༢༠༠༧ ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ྋགོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་དྲན་མཛད་སྒོའི་ཐོག་གནང་བའི་བཀའ་ཤག་གི་གསུང་བཤད།

༢༠༠༧ ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ྋགོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་དྲན་མཛད་སྒོའི་ཐོག་གནང་བའི་བཀའ་ཤག་གི་གསུང་བཤད།

༄༅། །དེ་རིང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་བཅོ་བརྒྱད་འཁོར་བའི་དུས་ཆེན་དང༌། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ། ཧི་མཱ་ལ་ཡའི་དུས་སྟོན་བཅས་གལ་ཆེའི་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདགའཇིག་རྟེན་ཞི་བདེའི་དེད་དཔོན། བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་འགྲོ་བས་བཀྲིན་རྗེས་དྲན་དང་གུས་འཚམས་ཞུ་རྒྱུ་དང་ཆབས་ཅིག དགའ་སེམས་འཁོལ་བའི་ངང་གཞིས་བྱེས་བོད་རིགས་ཡོངས་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་རིང་གི་ཉིན་མོ་འདི་ནི། འགྲོ་བ་ལྷ་དང་བཅས་པའི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། གཞིས་བྱེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་མིའི་རྩ་དོན་བསྒྲུབ་བྱ་སྤྱི་དང༌། བོད་ཀྱྀ་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང༌། སྐད་ཡིག་ཡུལ་གོམས་གཤིས་ལུགས་སོགས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད། དེ་བཞིན་འཛམ་གླིང་ནང་ཞི་བདེ་ཡུན་གནས་འབྱུང་བ་དང༌། ཆོས་ལུགས་འདྲ་མིན་ཁག་དབར་མཛའ་མཐུན་འབྲེལ་ལམ་དམ་ཟབ་གོང་འཕེལ་གཏོང་རྒྱུ། འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་རྣམས་གོང་མཐོར་གཏོང་ཐབས། ཁོར་ཡུག་སྲུང་སྐྱོབ་སོགས་འཇིག་རྟེན་ཀུན་ཁྱབ་འགན་ཁུར་འཛམ་གླིང་ནང་ཁྱབ་སྤེལ་བཅས་ལ་ཐུགས་ཁུར་འབད་བརྩོན་རྒྱུན་སྲིང་གནང་དང་གནང་བཞིན་པའི་རླབས་ཆེན་མཛད་འཁུར་གྱི་འཕྲིན་ལས་བསམ་སྤྱོད་ལས་འདས་པར་བརྟེན། རིས་སུ་མ་ཆད་པའི་རྒྱལ་ཁབ་དང༌། མི་རིགས་ཚོགས་སྡེ་རྣམས་ཀྱིས་གཟེངས་བསྟོད་བྱ་དགའ་དང༌། ཕྱག་འཁྱེར་སོགས་བརྒྱ་ཕྲག་བརྒལ་བ་ཞིག་ཕུལ་བ་དགྱེས་བཞེས་མཛད་ཡོད་པ་མ་ཟད། གཟུར་གནས་སྐྱེ་རྒུ་ཡོངས་ཀྱིས་བཅོས་མིན་དགའ་གུས་ཀྱི་བསམ་པ་མངོན་པར་གསལ་བའི་སླད། ཕྱི་ལོ་ ༡༩༨༩ ལོར་འཇིག་རྟེན་ཞི་བདེའྀ་དེད་དཔོན་ཆེན་པོར་མངའ་གསོལ་གྱིས་འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་སྟེ་མི་ལོ་བཅོ་བརྒྱད་ཧྲིལ་པོ་འཁོར་ཞིང༌། སྐལ་ལྡན་འདུལ་བྱ་སྤྱི་དང༌། ལྷག་པར་བོད་ཁ་བ་ཅན་པར་བཀྲིན་གྱི་ཕུང་པོ་དཔག་ཏུ་མེད་པ་བསྐྲུན་ནས་མགོན་པོ་གང་གི་ཐུན་མོང་མ་ཡིན་པའི་གདུལ་ཞིང་གངས་ཅན་སྐྱེ་འགྲོ་རྣམས་སྨོས་ཅི། རང་དབང་ཞི་བདེར་དགའ་བའི་འཛམ་གླིང་མང་ཚོགས་རྣམས་ཀྱང་དགའ་སྒོམ་ཞུ་འོས་པའི་དུས་ཚིགས་དམིགས་བསལ་ཅན་ཞིག་ཡིན།
བཙན་བྱོལ་བོད་གཞུང་གིས་ཀྱང་བཀའ་དྲིན་རྗེས་དྲན་གྱི་མཆོད་སྤྲིན་སླད་བཀྲ་ཤིས་པའི་འབུལ་ཚན་བསྟར་འབུལ་ཆོག་པ་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོར་གསེར་སྙན་སྒྲོན་འབུལ་ཞུས་པར་འཆར་ལོ་ ༢༠༠༨ ཟླ་བ་ ༡ ཚེས་ ༣ ཉིན་ལྷོ་ཕྱོགས་མོན་གྷོ་དཔལ་ལྡན་འབྲས་སྤུངས་སུ་ཟབ་རྒྱས་ཆོས་ཀྱི་བདུད་རྩི་བཀའ་དྲིན་བསྩལ་སྐབས་འབུལ་འཐུས་བཀའ་བཞེས་སྤྱི་སྨིན་བྱུང་བ་ལྟར། མང་ཚོགས་ལའང་གསལ་བསྒྲགས་སྔོན་སོང་བཞིན་བོད་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་བའི་སླད་རང་རེ་བོད་རིགས་ཁྲོད་ནས་གསུང་ཆོས་དང་འབུལ་ཚན་ཆེད་ཞལ་འདེབས་འབུལ་བློ་ཡོད་རིགས་རྣམས་ནས་རང་བློས་གང་ཆོད་སེར་སྣ་དང༌། ཆོས་བརྒྱད་ཀྱིས་མ་བསླད་པར་ལྷག་བསམ་གཙང་མས་ཁུངས་སོ་སོའི་ས་གནས་འགོ་འཛིན་བརྒྱུད་འབུལ་གནང་ཡོང་བའི་བསྐྱར་སྐུལ་ཞུ་རྒྱུ་ཡིན།
དེ་རིང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ངོ་ ༦༡ འཁོར་བའི་ཉིན་མོ་ཡང་ཡིན་མོད། བོད་ཀྱི་གནད་དོན་ལ་མཚོན་ན། ལོ་རབས་ལྔ་བཅུའི་ནང་རྒྱ་ནག་གཞུང་གི་དྲག་པོའི་བཙན་བཟུང་གིས་གངས་ལྗོངས་བོད་མི་རྣམས་ལ་སྔར་མ་གྲགས་པའི་འགྲོ་བ་མིའི་ཐོབ་ཐང་ལ་བསམ་སྤྱོད་ལས་འདས་པའི་གཏོར་བཤིག་དང་བཙན་གནོན་ཉམས་སུ་མྱོང་དགོས་བྱུང་སྟེ་བོད་མིའི་རྩ་འབོར་གྱི་བཞི་ཆ་གཅིག་ལ་ཉེ་བར་རང་སྲོག་འདོར་དགོས་བྱུང་བ་དང༌། གསོན་འཚོ་ཐུབ་པ་རྣམས་ཀྱང་དམྱལ་བ་མི་ཡུལ་དུ་མྱོང་བ་ལྟ་བུའི་བསམ་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་མྱོང་དགོས་བྱུང་བ་བཅས་མདོར་ན་མི་མང་སྡེབ་གསོད་དང༌། ཆོས་དང་རིག་གཞུང་རྩ་གཏོར་གྱི་གནས་ཚུལ་དངོས་བྱུང་མ་ཟད། དུས་ད་ལྟའང་གནས་སྟངས་ལེགས་བཅོས་གང་ཡང་བྱུང་མེད་པས། ཞི་བདེ་དང་རང་དབང་ལ་དགའ་བའི་རྒྱལ་སྤྱིའི་མང་ཚོགས་ནས་སེམས་འཚབ་དང༌། དོ་སྣང་རྒྱབ་སྐྱོར་ཚད་མེད་གནང་ཡོད་རུང༌། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བདེན་དོན་ལ་དོ་སྣང་དང་དོན་ཕན་ལྡན་པའི་གླེང་སློང་རིགས་བྱུང་མེད། རྒྱ་ནག་གཞུང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁུངས་སུ་ཡོད་པ་ཙམ་མ་ཟད། བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་མི་ལྔའི་གྲས་སུ་ཡོད་དུས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་རང་དཔེ་གཞན་སྟོན་གྱིས་ལག་བསྟར་ཉམས་ལེན་བྱ་དགོས་ཀྱང༌། དེ་བས་བརྩི་མེད་རྡོག་རོལ་གྱིས་དེང་སང་བོད་ཀྱི་གནས་སྟངས་ལ་ཆ་མཚོན་ན། འགྱུར་བའི་མགྱོགས་ཚད་ཧ་ཅང་མྱུར་བར་བརྟེན་བོད་མིའི་ངོ་བོ་མཚོན་པའི་ཆོས་དང་ལེགས་བྱང་ཛ་དྲག་ཆགས་འཇིག་གི་མཚམས་སུ་སླེབས་ཤིང༌། བོད་ནང་མེ་འཁོར་ལྕགས་ལམ་བེད་སྤྱོད་བྱེད་འགོ་ཚུགས་པ་ནས་བཟུང༌། བོད་ཡུལ་རྒྱ་ཡུལ་དུ་འགྱུར་བའི་མྱུར་ཚད་དེ་སྔ་ལས་ལྡབ་འཕར་གྱིས་བོད་ཀྱི་བདག་པོ་བོད་མི་རྣམས་རང་ཡུལ་དུ་གྲངས་ཉུང་ནུས་མེད་ཅིག་ཏུ་འགྱུར་ལ་ཉེ་བའི་ཐོག འདས་པའི་ཟླ་བ་འགའ་ཤས་ནང་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་བཀའ་ཨང་ལྔ་པ་ཟེར་བའི་དོན་ཚན་བཅུ་བཞི་ཅན་གྱི་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་པ། ལི་ཐང་ཁུལ་དུ་རོང་རྒྱས་ཨ་གྲགས་ཅན་མི་བཞིར་སྨྲ་བརྗོད་རང་དབང་བེད་སྤྱོད་བྱས་པར་ལོ་ ༣ ནས་ ༡༠ བར་གྱི་བཙོན་འཇུག་ཁྲིམས་ཆད་ལྗིད་པོ་བཏང་བ། མདོ་སྨད་ཀན་ལྷོ་བསང་ཆུ་རྫོང་འབོ་ར་ཤང་གི་སློབ་ཕྲུག་ལོ་ན་ ༡༣ ནས་ ༡༥ སླེབས་པ་བདུན་གྱིས་སློབ་གྲྭའི་ནག་སྤང་སྟེང་བོད་རང་བཙན་ཡིན། ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་བསམ་འདུན་སྐད་འབོད་དང་ཡི་གེ་སྦྱར་བ་ཙམ་ལ་ཆབ་སྲིད་ཀྱི་ནག་ཉེས་གཡོགས་ཏེ་ཉེས་རྡུང་ཚབས་ཆེ་བཏང་བ་དང་བཙོན་འཇུག་བྱས་པ། དུས་ད་ལྟའང་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གར་ཡོད་ཆ་མེད་ཀྱི་དམ་བསྒྲགས་བྱས་པ་སོགས་མདོར་ན་བོད་ཡུལ་སྤྱི་དང༌། ལྷག་པར་ཁམས་དང་མདོ་སྨད་ས་ཁུལ་ཁག་ཏུ་དམ་དྲག་ཧ་ཅང་བྱེད་བཞིན་པ་བཅས་ཆོས་དད་རང་དབང་དང༌། སྨྲ་བརྗོད་རང་དབང་གིས་མཚོན་པའི་འགྲོ་བ་མིའི་ཐོབ་ཐང་ཁག་དང༌། ཁྱད་པར་བྱིས་པའི་ཐོབ་ཐང་ལ་ཧང་སང་དགོས་པའི་བརྩི་མེད་རྡོག་རོལ་གཏོང་རྐྱང་གིས་ཚབས་ཆེའི་བྱ་སྤྱོད་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ནུས་སྟོབས་ལྡན་པའི་དོ་འཁུར་གནང་དགོས་པའི་འབོད་སྐུལ་ཞུ་བ་དང་ཆབས་ཅིག རྒྱ་ཕྱོགས་ནས་ཀྱང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་ཡངས་དཀྱེལ་ཆེས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདོན་གནང་མཛད་ཡོད་པའི་གོ་སྐབས་དམ་འཛིན་གྱིས། ད་ལྟ་བོད་རྒྱའི་འབྲེལ་ལམ་བསྐྱར་མཐུད་ཀྱི་གོ་སྐབས་བཟང་པོ་དེ་དང་བསྟུན་དུས་ཀྱི་འགྱུར་འགྲོས་དང་མཐུན་པའི་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་དགོས་པ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་ཆགས་ཡོད།
གཞན་ཡང་རྒྱལ་སྤྱིའི་ཧི་མཱ་ལ་ཡའི་དུས་སྟོན་འགོ་འཛུགས་ཀྱིས་ལོ་བཅུ་གསུམ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བཞིན་པའི་སྐབས་འདིར་ཧི་མཱ་ཅལ་མངའ་གཞུང་དང༌། རྒྱ་གར་གཞུང་མང་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་ནས་བཀའ་དྲིན་རྗེས་དྲན་དང་དུས་དྲན་གྱི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
མཐའ་དོན་འཇིག་རྟེན་ཞིེ་བདེའི་དེད་དཔོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང༌། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་ལམ་དང་བཅས།།