༧གོང་ས་མཆོག་དགུང་གྲངས་དོན་ལྔར་ཕེབས་པའི་ྋསྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་གནང་བའི་བཀའ་ཤག་གི་གཏམ་བཤད།

༄༅།། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། བསིལ་ལྗོངས་ཁ་བ་རི་པ་རྣམས་ཀྱི་དད་པའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། དུས་གསུམ་རྒྱལ་བ་ཀུན་གྱི་བརྩེ་ཆེན་ཐུགས་རྗེའི་རང་གཟུགས། རྒྱལ་དང་རྒྱལ་སྲས་གཞན་གྱི་གདུལ་ཞིང་དུ་མ་གྱུར་པའི་བརླང་སྤྱོད་གདུལ་དཀའ་སྙིགས་དུས་ཀྱི་འགྲོ་བ་རྣམས་ལ་ཐུགས་ལྷག་པར་བརྩེ་བའི་གདུལ་ཞིང་དུ་བདག་གིར་བཟུང་སྟེ་ཚུར་མཐོང་ཐ་མལ་པ་ཡོངས་ཀྱི་མཐུན་སྣང་དུ་མཇལ་དུ་རུང་བའི་གཟུགས་སྐུ་རགས་པ་གསུམ་ལྡན་ངུར་སྨྲིག་འཛིན་པའི་གཟུགས་སུ་བཟློ་བ། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བདག་གི་བཀྲིན་གསུམ་ལྡན་གྱི་མཁན་རིན་པོ་ཆེ་ཞལ་སྔ་ནས། ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུའི་ཕྲེང་བ་བཅུ་བཞི་པ། དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག མཁའ་ཁྱབ་སྐྱེ་འགྲོ་ཡོངས་ཀྱི་མགོན་དཔུང་དམ་པར་གཟུགས་སྐུ་མཚན་དཔེའི་དཀྱིལ་འཁོར་ཉེ་བར་བལྟམས་ནས་དགུང་གྲངས་དོན་ལྔ་ཧྲིལ་པོར་སོན་པའི་སྐུའི་འཁྲུངས་ཚེས་ཀྱི་དུས་ཆེན་ཁྱད་པར་ཅན་འདིའི་ཐོག་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱིས་དབུས་མགོན་པོ་གང་ལ་སྐྱབས་སུ་འཛིན་པའི་སྐྱེ་རྒུ་ཡོངས་ཀྱི་ངོ་ཚབ་ཞུས་ཏེ་དད་གསུམ་སྣང་བྱེད་འོད་ཀྱིས་མངོན་པར་བཅིངས་པའི་སོར་བཅུའི་ཀུནྡའི་འདབ་མ་སྤྱི་བོར་ཟུམ་ཞིང༌། ལུས་ཀྱི་འཁྲི་ཤིང་ས་ལ་ཕབ་པའི་གུས་ཕྱག་གྲངས་མེད་སྔོན་དུ་བཏང་སྟེ། དྭངས་པའི་ཡིད་མཚོ་སྤྲོ་དགའི་རླུང་གིས་བསྐྱོད་པའི་འཚམས་ཞུའི་རླབས་ཕྲེང་ཀུན་མཐོང་དབྱིངས་སུ་འཕྱོ་བ་དང་ཆབས་ཅིག

ཤིས་བརྗོད་དྲང་སྲོང་བདེན་པའི་དབྱངས་ཀྱི་ཟེགས་མ་གང་གི་ྋཞབས་པད་སྲིད་ཞིའི་མཆོད་སྡོང་ཆེན་པོར་རེག་པ་ལ་ལྷག་པར་རིངས་བཞིན་བརྩེ་ཆེན་ཐུགས་རྗེའི་བདག་ཉིད་གང་གི་ྋཞབས་ཟུང་ཚེ་མཐའ་ཡས་པའི་ངོ་བོར་རྟག་བརྟན་གཞོམ་ཞིག་བྲལ་བར་འཚོ་ཞིང་གཞེས་པའི་གསོལ་འདེབས་ཀྱང་རྩེ་གཅིག་གདུང་ཤུགས་དྲག་པོས་ཞུ་བ་ལགས།

མགོན་པོ་གང་གིས་སེམས་ཅན་ཡོངས་ལ་བརྩེ་བ་ཐུགས་རྗེ་ཆེན་པོས་ཉེ་བར་བཟུང་སྟེ་སྐུ་གཞོན་ནུའི་གནས་སྐབས་ནས་ད་ལྟའི་བར་གང་ལ་གང་འདུལ་གྱི་འཕྲིན་ལས་ཀྱི་རོལ་པ་བསམ་གྱིས་མི་ཁྱབ་པ་སྤྱི་དང༌། བྱེ་བྲག་སྟོན་པ་རྣམ་འདྲེན་བཞི་པས་ལེགས་པར་གསུངས་པའི་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་ཚང་ལ་མ་ནོར་བའི་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་མཛད་བཟང་དུས་གསུམ་ཕྱོགས་བཅུའི་ཞིང་གི་རྒྱལ་བ་ཡོངས་ཀྱི་འཕྲིན་ལས་ཀྱི་འཇུག་པ་གཅིག་ཏུ་བསྡོམས་པ་ལྟ་བུ་དང༌། ལྷག་པར་དེང་རབས་གོང་མའི་དུས་སྐབས་འདིར་རིས་སུ་མ་ཆད་པའི་ཆོས་བརྒྱུད་སྣ་ཚོགས་ཀྱི་རྗེས་འབྲང་བ་རྣམས་དང༌། ཆོས་ལུགས་གང་ལའང་ཡིད་ཆེས་དད་མོས་མི་བྱེད་པའི་སྐྱེ་འགྲོ་སོགས་ཀུན་གྱི་ཡིད་དབང་འཕྲོག་པའི་ལམ་སྟོན། འགྲོ་བ་མིའི་ཡ་རབས་བཟང་སྤྱོད་ཀྱི་རིན་ཐང་ཆོས་དད་ཡོད་མིན་ལ་མ་ལྟོས་པར་ཀུན་ཁྱབ་ཏུ་གོང་མཐོར་སྤེལ་ཏེ་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་འགན་ཁུར་གྱི་ལྷག་བསམ་སྐྲུན་ཐབས་དང༌། ཆོས་ལུགས་ཕན་ཚུན་དབར་ཞི་མཐུན་མཉམ་གནས་ཀྱིས་འཇིག་རྟེན་སྤྱིའི་ཕན་བདེ་སྒྲུབ་ཐབས་ལ་མཉམ་རུབ་ཡོང་ཐབས་སོགས་སྔར་མ་གྲགས་པའི་དུས་བསྟུན་གྱི་གདམས་ངག་ཟབ་མོ་འདོམས་པར་མཛད་པ་དང༌། བོད་དོན་བདེན་མཐའ་གསལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང༌། འཚེ་མེད་ཞི་བའི་ཐབས་ལམ། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཡང་དག་པའི་མང་གཙོའི་ལམ་སྲོལ་དུ་བསྒྱུར་བར་མཛད་པ་བཅས་ཀྱི་བཀྲིན་གྱི་ཕུང་པོ་གཞལ་མཐའ་བྲལ་ཡང༌།བྱས་པ་དྲིན་དུ་ཚོར་བའི་སྒོ་ནས་མགོན་པོ་གང་གི་ངོ་མཚར་རྨད་དུ་བྱུང་བའི་གདམས་ངག་རྣམས་ལག་ལེན་དུ་བསྟར་ཏེ་བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱ་རྒྱུའི་ཡིད་དམ་བསྐྱར་ནན་དུ་འབུལ་རྒྱུ་ཡིན།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་བ་གསུམ་ལ་ད་བར་ཚུལ་བསྟན་འགལ་རྐྱེན་གྱི་རིགས་གང་ཡང་མ་བྱུང་བ་ནི་གཙོ་བོ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དང་སྐུ་བསོད། བོད་སྐྱོང་ལྷ་སྲུང་གི་འཕྲིན་ལས། བོད་མིའི་སྤྱི་མཐུན་གྱི་བསོད་ནམས། ལྷག་པར་རྒྱ་གར་དབུས་སའི་གཞུང་དང་མང་ཚོགས་ཀྱི་མཐུན་འགྱུར་ལ་བརྟེན་ནས་བྱུང་བ་ཡིན་སྟབས། རྒྱ་གར་དབུས་སའི་གཞུང་དང་མང་ཚོགས། ལྷག་པར་སྐུའི་སྲུང་སྐྱོབ་དང་འབྲེལ་ཆགས་ཀྱི་སྲི་ཞུ་བ་ཡོངས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། འབྱུང་འགྱུར་ཡང་བྱེད་སྒོ་མཐའ་དག་སྔར་ལྷག་དམ་དོན་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་གང་ཉིད་ཀྱིས་འགྲོ་བ་ཀུན་ལ་བརྩེ་བ་སྙིང་རྗེ་ཆེན་པོའི་གཞན་དབང་དུ་སོང་སྟེ་ཉིན་མཚན་དུས་དྲུག་ཏུ་སྐུའི་ངལ་བ་མཐའ་དག་ཁྱད་དུ་བསད་དེ་ཇི་སྐད་དུ། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། ས་སོགས་འབྱུང་བ་ཆེན་པོ་དང༌།། ནམ་མཁའ་བཞིན་དུ་རྟག་པར་ཡང༌།། སེམས་ཅན་དཔག་ཏུ་མེད་པ་ཡི།། རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག། ཅེས་གསུངས་པའི་དགོངས་དོན་ཐུགས་ཉམས་སུ་བསྟར་ཏེ་སྐད་ཅིག་ཙམ་ཡང་ལྷོད་པ་མེད་པར་འགྲོ་བའི་དོན་ལ་གཅིག་ཏུ་གཞོལ་བའི་རྣམ་པར་ཐར་པ་ནི་བདག་ཅག་རྣམས་ཀྱིས་དགའ་གུས་དྭང་བས་རྗེས་སུ་ཡི་རངས་ཞུ་བའི་གནས་སུ་མཆིས་ནའང༌། ཚུར་མཐོང་བྱིས་པ་རྣམས་ཀྱི་མཐུན་སྣང་དུ་མཇལ་རུང་བའི་གཟུགས་སྐུ་རགས་པའི་རྣམ་པར་བཞེངས་པ་འདི་ལ་དྲང་དོན་བགྲེས་རྒུད་དང་ངལ་དུབ་ཀྱི་རྣམ་པ་ཡང་ལྡོག་ཏུ་མེད་གཤིས། མགོན་པོ་གང་གི་སྐུའི་འཕྲོད་བཞེས་ནི་སྐྱེ་འགྲོ་སྤྱི་དང༌། ལྷག་པར་གངས་ཅན་པ་རྣམས་ཀྱི་འཕྲལ་ཕུགས་ཀྱི་བདེ་དོན་ལ་ཆེས་གལ་འགངས་ཆེ་བ་ཞིག་ཡིན་སྟབས། རྒྱུན་ལྡན་གྱི་མཛད་འཆར་རྣམས་སྐུའི་ངལ་དུབ་ཀྱི་རྒྱུ་རུ་མི་འགྲོ་བ་ཞིག་ཀྱང་དགོངས་བཞེས་ཡོང་བའི་གསོལ་འདེབས་ཞུ་རྒྱུ་ཡིན།

བླང་དོར་གྱི་གནས་ལ་བློ་མིག་ལྡོང་ཞིང་མང་ཚོགས་ཀྱི་ཕུགས་ཀྱི་བདེ་དོན་ལ་བསམ་ཤེས་མ་ནུས་པའི་བླུན་རྨོངས་ཀྱི་སྐྱེ་བོ། སྐབས་འཕྲལ་རང་དོན་གྱི་ཁེ་ཕན་དང་ཆབ་སྲིད་ཀྱི་དབང་ཤུགས་ཁོ་ནར་ཞེན་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཉུང་ཤས་ན་རིམ་གྱིས་མགོན་པོ་མཆོག་གི་འཇིག་རྟེན་ཡོངས་ལ་ཁྱབ་པའི་འཕྲིན་ལས་ཀྱི་འོད་རླབས་ཉི་ཤར་སྦར་མོས་ཁེབས་ཐབས་བྲལ་བའི་དངོས་དོན་ལ་མ་བཟོད་པའི་ཕྲག་པ་དོག་པོས་གཞི་མེད་རྫུན་གཏམ་གྱི་མཚན་སྨོད་དང་སྐུར་འདེབས་ཀྱི་བྱ་བར་མི་རྒྱུ་ཕངས་མེད་ཀྱིས་གཅིག་ཏུ་འགྲུས་ནའང་ནམ་མཁར་འཕེན་པའི་མཆིལ་མདའ་རང་ཐོག་ཏུ་ལྷུང་བའི་ངང་ཚུལ་དུ་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱིས་རྒྱ་ནག་གཅིག་སྡུད་དབང་འཛིན་པའི་སྣེ་མོ་བ་རྣམས་བདེན་དོན་ངོས་ལེན་དང་དངོས་ཐོག་བདེན་འཚོལ་མི་བྱེད་པར་ཧམ་ཤུགས་དང་དྲག་སྤྱོད་ཁོ་ནར་བརྟེན་པ་འོས་འཚམས་མིན་པར་མཐོང་བའི་རྒྱུ་དང༌། བོད་རིགས་རྣམས་ཆིག་བསྒྲིལ་གྱི་ནུས་པ་ཇེ་བརྟན་དུ་ཕྱིན་པའི་མཐུན་རྐྱེན་དུ་གྱུར་ཡོད། འོན་ཀྱང་འགལ་ཟླའི་ནུས་པ་སྣང་ཆུང་དུ་མི་གཏོང་བ་འཕགས་བོད་ཀྱི་ལུགས་ཀྱི་བསྟན་བཅོས་དག་ལས་བཤད་པ་བཞིན་ད་ལྟའི་དུས་སྐབས་འདི་ཆེས་གཉན་འཕྲང་ཅན་ཞིག་ཡིན་སྟབས་བཀའ་ཤག་གིས་དེ་རིང་གོ་སྐབས་འདིའི་བརྒྱུད་གཞིས་བྱེས་བོད་རིགས་ཡོངས་ལ་གལ་ཆེའི་གཞེན་སྐུལ་འགའ་ཤས་ཞུ་རྒྱུ་ཡིན།

ཕྱི་ལོ་༢༠༠༨ ལོར་བོད་རིགས་ཡོངས་ཀྱིས་བསམ་པའི་ནུས་པ་ཆིག་བསྒྲིལ་གྱི་ངོ་བོ་གསལ་སྟོན་དང༌། འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱིས་བོད་དོན་ལ་བརྩེ་ཞེན་རྒྱབ་སྐྱོར་ཇི་ཙམ་ཡོད་པ། ལྷག་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ནམ་མཁའ་དང་མཉམ་པའི་འཕྲིན་ལས་ཀྱི་ནུས་པར་བཟོད་ཐབས་དཀའ་བ་བཅས་ཀྱི་ཉེར་ལེན་ལས་ཕ་རོལ་པོས་ཆབ་སྲིད་དང༌། དཔལ་འབྱོར། མི་ཤུགས་བཅས་ཀྱི་ནུས་པ་ཡོད་རྒུ་གཅིག་ཏུ་སྤུངས་ཏེ་བོད་རིགས་ནང་ཁུལ་དཀྲུགས་རྐྱེན་དང༌། བཙན་བྱོལ་བོད་མི་དང་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་མིའི་དབར་དཀྲུགས་རྐྱེན། ལྷག་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསང་གསུམ་མཛད་འཕྲིན་ལ་འགོག་རྐྱེན་བཟོ་ཐབས་སོགས་ངན་གཡོ་སྣ་ཚོགས་ཤིག་བཤམས་དང་གཤོམ་བཞིན་པ་ཡིན་པའི་གནས་ཚུལ་འདི་དག་ལ་གཞིས་བྱེས་བོད་མི་ཡོངས་ནས་སྤྱང་གྲུང་དང་སྦི་གསང་དོད་པོས་མྱང་ཞིབ་དང་གདོང་ལེན་གྱིས་ནང་ཁུལ་གྱི་ཆིག་བསྒྲིལ་དང༌། ཡུལ་མི་དང་མཐུན་འབྲེལ་གང་ལའང་འགལ་རྐྱེན་མི་འབྱུང་བའི་ཡིད་གཟབ་རྒྱུན་དུ་གནང་དགོས་པའི་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན།

ལྷག་པར་རིང་མིན་ཡོང་རྒྱུའི་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པ་དང་བཀའ་ཁྲི་སྐབས་གསུམ་པའི་འོས་བསྡུའི་ལས་རིམ་རྣམས་ཧ་ཅང་གལ་གནད་ཆེ་བ་ལྟར། མང་ཚོགས་སུའང་སེམས་ཚོར་རྣོན་པོས་གོ་བསྡུར་དང་བགྲོ་གླེང་འགྲོ་བཞིན་པའི་སྐབས་འདིར་ཕ་རོལ་པོའི་ངན་བྱུས་སིམ་འཛུལ་མི་ཡོང་བའི་ཆེད་ཐུགས་གཟབ་ནན་པོ་གནང་དགོས་མ་ཟད། བོད་མི་མི་རེ་ངོ་རེས་རང་རང་གི་མང་གཙོའི་ཁེ་ཕན་དང་འགན་ཁུར་ལས་ཕྱི་བཤོལ་མི་བྱེད་པར་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པའི་སྒོ་ནས་འོས་བསྡུའི་ལས་རིམ་དུ་མཉམ་ཞུགས་ངེས་པར་ཐུབ་ཐབས་དང༌། གཞན་ཟེར་གཡམ་རྒྱུགས་མ་ཡིན་པར་སོ་སོའི་རང་དབང་གི་རྣམ་དཔྱོད་བེད་སྤྱོད་ཀྱི་ཐོག་ནས་གདམ་བྱའི་གདམ་ཁ་མ་ནོར་བ་གནང་རྒྱུ་ཧ་ཅང་གལ་ཆེ་བས་དེ་ལུགས་དགོངས་བཞེས་ནན་ཟབ་ཡོང་བའི་རེ་སྐུལ་ཡང་ཞུ་རྒྱུ་ཡིན།

ྋགོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེ་དང་བཀའ་དྲིན་ཉག་གཅིག་ལ་བརྟེན་འདས་པའི་ལོ་གྲངས་ལྔ་བཅུ་བརྒལ་བའི་རིང་གཞིས་བྱེས་བོད་མི་ཡོངས་ནས་བཟོད་དཀའི་གནས་ཚུལ་ཛ་དྲག་ཇི་འདྲ་ཞིག་བྱུང་ཡང་ལྷག་བསམ་དང་སྙིང་སྟོབས་ཆེན་པོས་གདོང་ལེན་གྱིས་མི་རབས་བཞིའི་རིང་བོད་ཀྱི་ཆོས་དང་རིག་གཞུང༌། ལེགས་བྱང་དང་བཅས་པ་རྒྱུན་འཛིན་ཐུབ་པ་མ་ཟད། བོད་ཀྱི་རྩ་དོན་ཐོག་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་འཚེ་མེད་ཞི་བའི་ལས་འགུལ་རྒྱུན་སྐྱོང་ཐུབ་པ་ནི་བོད་མིའི་བླ་ན་མེད་པའི་གཟི་བརྗིད་བློ་སྤོབས་དང་ཡི་རངས་བྱ་འོས་པ་ཞིག་ཡིན། ད་ཆ་རྒྱལ་སྤྱི་དང་རྒྱལ་ནང་གི་འགྱུར་འགྲོས་གང་ལ་གཞིགས་ཀྱང་བོད་དོན་བདེན་མཐའ་གསལ་ལ་ཉེ་བའི་ཕྱོགས་སུ་བསྐྱོད་བཞིན་པ་ཡིན་ནའང༌། ྋགོང་ས་མཆོག་གིས་རྒྱུན་དུ་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་ཕེབས་དོན་བཞིན་ད་དུང་བོད་དོན་བདེན་མཐའ་མ་གསལ་བར་དུས་ཡུན་གང་ཙམ་འགོར་གཞི་བྱུང་ནའང་གཞིས་བྱེས་བོད་མི་ཚང་མས་སྙིང་སྟོབས་ཞུམ་མེད་ཀྱི་སྒོ་ནས་བོད་མིའི་ཐུན་མིན་ཁྱད་ཆོས་ཡ་རབས་བཟང་སྤྱོད་ཉམས་མེད་རྒྱུན་འཛིན་གནང་གལ་ཆེ། འདི་ནི་བོད་མིའི་ངོ་བོ་དང་མི་རིགས་ཀྱི་མཚོན་རྟགས་ཡིན་པ་མ་ཟད། བོད་དོན་ལ་རྒྱ་རིགས་ཀྱིས་མཚོན་རྒྱལ་སྤྱི་མང་ཚོགས་ཀྱི་བརྩེ་གདུང་དང་རྒྱབ་སྐྱོར་ཐོབ་རྒྱུའི་གཞི་རྩ་ཉག་གཅིག་དེ་ཡིན། དེ་བཞིན་ན་གཞོན་ཡོངས་ནས་ཤེས་ཡོན་སློབ་སྦྱོང་སྤྱི་དང༌། ཁྱད་པར་རིག་གཅིག་རྐང་འཛིན་ལ་འབད་བརྩོན་གྱིས་སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་འདབ་ཤོག་གཉིས་ལྡན་ཡོང་ཐབས་ཀྱང་ངེས་པར་གནང་དགོས།

ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ལམ་སྟོན་འོག་གཞིས་བྱེས་བོད་མི་ཡོངས་ཀྱིས་ཚད་མཐོའི་མང་མོས་ཀྱི་ལམ་ནས་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་དོན་བདེན་མཐའ་གསལ་བའི་ཐབས་ལམ་ཉག་གཅིག་དེ་ཡིན་པས་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་མང་ཚོགས་དང༌། སྤྱི་འཐུས་ཀྱི་ཚད་མཐོའི་མང་མོས་དང་སྤྱི་མོས་ཀྱི་རྒྱབ་སྐྱོར་བཀའ་ལུང་སྔ་རྗེས་སུ་ཐོབ་པ་གཞི་བཟུང་དམ་འཛིན་རྒྱུན་སྐྱོང་བྱེད་མུས་ཡིན་ཞིང༌། སྲིད་བྱུས་འདི་ལ་བོད་མི་ཚང་མས་རང་གི་རྣམ་དཔྱོད་ཀྱིས་བརྡར་ཤ་ཆོད་པའི་ཐོག་ནས་རྒྱབ་སྐྱོར་ལྷོད་མེད་གནང་བའི་ཡིད་ཆེས་ཡོད།

མཐའ་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ྋཞབས་ཟུང་སྲིད་མཐར་བརྟན་ཅིང༌། ཐུགས་ཀྱི་བཞེད་དོན་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཤུགས་དྲག་དང་བཅས། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་༢༠༡༠ ཕྱི་ཟླ་༧ ཚེས་༦ ལ།། །།

ཕྱི་ལོ་༢༠༡༠ ཕྱི་ཟླ་༧ ཚེས་༦ ཉིན་གོང་ས་མཆོག་དགུང་གྲངས་དོན་ལྔར་ཕེབས་པའི་ྋསྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་གནང་བའི་བཀའ་ཤག་གི་གཏམ་བཤད།