ཁྲིམས་ཀྱི་དབང་སྒྱུར་གྱི་ཕུགས་དམིགས་དང༌ཁྲིམས་དང་སྒྲིག་གཞིའི་གལ་གནད།

སྐབས་བཅུ་གཅིག་པའི་སྤྱི་འཐུས་ཀྱི་ལས་དོན་འགོ་ཚུགས་པ་ནས་བཟུང་ཁྲིམས་ཀྱི་ལམ་སྲོལ་གྱི་དབང་བསྒྱུར་བརྟན་པོ་ཡོང་ཆེད་འབད་བརྩོན་བྱས་པ་རེད། དེ་གང་ཡིན་ཞེ་ན། ང་ཚོས་བཅའ་ཁྲིམས་གཏན་འབེབས་ཀྱིས་མང་གཙོའི་ལམ་ཡང་དག་པ་ཞིག་ལ་འགྲོ་རྒྱུའི་ཐག་གཅོད་བྱས་པ་ཡིན་ཙང་ཁྲིམས་ཀྱི་དབང་བསྒྱུར་མེད་དུ་མི་རུང་བ་རེད། སྐྱབས་བཅོལ་གནས་རིང་ཙམ་མིན་པར། མ་འོངས་པར་བོད་རང་དབང་བྱུང་བའི་ཚེ་གཞུང་གི་ལམ་སྲོལ་དང་འགྲོ་སྟངས་ལ་ཕན་ཐོགས་ཡོང་རྒྱུའི་རེ་བ་དང་དམིགས་ཡུལ་ཕུགས་ཐག་རིང་པོ་ཞིག་བཞག་ཁུལ་བྱས་པ་རེད། གུང་ཁྲན་རིང་ལུགས་ཀྱི་ནང་ཁྲིམས་ཀྱི་བསམ་ཚུལ་དང་རྣམ་བཞག་མིང་ཙམ་ཡང་མེད་སྟབས། ཕྲན་བུའི་གུ་ཡངས་བྱུང་འཕྲལ་དྲང་བདེན་མིན་པའི་བྱེད་ཕྱོགས་ལྟག་སྒོ་བརྒྱུད་པ་དང༌། རྒྱུ་དངོས་རྗེས་འབྲེལ་གྱི་དྲང་བདེན་མིན་པའི་གནས་ཚུལ་ཡོང་གི་ཡོད་པ་མཐོང་གསལ་རེད། མ་འོངས་བོད་རང་དབང་བསྐྱར་གསོ་བྱུང་སྐབས་ད་ལྟ་བོད་ལ་ཡོད་པའི་སྒྲིག་འཛུགས་དེས་ང་ཚོ་ལ་ཕན་པའི་ལམ་སྲོལ་གཅིག་ཀྱང་བཞག་རྒྱུའི་རེ་བ་ཡོད་པ་མ་རེད། བྱས་ཙང་མ་འོངས་པར་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་ཞལ་འདེབས་བརྒྱབ་རྒྱུ་གཙོ་བོ་ཁྲིམས་ཀྱི་ལམ་སྲོལ་དེ་ཆགས་ཀྱི་རེད། དེའི་ཆེད་དུ་ང་ཚོས་ཁྲིམས་ཡིག་ཁག་གཏན་འབེབས་བྱས་པ་རེད། དེ་འདྲ་མིན་ན་བཙན་བྱོལ་བའི་སྤྱི་ཚོགས་ཀྱི་འཛིན་སྐྱོང་ཙམ་གནས་ཡུལ་རྒྱལ་ཁབ་ཏུ་དེབ་སྐྱེལ་བྱས་པའི་ཚོགས་པ་ཙམ་གྱིས་ཀྱང་བྱེད་ཐུབ། ལས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི་འདི་ལ་ཆ་མཚོན་ན། ཚོགས་དུས་གཉིས་པའི་སྐབས་ནས་དེའི་སྐོར་གླེང་སློང་བྱུང་ཡོད་ཀྱང་ད་ལྟའི་བར་དུ་འགྱངས་པ་རེད། སྐབས་དེར་ལས་བྱེད་བྱེ་བྲག་པ་རེ་ཟུང་གིས་ལས་ཤག་ཕྱིར་འབུལ་ཞུ་ཕྱོགས་སྐོར་དྲང་བདེན་དང་སྒྲིག་མཐུན་མ་བྱུང་བའི་གནས་ཚུལ་ཐོག་སྤྱི་འཐུས་ཀྱིས་ཞིབ་འཇུག་སྟངས་འཛིན་དགོས་པའི་དགོངས་འཆར་གནང་མཁན་སྤྱི་འཐུས་མང་པོ་བྱུང་སོང༌། དེ་དུས་ཚོགས་གཙོའི་ངོས་ནས་ཁྲིམས་བཟོ་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྒྲིག་གཞི་བརྟན་པོ་ཞིག་མེད་ན་ད་ལྟ་གང་ཟག་བྱེ་བྲག་པ་རེ་ཟུང་ལ་སྟངས་འཛིན་གནང་ཡང༌། མ་འོངས་པར་དེ་འདྲའི་གནས་ཚུལ་མུ་མཐུད་མི་ཡོང་བའི་ངེས་པ་མེད་སྟབས། སྒྲིག་གཞི་བཟོ་རྒྱུ་གལ་ཆེ་བའི་བསམ་ཚུལ་ཞུས་པ་ཡིན། འོན་ཀྱང་སྒྲིག་གཞིའི་ཟིན་བྲིས་ཚད་ལྡན་ཞིག་དགོས་པའི་དབང་གིས་ད་ལྟའི་བར་འགོར་བ་རེད། ད་ལམ་སྒྲིག་གཞི་འདི་མཇུག་བསྡུ་མ་བྱས་གོང་འཛིན་སྐྱོང་བཀའ་ཤག་ལ་རེ་འདུན་ཞུ་རྒྱུ་ཞིག་ལ། བཀའ་ཤག་གིས་གཙོས་པའི་འགན་འཛིན་ལས་བྱེད་པ་རྣམས་ཀྱིས་ཁྲིམས་ཡིག་དང་སྒྲིག་གཞི་ཁག་དགོས་གལ་ཡོད་པའི་དགོངས་ཚུལ་ཡོད་མེད་དང༌། ཕྱག་ལེན་བསྟར་རྒྱུ་ཐུགས་འདོད་དང་དགའ་སྣང་ཡོད་མེད་ཐོག་གྲོས་ཚོགས་ལ་གསལ་བཤད་ཅིག་གནང་རོགས་གནང་ཞུ་རྒྱུ་ཡིན། ཁྲིམས་ཡིག་དང་སྒྲིག་གཞིའི་དབང་གིས་ལས་དོན་མ་འགྲུབ་པ་དང་འཐུས་ཤོར་ཕྱིན་པ་སོགས་ཀྱི་བཀའ་མོལ་མང་པོ་གནང་བ་དང༌། མཐའ་མ་དོན་གྱི་བདག་པོ་ལའང་དེ་འདྲའི་སྙན་གསན་ཞུ་བ་སོགས་གནང་ན་ཁྲིམས་བཟོ་ལྷན་ཚོགས་ཀྱིས་ངེས་པར་དུ་དགོངས་པ་ཟབ་ནན་བཞེས་དགོས་པ་ཞིག་ཆགས་ཀྱི་འདུག ཁྲིམས་བཟོ་ལྷན་ཚོགས་ཀྱིས་ཁྲིམས་དང་སྒྲིག་གཞི་མང་པོ་བཟོས། འཛིན་སྐྱོང་ནས་དེ་ཚོ་ཕྱག་ལེན་མ་བསྟར་ན་ཕན་ཐོགས་མེད་པའི་ལས་དོན་ཞིག་རེད། བཀའ་ཤག་ལྷན་རྒྱས་བཀའ་བསྡུར་ཡག་པོ་ཞིག་གནང་སྟེ་ཁྲིམས་ཡིག་དང་སྒྲིག་གཞིའི་དགོས་གལ་གཟིགས་ཀྱི་མེད་ཚེ་དེ་ལུགས་གྲོས་ཚོགས་ལ་གསལ་བཤད་ཅིག་གནང་ན་གྲོས་ཚོགས་ནས་ངོས་ལེན་ཞུ་རྒྱུ་རེད། གང་ལགས་ཟེར་ན། གྲོས་ཚོགས་ཀྱིས་ཁྲིམས་སྒྲིག་མང་པོ་ཞིག་བཟོས་ནས་འཛིན་སྐྱོང་གིས་ཕྱག་ལེན་མ་བསྟར་ན་དོན་མེད་ཀྱི་དྲི་བ་དང་གསལ་བཤད་མང་པོ་ཡོང་རྒྱུ་དང༌། གང་འཚམས་ཤིག་ནས་བཀའ་ཤག་དང་སྤྱི་འཐུས་དབར་ཁ་གཏད་བཅའ་དགོས་ཀྱི་གནས་ཚུལ་ཞིག་མི་ཡོང་བའི་ངེས་པ་མི་འདུག སྒྲིག་གཞི་དང་ཁྲིམས་ཡིག་མང་པོ་གཏན་འབེབས་བྱས་ཏེ་ཕྱག་ལེན་མ་འཁེལ་ན་མཐའ་མའི་སྐྱོན་བརྗོད་དེ་གྲོས་ཚོགས་ལ་ཡོང་རྒྱུ་རེད། གལ་སྲིད་བཀའ་ཤག་ནས་ཁྲིམས་ཡིག་དང་སྒྲིག་གཞི་ཁག་ཕྱག་ལེན་བསྟར་རྒྱུར་སྐུ་ངལ་ཡོད་པའི་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཡོད་ན་དེ་གསལ་བཤད་གནང་བ་ཡིན་ན། ད་རེས་ཀྱི་ལས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི་དེའང་བརྗོད་པ་གསུམ་པ་དང་མཇུག་བསྡུ་མ་ཞུས་པར་ནར་འགྱངས་སུ་བཞག་ན་མི་འགྲིགས་པ་མི་འདུག་ཅིང༌། མ་འོངས་པར་གྲོས་ཚོགས་ནས་ཁྲིམས་ཡིག་དང་སྒྲིག་གཞི་སོགས་ཀྱི་ལས་རིམ་ཉུང་དུ་གཏང་ན་མི་འགྲིགས་པ་གང་ཡང་མི་འདུག དེ་ལུགས་བཀའ་ཤག་ནས་འཛེམས་ཟོན་མེད་པའི་གསལ་བཤད་ལྷུག་པོ་ཞིག་གནང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན། ཞེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་ལྔ་པ། ༡༩༩༣/༠༧/༢༧ ་་་ ༡༩༩༣/༠༨/༠༨