༧རྒྱལ་བ་ཀརྨ་པ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན།

༄༅། །རབ་འབྱམས་རྒྱལ་བ་ཀུན་གྱི་འཕྲིན་ལས་གཅིག་ཏུ་བསྡུས་པའི་རང་གཟུགས། སྙིགས་དུས་སྐྱེ་རྒུའི་མགོན་དཔུང༌། སྒྲུབ་རྒྱུད་བསྟན་པའི་གཙུག་རྒྱན་དཔལ་རྒྱལ་བ་ཀརྨ་པ་ཆེན་པོ། དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་ནས་སྨོས་ན་རྗེ་བཙུན་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལ་གུས་ཕྱག་སྔོན་དུ་འགྲོ་བས། ད་རེས་དགའ་སྟོན་གྱི་ཚོགས་འདུ་ཆེན་པོ་འདིར་ཕེབས་པའི་ྋསྐྱབས་རྗེ་རིན་པོ་ཆེ་རྣམ་པ་གཉིས་ཀྱི་དབུས་སྐྱབས་གནས་བླ་སྤྲུལ་དང་དགེ་འདུན་གྱི་སྡེ། མཚུར་ཕུ་བླ་བྲང་གི་སྐུ་ངོ་རྣམ་པ། སྐུ་མགྲོན་རྣམ་པ་བཅས་ལྷན་རྒྱས་ལ་ཞུ་རྒྱུ། ད་རེས་ྋརྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་རྗེ་བཙུན་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་དཔལ་བཟང་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་ཕུན་སུམ་ཚོགས་པ་ལྡ་དང་ལྡན་པ་འདིའི་ཐོག་གུས་པས་བོད་གཞུང་བཀའ་ཤག་དང་གཞིས་བྱེས་བོད་མི་ཡོངས་ཀྱི་ངོས་ནས་གུས་ཕྱག་དང་བཅས་ཏེ་སྙིང་ནས་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
ཇི་ལྟ་ཇི་ལྟར་འགྲོ་བ་རྣམས་ཀྱི་ལས་དང་ཉོན་མོངས་པའི་ཀུན་འབྱུང་དང་དེས་བསྐྱེད་པའི་སྡུག་བསྔལ་གསུམ་གྱི་ཚོར་བ་བདོ་བ། དེ་ལྟ་དེ་ལྟར་ཐུགས་རྗེ་དང་སྙིང་སྟོབས་ཀྱི་གོ་ཆ་ཆེར་བཞེས་ཏེ་འགྲོ་བའི་དོན་ལ་ཉེ་བར་འཇུག་པ་ནི་ཐུགས་རྗེ་ཆེན་པོའི་གོམས་པ་ཡོངས་སུ་རྫོགས་པའི་ྋརྒྱལ་བ་རྣམས་ཀྱི་རང་གཤིས་ཡིན་པ་ལྟར། མགོན་པོ་གང་ཉིད་ཀྱང་དཔག་མེད་སྐལ་བ་རྒྱལ་མཚོ་སྔ་རོལ་ནས་ཚོགས་གཉིས་རྫོགས་སྨིན་སྦྱང་གསུམ་གྱིས་སྐུ་བཞི་རྒྱལ་ས་མཐོན་པོ་མངོན་དུ་མཛད་དེ་ཆོས་སྐུ་ཀུན་ཁྱབ་ཡེ་ཤེས་ཀྱི་ཀློང་ལས་ནམ་ཡང་གཡོ་བ་མེད་པར་ལྷན་ནེར་བཞུགས་བཞིན་དུ། སྙིངས་མའི་རྒུད་ཚོགས་སྤྱི་དང་ཁྱད་པར་ལོག་སྨོན་ཀླ་ཀློའི་དཔུང་གི་བཙན་གནོན་གྱི་གདུང་བ་མི་ཟད་པས་མནར་བའི་གངས་ལྗོངས་སྐྱེ་འགྲོ་རྣམས་ལ་ཕྱོགས་བྲལ་ཐུགས་རྗེ་ཆེན་པོས་ཉེ་བར་དགོངས་སྟེ་བསིལ་ལྡན་ས་ཡི་ཐིག་ལིར་མཛེས་སྐུ་དཔག་བསམ་ལྗོན་བཟང་ཉེ་བར་འཁྲུངས་ཤིང༌། ན་ཚོད་ཀྱི་ལང་ཚོ་མཆོག་ཏུ་ཕྲ་བའི་སྐབས་ནས་གསང་བ་བསམ་གྱི་མི་ཁྱབ་པའི་ཡོན་ཏན་གྱི་དྲི་བསུང་རང་ཆས་སུ་དར་བའི་དབང་གིས་ྋརྒྱལབ་གོང་མའི་ཞལ་ཆེམས་དང་ལྷ་བླའི་ལུང་སྟོན། ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཟག་བྲལ་ཡེ་ཤེས་ཀྱི་གཟིགས་དཔྱད་རྩེ་མཐུན་ཐོག་ྋརྒྱལ་བ་ཀརྨ་པ་སྐུའི་ཕྲེང་བ་བཅུ་དྲུག་པ་ཆེན་པོ་མཆོག་སླར་ཡང་བསམ་བཞིན་མིའི་སྲིད་པར་བཟུང་བའི་འཁྲུལ་བྲལ་ཡང་སྤྲུལ་དུ་ངེས་པ་རྙེད་པའི་ཐོག ཕྱི་ནང་བར་ཆད་གང་གིས་ཀྱང་མི་བརྫི་བར་ྋརྒྱལ་བ་གོང་མའི་གདན་སར་མི་འཇིགས་སེང་གེས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་སེང་བཀྲིས་ཀྱི་རི་ཁ་མངོན་པར་བཀོད་དེ། ཉམ་ཐག་པའི་སྐྱོང་ཡུལ་གྱི་གདུལ་བྱ་རྣམས་ལ་གསུངས་གསང་རྒྱན་གྱི་འཁོར་ལོས་མངོན་པར་དབུག་དབྱུང་བའི་བཀྲིན་མཛད་པ་དང༌། གཙུག་ལག་ཀུན་གྱི་གཞི་རྩ་ཡི་གེའི་ཕྱི་མོ་འབྲི་ཀློག་ནས་བཟུང་ཟབ་པ་དང་རྒྱ་ཆེ་བའི་ཐེག་པ་གསུམ་དང་བརྒྱུད་སྡེ་བཞིས་བསྡུས་པའི་ྋརྒྱལ་བའི་གསུང་རབ་རབ་འབྱམས་ལ་ཐོས་བསམ་སྒོམ་གསུམ་ལ་སྐུ་བརྩོན་ནར་མར་བསྐྱེད་པའི་ར་ཐ་མལ་བྱིས་པའི་ངང་ཚུལ་རྒྱང་དུ་དོར་ཏེ་དམ་པའི་རང་རྟགས་རྨད་དུ་བྱུང་བའི་ངོ་མཚར་བསམ་མི་ཁྱབ་པའི་མཛད་པས་སྐྱེ་བོ་མཐའ་དག་ངོ་མཚར་དང་དད་པའི་ས་ལ་འགོད་པར་མཛད་པ་དང༌། ལྷག་པར་རླང་སྤྱོད་གདུག་པའི་སྤྲིན་ཕུང་སྟུག་པོས་རྒྱལ་བསྟན་ཉིན་མོའི་སྣང་བ་ཡོངས་སུ་སྒྲིག་སྟེ་སྐྱེ་རྐུའི་བེད་སྐྱིད་ཀྱི་པད་ཚལ་མུག་པོར་བྱས་པའི་ལྗོངས་ནས་འཕགས་ཡུལ་ཆོས་ཀྱི་ཞིང་དུ་སྐྱབས་མགོན་ཕྱག་ན་པདྨོའི་འཕྲིན་ལས་ཟླ་བའི་འོད་སྣང་རྣམ་པར་རྒྱས་པའི་སྣང་བ་ལ་རོལ་ཏེ་ཟབ་རྒྱས་དམ་པའི་ཆོས་ཀྱི་གསན་བསམ་མཐར་ཕྱིན་པར་མཛད་དེ་གོང་མ་རིམ་བྱོན་གྱི་རྣམ་པར་ཐར་པ་བདག་གིས་བཞེས་པའི་སླད། ཐུགས་སྟོབས་ཀྱི་གོ་ཆ་བརྟན་པོས་མི་བསུན་གདུག་པའི་དཔང་གི་རྔམ་ཟིལ་ལ་བ་སྤུ་གཡོ་བ་ཙམ་གྱི་བག་ཚ་བ་མི་མངའ་བར་ཐབས་ལ་མཁས་པའི་གྲུ་གཟིགངས་བརྟན་པོ་འགྱུར་བ་མེད་པའི་ཐུགས་བསྐྱེད་ཀྱི་བ་དན་གུས་རྟག་བརྩོན་པའི་རླུང་གི་ཉེ་བར་སྐུལ་ཏེ་མི་མཐུན་པའི་ནས་ཀྲས་ཞར་ཡང་བརྫི་བ་མེད་པར་མཛེས་སྐུ་མཐོང་བ་དོན་ལྡན་འཕགས་ཡུལ་ཆོས་ཀྱི་ཞིང་སར་ཉེས་སྐྱོན་གྱི་མཚན་མ་ཕྲ་མོ་ཙམ་ཡང་མེད་པར་བདེ་བླག་ཏུ་བརྟོལ་བར་མཛད་པའི་ངོ་མཚར་བའི་རྣམ་པ་ཐར་པ་ནི། ྋརྒྱལ་བ་རྣམས་ཀྱི་ཡེ་ཤེས་གཟིགས་པ་དག་པའི་སྤྱོད་ཡུལ་འབའ་ཞིག་ལས་བདག་ལྟ་བུས་ཆ་ཙམ་དཔོག་པར་ག་ལ་ནུས།
རྒྱ་གར་དུ་ཞབས་སོར་འཁོད་པ་ནས་བཟུང་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་བཙན་པོ་འདོར་བ་མེད་པར་གསན་བསམ་སློབ་གཉེར་གྱི་རིམ་པ་ལ་གཅིག་ཏུ་འགྲུས་པར་མཛད་དེ། ཟས་གོས་གནས་མལ་གང་ལའང་ཇི་མི་དགོས་པར་འཕགས་པའི་རིགས་ལ་གནས་པའི་ངང་ཚུལ་བཟང་པོས་བློ་ལྡན་མགུ་བ་བསྐྱེད་ཅིང༌། དེང་དུས་ཀྱི་རྒྱལ་ཁབ་རྣམས་ཀྱི་ཁྲིམས་དང་སྲིད་དོན་གྱི་རྙོགས་འཛིན་དགོས་པ་མེད་པའི་ཡོ་ལང་སྣ་ཚོག་སལ་ཐུགས་བསུན་གྱི་རྣམ་པ་ཙམ་ཡང་མི་མངའ་བར་འཁོར་འདས་བདེ་སྡུག་བཟང་ངན་གྱི་སྤྲོས་པ་མཐའ་དག་ཆོས་དབྱིངས་དག་པའི་ཀློང་དུ་རོ་མཉམ་དུ་གཟིགས་པའི་ཟང་ཐལ་ཡེ་ཤེས་ཀྱི་དབྱིངས་སུ་དགྱེས་རྐུར་རྩེན་བཞིན་པ་ནས། ཐུབ་ཆེན་རྒྱལ་བའི་དགོངས་དོན་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་ཀྱིས་ལེགས་པར་བཀྲལ་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་དཔྱད་པ་གསུམ་གྱི་རིགས་པའི་ལམ་ནས་དྲངས་པའི་གསན་བསམ་དང༌། ཟབ་གསང་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང་གྲོལ་བྱེད་ཀྱི་ཁྲིད། རྒྱབ་བརྟེན་གྱི་ལུང་པ་སོགས་པ་ཚད་ལྡན་གྱི་བཤེས་གཉེན་དུ་མའི་དྲུང་ནས་གསན་བཞེས་རྒྱུ་མི་ཆད་དུ་མཛད་པའི་རྣམ་པ་ཐར་པ་འདི་ནི་སར་གནས་སེམས་པ་ཆེན་པོ་དག་གིས་ཀྱང་ཡི་རངས་བསྔགས་པའི་མེ་ཏོག་མངོན་པར་འཐོར་བའི་ཡུལ་དུ་གྱུར་པ་མ་ཟད། ལྷག་པར་དུ་ཉེ་བའི་ཆར་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་མིག་མི་འཛུམ་པ་མིའི་གཟུགས་སུ་བྱོན་པའི་རིག་པ་འཛིན་པའི་རྡོ་རྗེ་སློབ་དཔོན། དེ་ཉིད་བཅུ་ཟུང་གི་ཡོན་ཏན་ཡོངས་སུ་རྫོགས་པའི་ཁྱབ་བདག་འཁོད་ལོའི་མགོན་པོ། ྋསྐྱབས་མགོན་ྋརྒྱལ་བའི་དབང་པོའི་ཞལ་སྔ་ནས་ལམ་ཐུན་མོང་བས་རྒྱུད་སྦྱང་ཞིང་སྨོན་པ་དང་འཇུག་པའི་སེམས་བསྐྱེད་ཆོ་གས་བཞེས་པ་སྔོན་དུ་བཏང་སྟེ། ཟབ་གསང་རྡོ་རྗེ་ཐེག་པའི་ཡང་སྙིང༌། རྒྱུད་ཀུན་གྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་འཇུག་ཅིང་སྨིན་བྱེད་དབང་གི་རིམ་པ་སྐུ་བཞིའི་ས་བོན་ཐེག་ངེས་སྟ་གོན་དང་བཅས་པ་ལེགས་པར་གསན་བཞེས་མཛད་དེ། འཕགས་མཆོག་ཡབ་སྲས་གཉིས་རྡོ་རྗེ་སློབ་དཔོན་དང་རྡོ་རྗེ་སློབ་མའི་དམ་ཚིག་གིས་ཡོངས་སུ་བཅིངས་བར་མཛད་པའི་ཚུལ་འདི་ནི་རྣམ་འདྲེན་བཞི་པའི་ལུང་རྟོག་གི་ཆོས་ཚུལ་སྤྱི་དང་ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་རིམ་གྱི་བྱུང་བའི་ནང་རིན་ཆེན་གསེར་གྱི་ཡི་གེར་འབྲི་བར་འོས་པའི་གཟི་བརྗིད་ཅན་གྱི་སྙིང་ཁྱད་དུ་འཕགས་པ་སྐྲུན་པར་མཛད་པའི་བཀྲིན་གྱི་ཕུང་པོ་ནི་བསྐལ་པའི་བར་གཞལ་བར་དཀའ་མོད། དྲིན་དུ་ཚོར་བའི་བསམ་པ་ཙམ་སྙིང་དབུས་སུ་བསྐྱངས་རྒྱུ་ལགས་ཤིང༌། སླད་མའི་ཆར་ཡང་རྒྱལ་ཀུན་འཕྲིན་ལས་ཀྱི་རོལ་པ་གང་ཉིད་མཁའ་ཁྱབ་སྐྱེས་འགྲོ་སྤྱི་དང་ཁྱད་པར་ཁ་བ་རི་པའི་གདུལ་བྱ་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་སླད་དུ་ཞབས་ཟུང་ཚེ་མཐའ་ཡས་པའི་ངོ་བོར་བརྟན་ཅིང༌། ཚུར་མཐོང་གདུལ་བྱའི་སྣང་ངོར་བསྟན་པ་ལ་རིམ་གྱིས་འཇུག་པའི་ཚུལ་གསན་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ངང་ནས་ྋརྒྱལ་བ་ཀརྨ་པ་སྐུ་ཕྲེང་གོང་མ་ཐམས་ཅད་ཀྱི་མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་རྣམ་པར་ཐར་པ་བརྗོད་ཀྱིས་མི་ལངས་པ་ཡོད་དོ་ཅོག་མགོན་པོ་གང་ཉིད་ཀྱིས་བདག་གིར་བཞེས་ཏེ་འཛམ་གླིང་བསྟན་པའི་ཉི་མ་ཆེན་པོར་འགྱུར་བ་དང༌། གུས་ཕྲན་སྐྱབས་འོག་པ་རྣམས་ཀྱང་ཐུགས་དམ་རྡོ་རྗེའི་རྭ་གུར་ནས་འདོར་བ་མེད་པའི་རྗེས་འཛིན་སྐྱབ་སའཇུག་ཞུ་རྒྱུ་དང༌། མཐའ་དོན་མགོན་པོ་གང་ཉིད་སྐུ་ཚེ་བརྟན་ཅིང་གསན་བསམ་མཐར་སོན་གྱིས་རིང་མིན་ྋགོང་ས་ྋསྐྱབས་མགོན་ཐམས་ཅད་མཁྱེན་པ་དང་ལྷན་ཅིག་བསིལ་ལྡན་གངས་རིའི་ལྗོངས་སུ་ཞབས་སོར་མངོན་པར་འཁོད་པའི་སྨོན་འདུག་ཞུ་རྒྱུ་ཡིན།