོག་ནས་བསམ་བློ་བཏང་བ་ཡིན་ནའང་རེད། གཉིས་ཀའི་ཆ་ནས་གང་བྱས་ཕྱི་ལོགས་ཀྱི་རིག་གཞུང་གི་ལྷགས་པ་བརྒྱབ་སའི་སྒེའུ་ཁུང་གཅིག་ཕྱེ་ནས་བཞག་པའི་སྐབས་ལ། སྒེའུ་ཁུང་དེ་ནས་ལྷགས་པ་དེ་མང་པོ་བརྒྱབ་ཡོང་རྒྱུ་དང༌། ལྷགས་པ་དེའི་དབང་གིས་ནང་ལོགས་ལ་སྡོད་མཁན་གྱི་མི་དེ་ལ་ཚོར་བའི་རིགས་མི་འདྲ་བ་སྣ་ཚོགས་ཤིག་ཡོད་བསྡད་རྒྱུ་དེ་དངོས་པོའི་གཤིས་ལུགས་འདྲ་པོ་གཅིག་ཆགས་བསྡད་ཡོད་རེད། མ་གཞི་བདག་ཉིད་ཆེན་པོ་གཱཾདྷཱིས་ བྱབྱངས་སྒེའུ་ཁུང་ཚང་མ་ཕྱེ་སྟེ་བཞག་གི་ཡིན། ཡིན་ནའང་སྒེའུ་ཁུང་དེ་ཚོའི་ནང་ནས་ཡོང་བའི་རིག་གཞུང་འདྲ་མིན་འདྲའི་རླུང་འཚུབ་དེ་ཡིས་ང་འཁྱེར་མི་འགྲོ་བའི་དོན་དུ་ང་རང་ཙོག་པུ་སྡོད་ཐུབ་པའི་ལྗིད་ཁོག་གཅིག་ང་རང་ལ་ཡོད་པ་བྱེད་ཀྱི་ཡིན།བྱབྱ ཞེས་གསུངས་ཡོད་རེད། དེ་འདྲ་ཆགས་པོ་གཅིག་འདུག་བསམ་ང་རང་གིས་ནམ་རྒྱུན་ནས་དྲན་སྡོད་ཀྱི་ཡོད། ང་རང་ཚོས་སྒེའུ་ཁུང་ཚང་མ་ཕྱེ་སྟེ་བཞག འཛམ་བུ་གླིང་གི་རིག་གཞུང་འདྲ་མི་འདྲ་དང༌། སློབ་ཚན་འདྲ་མི་འདྲ་ཚང་མའི་རླུང་དེ་ཚོ་ཡོང་ས་ཡོད་པ་བྱས་ནས་བཞག་ནས་སོ་སོ་རླུང་དེས་འཁྱེར་མི་འགྲོ་བ་ལྗིད་ཁོག་ཚ་པོ་བྱས་ནས་སྡོད་ཐུབ་མཁན་གཅིག་ཡིན་ན་རང་འགྲིགས་པ་རེད། ང་ཚོ་ལ་ལྗིད་ཁོག་དེ་ཕལ་ཆེར་ཡོད་ས་མ་རེད་བསམ་སྐབས་རེ་དྭོགས་པ་ཕྲན་བུ་རེ་སྐྱེ་ཡོང་གི་འདུག བྱས་ཙང་ལྗིད་ཁོག་མེད་པའི་སྲིན་བལ་ནང་བཞིན་ཡང་པོ་བྱས་ནས་བསྡད་པའི་སྐབས་ལ། ང་རང་ཚོའི་བློ་ཡི་ནུས་པ་མ་μོགས་པའི་སྐབས་སྒེའུ་ཁུང་བརྒྱབས་ན་ཡག་པ་དེ་ག་ས་གར་ལྷགས་པས་འཁྱེར་མ་ཕྱིན་པར་བསྡད་ཐུབ་པ་ཞིག་ཡོང་གི་རེད། ཡང་མིན་ན་དབྱིན་ཇིའི་སྐད་ལ་ Paper weight ཟེར་རྒྱུ་གཅིག་མིན་འདུག་གམ། དེ་འདྲའི་བླ་མ་དགེ་བའི་བཤེས་གཉེན་གྱིས་སྒང་ནས་མར་བསླབ་བྱ་རྒྱག་པའི་ཚུལ་གྱིས་མནན་བསྡད་མཁན་གཅིག་ཡོད་པ་ཡིན་ན་ནི། ལྷགས་པ་རྒྱག་གི་ཡོད་ནའང༌། ཁྱད་པར་གཅིག་འགྲོ་གི་ཡོད་ཀྱི་རེད་མ་གཏོགས། གཞན་ང་རང་ཚོའི་སྒོ་གསུམ་གྱི་སྤྱོད་ཚུལ་འདི་ལ་བལྟས་པ་ཡིན་ན་ཉེན་ཁ་ཆེན་པོ་རེད་བསམ་དྲན་གྱི་འདུག དེ་འདྲ་ཡིན་ཙང་གཞུང་ཆེན་མོ་ལ་གཅིག་ཏུ་བསྒྲིལ་ནས་སློབ་གཉེར་བྱེད་རྒྱུ་དེ་ཧ་ཅང་གི་ཐོབ་དཀའ་བའི་སྐལ་བཟང་གཅིག་རེད་འདུག གོ་སྐབས་གཅིག་རེད་འདུག འཛམ་བུ་གླིང་གང་དུ་བཙལ་དུ་འགྲོ་དགོས་བྱུང་ན་ཡང་མ་རྙེད་པ་ཞིག་རེད།

ད་རིང་སང་ཉིན་ཡ་མཚན་ཅན་གྱི་ལུང་པ་དེ་ཚོའི་ནང་ནས་ང་ཚོ་ནང་བཞིན་སློབ་གཉེར་བྱེད་རྒྱུའི་འདོད་པ་ཡོད་མཁན་ཞེ་དྲགས་མང་པོ་ཡོང་བསྡད་ཀྱི་ཡོད་རེད། ཁོང་ཚོ་ལ་གོ་སྐབས་ཐོབ་ཀྱི་ཡོད་མ་རེད། དང་པོ་དེ་ལ་སྐད་ཀྱི་འགག་རྩ་ཐུག་བསྡད་ཀྱི་ཡོད་རེད། གཉིས་པ་དེ་ལ་དགེ་རྒན་ཐོབ་ཀྱི་ཡོད་མ་རེད། གསུམ་པ་དེ་ལ་དུས་ཚོད་ཐོབ་ཀྱི་ཡོད་མ་རེད། ང་རང་ཚོ་ལ་དེ་ཚོ་ཚང་མ་དཀའ་ལས་མེད་པར་རག་བསྡད་ཀྱི་ཡོད་རེད། དེ་འདྲ་བྱས་ནས་རག་བསྡད་པ་དེ་ཡག་པོ་བྱས་ནས་བེད་སྤྱོད་མ་བཏང་བ་ཡིན་ན་མ་རབས་ཐ་ཤལ་གྱི་ལས་ཀ་འདྲ་པོ་གཅིག་དང༌། གཞན་དོན་རྒྱ་ཆེན་པོའི་བསམ་བློ་གཏོང་མ་ཐུབ་པ་མ་ཟད། རང་དོན་གྱི་བསམ་བློ་ཙམ་ཡང་མེད་མཁན་ཞིག་གི་གནས་སྟངས་གཅིག་ཆགས་སྡོད་ཀྱི་རེད། དེ་འདྲ་མི་ཡོང་བ་གཅིག་གནང་དགོས་རྒྱུ་ཞེ་དྲགས་གལ་ཆེན་པོ་འདུག་ཅེས་ཞུ་གི་ཡོད།

ལྷག་པར་དུ་ས་སྐྱ་མཐོ་སློབ་འདིའི་ནང་ལ་སློབ་ཁྲིད་གནང་སྟངས་དེ་ཚོ་བོད་ཀྱི་སྲོལ་རྒྱུན་ནང་བཞིན་སློབ་ཁྲིད་གནང་གི་ཡོད་པ་དེ་ཧ་ཅང་གི་གཟི་བརྗིད་ཆེན་པོ་རེད། རླབས་ཆེན་གཅིག་རེད། ང་ཚོས་བར་ལམ་གཅིག་ནས་ཚོད་བལྟ་མང་པོ་བྱས་པ་རེད། སྐྱབས་བཅོལ་ལ་འབྱོར་ནས་སྦག་ས་ཆོས་སྒར་ནང་ཡོད་དུས་ནས་ང་རང་ཚོས་གཞུང་སློབ་གཉེར་བྱེད་པའི་ལམ་སྲོལ་དེ་ཚོ་དེང་རབས་ཀྱི་མཐོ་སློབ་ཀྱི་སྒྲོམ་གཞིའི་ནང་ཚུར་བླུག་རྒྱུའི་ཐབས་ཤེས་མང་པོ་བྱས་པ་རེད། དེ་བྱས་པ་ཡིན་ན་ཡག་ཏུ་འགྲོ་གི་ཡོད་པ་དང༌། དེ་བྱས་པ་ཡིན་ན་ད་རིང་སང་ཉིན་གྱི་མི་ཚོས་བཤད་བསྡད་རྒྱུའི་སློབ་སྦྱོང་བྱེད་སྟངས་ཀྱི་ཐབས་ལམ་ཡག་པོ་གཅིག་གི་ནང་ཚུད་ས་རེད་བསམ་པའི་བསམ་བློ་དེ་འདྲ་འཁོར་མཁན་མང་པོ་བྱུང་འདུག ངའི་སེམས་པའི་ནང་ལ་ཡང་དེ་འདྲའི་བསམ་བློ་འཁོར་མྱོང༌། དེ་ཚོ་གནས་ཚུལ་ཞེ་དྲགས་གསལ་པོ་མ་རྟོགས་པའི་སྐབས་ལ་རེད། ཡིན་ནའང་རིམ་པས་ཞིབ་ཚགས་བྱས་ནས་བལྟས་པའི་སྐབས་ལ་ང་ཚོས་སློབ་སྦྱོང་བྱེད་སྟངས་དེ་ལས་ལྷག་པའི་གཞུང་ཆེན་མོ་ལ་སློབ་སྦྱོང་བྱེད་སྟངས་ཀྱི་ཐབས་ལམ་གཅིག་མེད་པ་རེད་འདུག དེང་དུས་ཀྱི་སློབ་སྦྱོང་བྱེད་སྟངས་ནང་བཞིན་སློབ་ཚན་ནང་ནས་ཟུར་འདོན་བྱས་ནས་སྦུད་ཙམ་སྦུད་ཙམ་བསླབ་པ་དང༌། དགེ་རྒན་གྱིས་ནག་སྤང་སྟེང་ལ་འབྲི་རྒྱུ་དང༌། དེ་ནས་སློབ་སྟོན་བྱེད་རྒྱུ་ལྟ་བུ་ཐབས་ལམ་མང་པོ་ཡོད་པ་རེད། དཔེར་ན། པར་དང་གཟུགས་མཐོང་རླུང་འཕྲིན་སོགས་མང་པོ་བེད་སྤྱོད་བྱེད་རྒྱུ་ཚང་མ་དེང་རབས་ཀྱི་ཕྱི་དངོས་པོ་ལ་བལྟས་པའི་སྐབས་ལ་ཕན་ཐོགས་གཅིག་ཡོད་ངེས་རེད་མ་གཏོགས། གཞུང་ཆེན་མོ་ལ་སློབ་གཉེར་བྱེད་རྒྱུ་ལ་ཐབས་ལམ་དེ་ལེགས་པ་གཅིག་རྩ་བ་ཉིད་ནས་རེད་མི་འདུག དེའི་ཐོག་ནས་སློབ་གཉེར་བྱེད་ཐུབ་པ་གཅིག་རེད་མི་འདུག

ད་རིང་སང་ཉིན་མི་དེ་ཚོས་སྤྱིར་བཏང་གི་ཤེས་བྱར་སློབ་གཉེར་བྱེད་སྟངས་དང༌། གཏིང་ཟབ་པོ་བྱས་ནས་ Academic གི་སློབ་སྦྱོང་བྱེད་སྟངས། ནུབ་ཕྱོགས་པས་ Academic ཟེར་བའི་ཚིག་དེ་བེད་སྤྱོད་བཏང་ནས་ང་ཚོ་བོད་པས་སློབ་སྦྱོང་བྱེད་སྟངས་དེ་ Academic མིན་པའི་བཟོ་འདྲ་པོ་གཅིག ང་ཚོ་བོད་པས་སློབ་སྦྱོང་བྱེད་སྟངས་འདི་ཤེས་ཡོན་ལ་བློ་གཟུ་བོར་གནས་ནས་རྨོངས་དད་ལ་མ་ཕྱིན་པའི་ཐོག་ནས་རིགས་པས་བརྟག་དཔྱད་བྱེད་པའི་ལམ་སྲོལ་མེད་པའི་བཟོ་འདྲ་པོ་གཅིག་གི་བསམ་བློ་གཏོང་གི་ཡོད་རེད། དེ་ཡང་དངོས་གནས་བྱས་ན་ཁོ་རང་ཚོས་མ་ཤེས་པ་རེད། ང་ཚོས་ཀྱང་ཐོག་མ་མ་ཤེས་པ་བྱས་ཁོང་ཚོའི་ཁ་ཤུགས་ཀྱི་འོག་ལ་འགྲོ་རྒྱུའི་ཉེན་ཁ་དེ་འདྲ་བྱུང་འདུག ང་ཚོ་བོད་པས་གཞུང་ཆེན་མོ་ལ་སློབ་གཉེར་བྱེད་སྟངས་འདི་དེང་རབས་ཀྱི་ཉམས་ཞིབ་བྱེད་སྟངས་དང༌། དེང་རབས་ཀྱི་སློབ་གཉེར་བྱེད་སྟངས་ལས་ཧ་ཅང་གི་གནས་ཚད་མཐོ་བ་དང༌། ཧ་ཅང་གི་དྲག་པ་ཡོད་རེད་མ་གཏོགས། དེ་ལས་གནས་ཚད་དམའ་བ་རེད་བསྡད་མི་འདུག ལྷག་པར་དུ་ས་སྐྱ་པ་དང་དགེ་ལུགས་པ་ཚོ་ལ་འཇམ་མགོན་ས་སྐྱ་པཎ་ཆེན་ནས་བཟུང་ས་ཆེན་གོང་མ་ཚོའི་སྐུ་དྲིན་དང༌། ཙོང་ཁ་པ་ཡབ་སྲས་ཀྱི་འཆད་ཉན་གནང་སྟངས་དེ་རྒྱ་གར་དང་རྒྱ་ནག་ནས་ཡོང་བ་དེ་འདྲ་མ་རེད། སྐབས་དེ་དུས་བོད་ནང་ཡོད་པའི་ས་སྐྱའི་གདན་ས་ཆེན་པོ་དེ་ཚོའི་ནང་ནས་ཡོང་བསྡད་པ་ཞིག་རེད། དེ་རྗེས་ང་ཚོས་འཆད་རྩོད་རྩོམ་གསུམ་ཟུང་དུ་སྦྲེལ་བའི་སྒོ་ནས་སློབ་གཉེར་བྱེད་རྒྱུ་གཅིག་དང༌། འཆད་རྩོད་རྩོམ་གསུམ་ཟུང་སྦྲེལ་གྱི་སྒོ་ནས་སློབ་གཉེར་བྱས་པའི་རྗེས་ལ་བསྟན་པ་སྤེལ་རྒྱུ་གཉིས་ཀའི་ནང་ལ་འཆད་རྩོད་རྩོམ་གསུམ་ཟུང་སྦྲེལ་བྱས་ནས་ལག་ལེན་བྱེད་རྒྱུ་དང༌། ད་ག་ནང་བཞིན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཡོངས་རྫོགས་ལ་མི་ཚེ་གཅིག་གི་ནང་སློབ་སྦྱོང་བྱེད་ཐུབ་པའི་སློབ་ཚན་མར་བང་བསྒྲིགས་ནས་འགྲོ་སྟངས་དེ་ཚོ་ས་སྐྱ་པཎ་ཆེན་བྱོན་པ་ནས་བཟུང་བོད་ཀྱི་ནང་དམིགས་བསལ་དར་བ་ཞིག་ཡིན་པ་ངས་དེ་འདྲ་མཐོང་བསྡད་སོང༌། ང་རང་མ་གཞི་ལོ་རྒྱུས་ལ་སློབ་གཉེར་བྱེད་མཁན་དེ་འདྲ་གང་ཡང་མ་རེད། ཡིན་ནའང་བོད་ཀྱི་སློབ་གཉེར་བྱེད་སྟངས་དེ་ཕལ་ཆེར་ད་རིང་སང་ཉིན་མི་ཚོས་ཆེད་སྦྱོང་བྱས་པ་ནང་བཞིན་གཞུང་ཕྱོགས་རེ་བ་དང༌། རགས་པ་རེ་ཙམ་ལ་རྩལ་དུ་བཏོན་ནས་བྱེད་པའི་བཤད་སྒྲུབ་ཀྱི་རྒྱུན་དེ་མང་བ་ཡོད་པའི་བཟོ་འདྲ་པོ་གཅིག་ང་རང་གི་མཐོང་སྣང་འདྲ་པོ་དེ་འདྲ་བྱུང་སོང༌། ས་སྐྱ་པཎ་ཆེན་བྱོན་པ་ཚུན་ཆད་ནས་མདོ་སྔགས་རིག་གནས་བཅས་པ་ཡོངས་རྫོགས་ལ་གང་ཟག་གཅིག་གིས་ཚེ་གཅིག་ལ་སློབ་གཉེར་བྱེད་རྒྱུ་དང༌། ཚེ་གཅིག་ལ་ཉམས་ལེན་བྱེད་རྒྱུ། དེ་ཡང་སློབ་གཉེར་གྱི་སྐབས་དང་འཆད་སྤེལ་གྱི་སྐབས་གཉིས་ཆ་ལ་འཆད་རྩོད་རྩོམ་གསུམ་ཡ་མ་བྲལ་བ་བྱས་ནས་འགྲོ་རྒྱུའི་ལམ་སྲོལ་དེ་གསར་པ་གཏོད་པའི་བཟོ་འདྲ་པོ་གཅིག་ཡོང་བསྡད་ཀྱི་འདུག དེ་ཡང་ནལནྡཱ་དང་བིཀྲམཤཱིལ་སོགས་རྒྱ་གར་གྱི་ཆོས་སྡེ་ཆེན་པོ་དེ་ཚོའི་ནང་ནས་ཚུར་བླངས་ཡོང་བའི་བཟོ་འདྲ་གཅིག་ང་ཚོས་མཐོང་བསྡད་སོང༌། དེ་འདྲ་ཡིན་པ་སོང་ཙང་ས་སྐྱ་པ་དང་དགེ་ལུགས་པ་ཚོར་དམིགས་བསལ་གྱི་ལས་འགན་ཞིག་ག་རེ་ཡོད་རེད་ཟེར་ན། ང་ཚོས་འདི་འདྲའི་ཐུན་མོང་མ་ཡིན་པའི་བཤད་སྒྲུབ་བྱེད་སྟངས་ཀྱི་རྒྱུན་དེ་ཚོ་བརྟན་པོ་བྱས་ནས་གཟུང་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་པ་མཐོང་བསྡད་ཀྱི་འདུག དེ་འདྲ་ཡིན་ཙང་ཁྱེད་རང་ཚོ་དམིགས་སུ་བཀར་བའི་ཐོག་དོན་དེ་ལ་མངགས་པ་འདྲ་པོ་གཅིག་རེད། དེ་ཚོ་ལས་སླ་ཆོས་དང༌། གལ་ཆེན་པོ་མ་རེད་བསམ་པ་འདྲ་པོ་དང༌། དེ་ལས་ལྷག་པ་གཅིག་གཞན་དག་བྱེད་རྒྱུ་ཡོད་རེད་བསམ་རྩ་བ་ནས་དགོངས་པ་མ་བཞེས་པ་གནང་ནས་ཁྱེད་རང་ཚོས་ད་ལྟའི་སློབ་སྦྱོང་གནང་རྒྱུ་འདི་འཛམ་བུ་གླིང་ག་པར་འཚོལ་སར་ཕྱིན་པ་ཡིན་ནའང་འདི་ལས་ལྷག་པ་གཅིག་རག་རྒྱུ་མེད་པ་ཡིན་པ་དེ་ངོ་ཤེས་པ་བྱས་ནས་སོ་སོའི་ལས་དོན་དེ་གལ་ཆེན་པོ་ཡིན་པ་མཁྱེན་པ་གནང་དགོས་འདུག་ཟེར་བ་དེ་ངས་ད་རེས་གཙོ་བོ་ཞུ་རྒྱུ་འདི་ཡིན། ད་དུས་ཚོད་ཀྱང་ཞེ་དྲགས་ཕྱིན་སོང༌། ཁྱེད་རང་ཚོས་ཧ་ཅང་ཐུགས་སྣང་གནང་ནས་གསན་པ་དེ་ལ་ཞེ་དྲགས་དགའ་པོ་བྱུང༌། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་འོངས་པར་ཡང་གཙོ་ཆེ་བ་གཞུང་ཆེན་མོ་ལ་སློབ་གཉེར་བྱེད་རྒྱུ་འདིའི་ཐོག་ལ་འབད་བརྩོན་གནང་དགོས། ཞར་དང་ཞོར་ལ་ག་རེ་གནང་རྒྱུ་འདུག་ནའང་གནང་ཆོག་གི་རེད། གཙོ་བོ་བྱ་བ་ངན་ཞེན་གྱི་ལེ་ལོ་དོར་ནས་གཞུང་ཆེན་མོ་ལ་སློབ་གཉེར་བྱེད་རྒྱུ་འདི་ཞེ་དྲགས་གལ་ཆེན་པོ་ཡིན་པ་འདི་ངོས་ཟིན་པ་གཅིག་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།

༡༩༩༧ ཕྱི་ཟླ་ ༨ ཚེས་ ༣༡ ཉིན་རཱཇཔུར་ས་སྐྱའི་མཐོ་སློབ་ཏུ་གནང་བའི་གསུང་བཤད།