༧གོང་ས་མཆོག་གིས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་སྒོ་འབྱེད་དང་རབ་གནས་བྱིན་འབེབས་ཆེ་རྒྱུའི་གོ་སྐབས་སུ་གནང་བའི་གསུང་འཕྲིན།

༄༅། །པད་དཀར་འཆང་བའི་ཐུགས་བསྐྱེད་རླུང་གི་གོ་ལས་ཉེ་བར་བཟུང་བའི་ཆོས་སྲིད་ཉི་ཟླའི་སྣང་བ་འགོག་པ་མེད་པས་བསིལ་ལྗོངས་ནོར་འཛིན་སྒེག་མོ་ཡུན་དུ་བསྐྱངས་པའི་མཐུ་ལས་རིག་གཞུང་ཆུ་སྐྱེས་ལྗོན་བཟང་དར་ལ་བབ་ཅིང༌།ལེགས་བྱང་སྦྲང་རྩིའི་དོག་པ་ཡོངས་སུ་སྨིན་པའི་ཀུན་ཕན་ལས་ཀྱི་དྲི་བསུང་ཕྱོགས་བཅུར་རྒྱས་པའི་སྔོན་བྱུང་ལོ་རྒྱུས་ཀྱི་དུས་རབས་རྫོགས་ལྡན་གཉིས་པའི་དགའ་སྟོན་འབར་བཞིན་པའི་ངང༌། སྤྱི་མཐུན་དཀར་མིན་ལས་ཀྱི་འབྲས་བུ་དུས་སུ་བདོ་བས་མ་རུང་དམར་པོའི་དཔུང་གི་བརླང་སྤྱོད་ཀྱིས་སྐྱེ་རྒུའི་ཕན་བདེའི་དགའ་ཚལ་ཉམས་ཉེས་སུ་བྱས་པའི་སྐབས་འདིར་ཆོས་རིག་འཛིན་སྤེལ་གྱི་བྱ་བ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་འཚོ་བའི་སྲོག་རྩར་གྱུར་པ་མ་ཟད། བོད་ཀྱི་ཆོས་རིག་ནི་འཇིག་རྟེན་སྐྱེ་རྒུའི་བདེ་རྩ་དམ་པར་གྱུར་པ་བཅས་ལ་བརྟེན། ཀུན་གྱིས་སྒྲུབ་འོས་སུ་ཆེ་བའི་སྐབས་བབས་ཀྱི་བྱ་བ་བཟང་པོ་ཞིག་ཡིན་པ་དང༌། རིག་གཞུང་འཛིན་སྐྱོང་ནི་འཆད་ཉན་ཐོས་བསམ་གྱི་བསྟི་གནས་ཀྱི་བརྒྱུད་ནས་བྱ་དགོས་ལ་སོང༌། བོད་གཞུང་ཆོས་རིག་ལྷན་ཁང་ནས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ཆེན་པོ་གསར་འཛུགས་གནང་རྒྱུའི་ཆེད་ཞུམ་པ་མེད་པའི་སྙིང་སྟོབས་རླབས་པོ་ཆེས་ཀུན་ནས་བསླངས་པའི་བྱ་བ་ལས་ཀྱི་འཁོར་ལོ། མཁས་མཛངས་རྣམ་དཔྱོད་ཀྱིས་བསྐྲུན་པའི་ལས་འཆར་ཁྱིམ་ཆའི་བཀོད་པ་གོ་རིམ་མ་འཆོལ་བའི་མདུན་ལམ་ཡངས་པོར། ལག་ལེན་བསེར་བུའི་ཤུགས་ཀྱིས་ཉེ་བར་དྲངས་པའི་འཛུགས་སྐྲུན་བཟོ་བཀོད་ཀྱི་ཟླ་བ་གྲུབ་ཆའི་བཅུ་དྲུག་ཆ་ཤས་མངོན་པར་རྫོགས་ཏེ་ཆོས་བཟང་ལྷ་ཡི་མདུན་ས་ས་ལ་འཕོས་པའི་ངོ་མཚར་མིག་གི་བདུད་རྩི་སྐྱེ་རྒུའི་འདྲེན་བྱེད་ཀྱི་གསོས་སུ་བསྐྲུན་པའི་དགེ་མཚན་མངོན་པར་དར་བའི་སྐབས་འདིར། སྐྱེ་རྒུའི་རྣམ་འདྲེན་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོས་སྒོ་འབྱེད་དང༌། རབ་གནས་བྱིན་འབེབས་བཀྲིན་བླ་མེད་དུ་ཆེ་རྒྱུའི་གནས་ཚུལ་བཟང་པོ་གཞིས་བྱེས་བོད་མི་ཡོངས་ཀྱི་སྙིང་ལ་སིམ་པ་སྟེར་བའི་གཏམ་སྙན་འདིར། དགའ་མོས་སྤྲོ་བ་བཏེགས་པའི་ཡིད་ཀྱིས་བཅོས་མིན་དགའ་བསུ་ཞུ་རྒྱུ་མ་ཟད། ལྔ་ཟུང་རིག་པའི་གནས་ལ་རང་མོས་ལྟར་ཐོས་བསམ་སྦྱོང་བདར་ལག་ལེན་ཅི་དགར་བྱར་གཏུབ་པའི་ཕྱི་ནང་གི་དགོས་མཁོ་ཀུན་གྱིས་ཕྱུག་པའི་བོད་ཀྱི་ཐུན་མིན་རིག་གཞུང་འཛིན་སྐྱོང་གི་བསྟི་གནས་བཟང་པོ་འཕྲལ་ཡུན་ཀུན་ཏུ་དགེ་བའི་གནས་ཆེན་ཞིག་བསྐྲུན་གནང་མཛད་པ་འདིར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཡི་རངས་བསྔགས་བརྗོད་ཚངས་པའི་དབྱངས་དང་འགྲོགས་པའི་ཤིས་པའི་བདེན་ཚིག་མན་ད་ར་བའི་ཆུན་པོ་མཛད་གཙོ་ལས་བྱ་ཡོངས་ཀྱི་སྙན་གོང་དུ་སྒྲོན་པ་དང་ཆབས་ཅིག འབྱུང་འགྱུར་མཛད་འཆར་ཅི་མཆིས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོའི་ཐུགས་བཞེད་ལྟར་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དྲང་སྲོང་བདེན་པའི་ངག་གི་རྒྱས་བཏབ་དང་བཅས་ཚོགས་གཙོ་སྦྲེལ་པོས་རབ་གནས་ཤིང་ཕག་སྟོན་འབྲིང་ཁྲུམ་ཟླའི་དམར་ཕྱོགས་ཀྱི་དགའ་བ་གསུམ་པའི་ཉིན་དང་བས་ཕུལ།།

གསུང་འཕྲིན་འདི་ ༡༩༩༥ ཕྱི་ཟླ་ ༡༠ ཚེས་ ༢༠ ལ་གནང་འདུག