༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་སེར་བྱེས་ལྭ་བ་ཁམས་ཚན་དུ་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་གནང་བ།

༄༅།། ༢༠༡༤ ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་རྒྱབ་ཏུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སེར་བྱེས་ལྭ་བ་ཁང་ཚན་དུ་ཕེབས་འབྱོར་སྐབས་ལྭ་བ་ཁང་ཚན་གྱི་འདུས་མང་ཡོངས་ནས་ཕེབས་བསུ་ཟབ་རྒྱས་ཀྱིས་འདུ་ཁང་དུ་གདན་འདྲེན་ཞུས་ཏེ་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་གསོལ་ཇ་འབྲས་བསིལ་ཕུལ། སྐབས་དེར་སྦེལ་ཀོབ་ལུགས་བསམ་དང་བདེ་སླར་གཉིས་ཀྱི་ས་གནས་འགོ་འཛིན་ཡང་ཕེབས་འདུག10535046_760241957362569_1378839029259562921_o
༢༠༡༤ ཕྱི་ཟླ་ ༡༢ ཚེས་ ༡༡ ཉིན་སྔ་དྲོ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་སྔོན་འགྲོའི་གསུང་ཆོས་དབུ་འཛུགས་ཀྱིས་དལ་བའི་རྟེན་འདི་རྙེད་པར་དཀའ་བ་དང་འཇིག་སླ་བ་སོགས་ལས་བརྩམས་ཏེ་མི་དགེ་བ་བཅུ་དང་། སེམས་བསྐྱེད་སོགས་ཀྱི་སྐོར་རྒྱས་པར་གསུངས་རྗེས་མཛད་པ་པོ་ཆེ་བའི་ཚུལ་དུ་སློབ་དཔོན་ཀླུ་སྒྲུབ་ཀྱི་རྣམ་ཐར་ནས་མགོ་སྨོས་ཙམ་གནང་།
༢༠༡༤ ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་ཐོག་མར་ཀུན་སློང་བཅོས་ཚུལ་དང་། ཆོས་ཀྱི་ཆེ་བ་གསུངས་རྗེས། མཛད་པ་པོའི་ཆེ་བའི་ཚུལ་དུ་མགོན་པོ་ཀླུ་སྒྲུབ་ཀྱི་རྣམ་ཐར་ཁ་སང་གི་ལྷག་འཕྲོ་གསུངས་སྐབས་མདོ་རྒྱུད་ལས་ལུང་བསྟན་པ་རྣམས་དང་། རིན་ཆེན་ཕྲེང་བའི་ལེའུ་དང་པོ་མངོན་མཐོ་དང་ངེས་ལེགས་རྒྱུ་འབྲས་སོ་སོར་བསྟན་པའི་ལྗགས་ལུང་། དེ་བཞིན་ལེའུ་དང་པོ་ནས་དབུ་འཛུགས་ཀྱིས་ཐོག་མར་མཚན་བྱང་དང་། འགྱུར་བྱང་། མཆོད་བརྗོད། སྣོད་རུང་དུ་བསྟན་པ། བརྗོད་བྱ་མདོར་བསྡུས་བཅས་ཚིགས་བཅད་རྣམས་ཀྱི་བཀའ་ཁྲིད་གནང་སྟེ། འདིའི་གདུལ་བྱ་བཀྲི་བའི་རིམ་པ་མངོན་མཐོ་དང་ངེས་ལེགས་ནས་ཡིན་ཚུལ་སོགས་གསུངས།
༢༠༡༤ ཕྱི་ཟླ་ ༡༢ ཚེས་ ༡༣ ཉིན་ཐོག་མར་དལ་རྟེན་ལ་སྙིང་པོ་བླང་དགོས་ཚུལ་གྱི་སྔོན་འགྲོའི་གསུང་ཆོས་བསྩལ་རྗེས། ཁ་སང་གི་མཚམས་ནས་ཚིགས་བཅད་རྣམས་ཚིག་འགྲེལ་རེ་རེ་བཞིན་གནང་སྟེ། མངོན་མཐོ་དང་ངེས་ལེགས་ཀྱི་དོན་དང་། དེ་གཉིས་སྒྲུབ་ཐབས་དད་པ་དང་ཤེས་རབ་ནང་བསྡུ་ཚུལ། ཆ་བཞག་པ་དང་ཤེས་པ་གཉིས་ཀྱི་ཁྱད་པར། དད་པ་ལ་ཤེས་རབ་ཀྱི་གྲོགས་མེད་ན་རྨོངས་དད་དང་། ཤེས་རབ་དད་པ་དང་མ་འགྲོགས་ན་ཤེས་རབ་འཆལ་ཚུལ། དགག་བྱ་ངོས་འཛིན་ལས་འཕྲོས་ཏེ་སྣང་ཕྱོགས་སུ་གཙིགས་སུ་བྱེད་དགོས་ཚུལ། དེ་ནས་རྗེ་རིན་པོ་ཆེའི་གསུང་ཐོར་བུའི་ནང་རིན་ཕྲེང་གི་བརྗོད་བྱ་མདོར་བསྟན་ལྟ་བུ་ཤོག་ལྷེ་གཅིག་དེ་ལྗགས་ཀློག་གིས་འགྲེལ་བཤད། མངོན་མཐོའི་རྒྱུ་ཆོས་བཅུ་དྲུག་དང་། མི་དགེ་བའི་འབྲས་བུ་ལས་འཕྲོས་ཏེ་ལོག་འཚོའི་ཐོག་འགྲེལ་བཤད་ལྷུག་པོ་དང་། མི་དགེ་བ་སྐྱེ་ཚུལ་གྱི་རིམ་པ་སོགས་རྒྱས་པར་གསུངས།
༢༠༡༤ ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན་ཐོག་མར་དལ་རྟེན་རྙེད་དཀའི་སྐོར་གྱི་སྔོན་འགྲོའི་གསུང་ཆོས་བསྩལ་རྗེས། དོན་དམ་པར་མེད་པའི་མེད་གོ་མི་ཆོད་པ་དང་། ཐ་སྙད་དུ་ཡོད་པའི་ཡོད་གོ་ཆོད་ཚུལ་དང་། གདགས་གཞིའི་ངོས་ནས་ཁྱད་པར་མེད་ན་སྦྲུལ་ལ་སྦྲུལ་དུ་བཏགས་པ་དང་། ཐག་ཁྲ་ལ་སྦྲུལ་དུ་བཏགས་པ་གཉིས་ལ་ཁྱད་པར་མེད་ཚུལ། གང་ལྟར་དགག་བྱ་ངོས་འཛིན་གསལ་པོ་མ་བྱུང་ན་མཐའ་གཉིས་སུ་ལྷུང་ཚུལ་སོགས་ཐུགས་ཀྱི་རྒྱབ་ལྗོངས་སུ་བཞག་སྟེ་ད་རིང་འཆད་རྒྱུའི་ངེས་ལེགས་སྐོར་ལ་དགོངས་པ་བཞེས་དགོས་པའི་ལམ་སྟོན་གནང་རྗེས། ཚིགས་བཅད་རེ་རེ་བཞིན་ཚིག་འགྲེལ་གནང་སྟེ། ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་གྱི་ང་དེ་འཇིག་སྐབས་བྱིས་པ་རྣམས་སྐྲག་ཚུལ། དེ་ནི་ངར་འཛིན་ལས་བྱུང་ཚུལ། གཞན་སྡེ་དང་རང་སྡེའི་བདག་འགོག་ཚུལ། མིང་རྐྱང་བཏགས་ཡོད་ཙམ་གྱི་རྟེན་འབྲེལ་གྱི་གནས་སྟངས་སོགས་རྒྱས་པར་གསུངས།
10835311_760241967362568_3911883714560098908_o༢༠༡༤ ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་ཐོག་མར་དལ་རྟེན་ཐོབ་པའི་སྐབས་འདིར་སྙིང་པོ་བླང་བར་འབད་དགོས་ཚུལ་གྱི་སྔོན་འགྲོའི་གསུང་ཆོས་བསྩལ་རྗེས། ཁ་སང་གི་མཚམས་ནས་ཚིགས་བཅད་རེ་རེ་བཞིན་ཚིག་འགྲེལ་གྱིས་སྟོང་ཉིད་སྒྲུབ་པའི་རིགས་པ་རྣམས་མཚོན་བྱེད་དཔེའི་སྒོ་ནས་བཤད་ཚུལ་ལས་བརྩམས་ཏེ། སྨིག་རྒྱུའི་སྟེང་ཆུ་མེད་པ་བཞིན་ཕུང་པོའི་སྟེང་བདག་མེད་ཚུལ་དང་། ཕུང་པོའི་སྟེང་མེད་པའི་བདག་ཅིག་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་སླེབས་ཚུལ། བདག་དེ་མིང་རྐྱང་བཏགས་ཡོད་ཙམ་དུ་ངེས་པ་འདྲོངས་ན་འཁོར་བའི་མཐའ་སེལ་ཚུལ། དོན་དམ་པར་མ་གྲུབ་པ་དང་ཐ་སྙད་དུ་ཡོད་པའི་མཐའ་གཉིས་ལ་མ་བརྟེན་པ་དེས་ཐར་པ་འཐོབ་ཚུལ། དངོས་སྨྲ་བ་དང་དབུ་མ་པའི་ཕུགས་ཀྱི་ཞེན་ཡུལ་མི་འདྲ་བར་བརྟེན་ནས་ཁྱད་པར་བྱུང་ཚུལ། དངོས་སྨྲ་བ་ལ་ཡོད་པ་དང་རང་ངོས་ནས་ཡོད་པ་གཉིས་གཅིག་ཡིན་ཚུལ། དངོས་པོ་རང་བཞིན་གྱིས་གྲུབ་པ་ཇི་ལྟར་བཀག་ཚུལ། འཁོར་འདས་གཉིས་ཆོས་ཀྱི་དབྱིངས་སུ་དབྱེར་མེད་པ་ཡིན་ཚུལ། གང་ལྟར་ཆོས་ཐམས་ཅད་རང་ངོས་ནས་མེད་པ་དང་རྟེན་འབྱུང་བཏགས་ཡོད་ཙམ་དུ་ཡོད་ཚུལ། མགོན་པོ་ཀླུ་སྒྲུབ་ཀྱིས་ཡུམ་གྱི་དགོངས་པ་འགྲེལ་པའི་བསྟན་བཅོས་རྣམས་མཛད་མེད་ན་མིང་རྐྱང་བཏགས་ཡོད་ཙམ་ལ་བྱ་བྱེད་རྟེན་འབྲེལ་གྱི་རྣམ་གཞག་ཇི་ལྟར་འཇོག་ཚུལ་ཕྱིས་རབས་ཀྱི་གདུལ་བྱས་རྟོགས་དཀའ་ཚུལ། མཐར་ད་རིང་བཞི་མཆོད་ཆེན་མོར་བརྟེན་བྱམས་ཆེན་ཆོས་རྗེའི་བཀའ་དྲིན་དྲན་དགོས་སྐོར་སོགས་རྒྱས་པར་གསུངས།
༢༠༡༤ ཕྱི་ཟླ་ ༡༢ ཚེས་ ༡༦ ཉིན་སྔ་དྲོ་ཐོག་མར་འཆི་བ་མི་རྟག་པར་བརྟེན་དལ་རྟེན་འདི་ལྟ་བུ་ཞིག་ཐོབ་སྐབས་སུ་སྙིང་པོ་བླང་དགོས་ཚུལ་གྱི་སྔོན་འགྲོའི་གསུང་ཆོས་བསྩལ་རྗེས། ཁ་སང་གི་མཚམས་ནས་ཚིགས་བཅད་རེ་རེ་བཞིན་ཚིག་འགྲེལ་གྱིས་ཕྱི་རོལ་པའི་འདོད་པ་བཀག་པའི་ཚུལ་ལས་བརྩམས་ཏེ། རྡུལ་ཕྲན་རྟག་པ་དང་། སྐྱེས་བུ་རྟག་པ། འདུས་བྱས་རང་བཞིན་གྱིས་གྲུབ་པ་བཅས་སོགས་འགོག་ཚུལ་རྒྱས་པར་གསུངས་ཏེ། མཐར་ད་རིང་ལྔ་མཆོད་ཆེན་མོའི་ཉིན་རྗེ་ཙོང་ཁ་པ་ཆེན་པོའི་བཀའ་དྲིན་དྲན་ཏེ་གསོལ་འདེབས་སྨོན་ལམ་སོགས་ཤུགས་ཆེ་གནང་དགོས་ཚུལ་གསུངས།
༢༠༡༤ ཕྱི་ཟླ་ ༡༢ ཚེས་ ༡༧ ཉིན་ཕྱི་དྲོ་དལ་རྟེན་རྙེད་དཀའ་བ་དང་དོན་ཆེ་བ་ཤེས་ཏེ། སྣོད་ཀྱི་སྐྱོན་གསུམ་སྤངས་ཏེ་ཆོས་ཉན་དགོས་ཚུལ་སོགས་ཀྱི་སྔོན་འགྲོའི་གསུང་ཆོས་བསྩལ་རྗེས། ཁ་སང་གི་མཚམས་ནས་ཚིགས་བཅད་རེ་རེ་བཞིན་ཚིག་འགྲེལ་གྱིས་མངོན་མཐོ་དང་ངེས་ལེགས་སྒྲུབ་ཐབས་བསྟན་པ་ལས་བརྩམས་ཏེ། གང་ཟག་རང་བཞིན་གྱིས་གྲུབ་པ་བཀག་པའི་ཚུལ་ལས་ཁམས་དྲུག་རེ་རེའམ་འདུས་པའི་སྟེང་དུ་སྐྱེས་བུ་རང་ངོས་ནས་གྲུབ་པ་མེད་ཚུལ་དང་། དེ་བཞིན་ཕུང་སོགས་ཀྱི་ཆོས་རྣམས་རང་བཞིན་གྱིས་གྲུབ་པ་བཀག་ཚུལ། རང་བཞིན་གྱིས་ཡོད་ན་ཆོས་ཀྱི་སྡོད་ལུགས་ཡིན་པས་འཕགས་པའི་མཉམ་བཞག་གིས་གཟིགས་དགོས་ཚུལ་སོགས་དང་། དེ་ནས་དབུ་མ་རིན་ཆེན་ཕྲེང་བར་སློབ་སྦྱོང་བྱེད་སྟངས་ཀྱི་ལམ་སྟོན། མཐར་མངོན་མཐོ་དང་ངེས་ལེགས་བསྟན་པའི་ལེའུ་དང་པོའི་བརྗོད་བྱ་མདོར་བསྡུས་བཅས་གསུངས།
༢༠༡༤ ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན་སྔ་དྲོ་དང་ཕྱི་དྲོ་བཅས་ཆོས་ཐུན་གཉིས་རིང་གསུང་ཆོས་མུ་མཐུད་དེ། བྱང་སེམས་ཀྱི་སྤྱོད་པ་ལ་སློབ་དགོས་ཚུལ་གྱི་སྔོན་འགྲོའི་གསུང་ཆོས་བསྩལ་རྗེས། ད་རིང་གི་དུས་ཚོད་ནང་རིན་ཆེན་ཕྲེང་བའི་བཀའ་ཁྲིད་འགྲུབ་ཐབས་མེད་པར་བརྟེན། ལེའུ་གཉིས་པ་མངོན་མཐོ་དང་ངེས་ལེགས་རྒྱུ་འབྲས་སྤེལ་མར་བསྟན་པ་ནས་ལྗགས་ལུང་དལ་པོའི་ཐོག་འདོན་གནང་གིས་བར་དུ་འགྲེལ་བཤད་མདོར་བསྡུས་ཀྱང་གསུངས་ཏེ། ལུས་མི་གཙང་བ་རགས་པའང་རྟོགས་མ་ཐུབ་ན་ཟབ་མོ་སྟོང་པ་ཉིད་རྟོགས་དཀའ་ཚུལ། སྦྱིན་སོགས་ལ་སློབ་ཚུལ། བསྡུ་བའི་དངོས་པོ་བཞི་ལ་སློབ་ཚུལ། མངོན་མཐོའི་རྒྱུ་འབྲས་སྒྲུབ་ཚུལ། ངན་འགྲོའི་རྒྱུ་སྤོང་ཚུལ། བུད་མེད་ཀྱི་ལུས་ལ་མི་སྡུག་པ་སྒོམ་ཚུལ། ངེས་ལེགས་ཀྱི་རྒྱུ་འབྲས་སྒྲུབ་ཚུལ། བྱང་སེམས་དང་སྙིང་རྗེ་སྟོང་ཉིད་བཅས་ཀྱི་སྐོར། མཚན་བཟང་དང་དཔེ་བྱད་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་བསྟན་ཚུལ་སོགས་དང་། ལེའུ་གསུམ་པ་བྱང་ཆུབ་ཀྱི་ཚོགས་བསྡུས་པ་ལས། ཚོགས་གསོག་པར་སྒྱིད་ལུག་མི་བྱ་བར་འདོམས་ཚུལ་དང་། ཚོགས་གསོག་པའི་ཐབས་བསྟན་ཚུལ། རྒྱལ་ཁབ་སྐྱོང་བའི་རྒྱུན་ལྡན་གྱི་བྱ་བའི་ནང་རྒྱལ་པོས་ཚོགས་གསོག་ཐུབ་པ་རྣམས་བསྟན་ཚུལ་སོགས། ལེའུ་བཞི་པ་རྒྱལ་པོའི་ཚུལ་བསྟན་པ་ལས། རྒྱལ་པོས་རྒྱལ་ཁབ་སྐྱོང་སྐབས་ཆོས་བཞིན་ཇི་ལྟར་སྐྱོང་ཚུལ་དང་། ལས་བྱེད་ཀྱི་འོས་ཆོས་དང་བསྐོ་ཚུལ། སྙིང་རྗེའི་སྒོ་ནས་མ་རུང་བ་ཚར་གཅོད་དགོས་པ་ལས་སྡང་བ་དང་ནོར་གྱི་ཕྱིར་མ་ཡིན་པ་དགོས་ཚུལ། ཐར་པ་སྒྲུབ་པའི་ལམ་གྱི་རིམ་པ་བསྟན་ཚུལ། ཐེག་ཆེན་བཀའ་སྒྲུབ་ཀྱི་རིགས་པ་རྣམས་བསྟན་ཚུལ། རྒྱལ་སྲིད་ཆོས་བཞིན་སྐྱོང་མ་ཐུབ་ན་རྒྱལ་སྲིད་སྤངས་ཏེ་རབ་ཏུ་བྱུང་དགོས་ཚུལ་སོགས། ལེའུ་ལྔ་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟེ་ཁྱིམ་པ་དང་རབ་བྱུང་ཀུན་གྱིས་བསླབ་པ་བསྟན་པ་ལས། འདིར་ཉོན་མོངས་ ༥༧ གསུངས་པ་རྣམས་མངོན་པ་གོང་འོག་ནས་བཤད་པ་དང་མི་འདྲ་ཚུལ། ས་བཅུའི་རྣམ་གཞག་བསྟན་ཚུལ། བསགས་སྦྱངས་ཀྱི་གནད་བསྡུས་པ་ཡན་ལག་བདུན་པ་བསྟན་ཚུལ། ཆོས་བཞི་བསྟེན་དགོས་ཚུལ། དགེ་བའི་བཤེས་གཉེན་མ་ནོར་བ་བསྟེན་དགོས་ཚུལ་སོགས་དང་། མཐར་བླང་དོར་གྱི་བཀའ་སློབ་རྒྱས་པར་གསུངས།
10857223_759761317410633_8016953007145470464_o༢༠༡༤ ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་སྔ་དྲོ་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་ནས་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེར་མདོ་ལུགས་ཀྱི་བརྟན་བཞུགས་རྒྱས་པར་བསྟར་འབུལ་ཞུས་ཤིང་། སྐབས་དེར་སེར་བྱེས་མཁན་རིན་པོ་ཆེ་སོགས་གྲྭ་ཚང་གི་ལས་སྣེ་དང་། སེ་ར་བླ་སྤྱིའི་ཕྱག་མཛོད། སེར་བྱེས་སློབ་གྲྭའི་སློབ་སྤྱི་སོགས་དང་། སྦེལ་ཀོབ་གཞིས་ཆགས་གསར་རྙིང་གི་ས་གནས་འགོ་འཛིན་དང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་སོགས་དང་། དེ་བཞིན་ཕྱི་རྒྱལ་གྱི་མི་སྣ་སོགས་འདུ་འཛོམས་ཆེ་ཙམ་འདུག