གཞུང་ཞབས་ཡོངས་ལ་བཙན་བྱོལ་གཞུང་གི་འབྱུང་འགྱུར་ལོ་གསུམ་གྱི་ལས་འཆར་ངོ་སྤྲོད་སྐབས་གནང་བའི་མཇུག་བསྡོམས་གསུང་བཤད།

བཀའ་ཤག་གིས་ཐག་གཅོད་ཟིན་པའི་འཆར་གཞི་ཁག་སྤྱི་ཁྱབ་འཆར་འགོད་པས་སྙན་གསན་ཞུས་པ་ཁག་ཡིན། ད་དུང་བཀའ་ཤག་ལྷན་རྒྱས་ནས་ཐག་གཅོད་གནང་རྒྱུའི་འཆར་གཞི་འགའ་ཞིག་ལྷག་ཡོད་པ་རྣམས་ཕྱི་ཟླ་ ༨ ཟླ་མཇུག་ནང་ཐག་གཅོད་ཟིན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དེར་བརྟེན་ད་ལྟ་ཐག་གཅོད་མ་ཟིན་པའི་འཆར་གཞིའི་འབྲེལ་ཡོད་ཁག་གིས་དུས་ཚོད་དམ་འཛིན་གྱིས་མཉམ་ལས་བྱས་ཏེ་དུས་ཚོད་གཏན་འབེབས་ནང་ལས་འགན་ངེས་པར་སྒྲུབ་པ་བྱེད་དགོས། དེ་དང་མཉམ་དུ་ལས་ཁུངས་ཁག་གི་སྒྲིག་འཛུགས་བསྐྱར་བཅོས་བྱེད་དགོས་ངེས་ཁག་བྱས་ཏེ་ལག་ལེན་བསྟར་ཐུབ་པའི་དམིགས་ཚད་བཟུང་ཡོད། དེར་བརྟེན་ཕྱི་ཟླ་ ༧ ཚེས་ ༡༠ ནས་ཕྱི་ཟླ་ ༡༠ ཚེས་ ༡༥ བར་གྱི་ཟླ་བ་གསུམ་དང་ཉིན་བཅུའི་རིང་བཀའ་བློན་ཁྲི་པ་ཕྱིར་བསྐྱོད་ཀྱི་ལས་འཆར་ཡོངས་རྫོགས་མེད་པ་བཟོས་ནས་རྡ་སར་གཏན་སྡོད་བྱེད་རྒྱུ་དང༌། དུས་ཡུན་དེའི་རིང་འབྲེལ་ཡོད་འཆར་གཞི་དང༌། སྒྲིག་འཛུགས་བསྐྱར་བཅོས་ཀྱི་ལས་དོན་ཁག་གཏན་འབེབས་ཐུབ་པའི་ཆོད་སེམས་བཟུང་ཡོད། ལས་བྱེད་ཚང་མས་ཛ་དྲག་ངང་བྱེད་དགོས་པའི་ལས་དོན་ཐོག་ངེས་པར་དུས་ཚོད་དམ་འཛིན་བྱེད་དགོས། མཐའ་དོན་བཀའ་ཤག་ནས་སྲི་ཞུ་བ་ཡོངས་ལ་རེ་བའི་བླང་བྱ་ཁག་བཞི་ཞུ་རྒྱུ་ཡིན།

 

༡ ཚང་མས་མཁྱེན་དགོས་པ་ཞིག་ལ་འདས་པའི་ལོ་ ༤༤ རིང་བཙན་བྱོལ་སྤྱི་ཚོགས་ནང་ཧ་ལམ་བློ་ཡུལ་དུ་མ་ཤོང་བའི་དངུལ་མང་པོ་ཞིག་འགྲོ་སོང་བཏང་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་པར་དངུལ་གྱིས་མ་འདང་བར་ལས་གཞི་འགགས་པ་ཧ་ལམ་གཅིག་ཀྱང་བྱུང་མེད་ཅེས་བརྗོད་ཆོག ད་ལྟ་ཕན་ཆད་འགྲོ་སོང་བཏང་བའི་དངུལ་དེ་དག་བོད་མི་མི་རེ་ངོ་རེར་བགོ་བཤའ་བརྒྱབ་ན་ཧ་ལམ་བཙན་བྱོལ་བོད་མི་རེར་སྒོར་འབུམ་ལྔ་ནས་དྲུག་བར་ཐོབ་རྒྱུའི་དངུལ་འབོར་འགྲོ་སོང་བཏང་ཡོད། འོན་ཀྱང་གཞིས་ཆགས་ཁག་ནང་དབུལ་ཕོངས་ཀྱི་ཚད་གཞིའི་འོག་སྡོད་མཁན་མང་པོ་ཡོད། ལས་གཞི་མང་པོ་ཞིག་གཞི་རིམ་གྱི་མི་མང་ཡོངས་སུ་རྫོགས་པའི་སར་སླེབས་ཐུབ་པ་ཞིག་བྱུང་མེད་པ་སུས་བལྟས་ཀྱང་མཐོང་རྒྱུ་ཡོད། བོད་ནང་ཡོད་པའི་བོད་མི་དང༌། བཙན་བྱོལ་དུ་ཡོད་པའི་བོད་མི་ཚང་མ་སྤྱི་མཐུན་གྱི་ལས་ངན་གཅིག་གྱུར་དུ་བསགས་ཡོད་པ་བསམ་གྱི་འདུག བོད་ནང་རྒྱ་ནག་གི་འགོ་ཁྲིད་མཐོ་རིམ་ནས་དངུལ་མང་པོ་བཏང་བ་གཙང་པོའི་ནང་གཡུག་པ་ཡིན་ནམ་ཞེས་སྐད་ངན་བརྒྱབས་ཡོད། རྒྱ་གཞུང་གི་རོགས་སྐྱོར་དངུལ་འབོར་ཤོག་བུ་དཀར་པོའི་ནང་འབོར་ཧ་ཅང་ཆེན་པོ་ཡིན། གཞུང་ལམ་འཛུགས་སྐྲུན་ཆེན་པོ་བྱུང་བ་མཐོང་རྒྱུ་ཡོད་པ་ལས་མི་མང་ཆེ་བ་སྐྱོ་པོ་ཡིན། ང་ཚོས་དོ་སྣང་བྱེད་དགོས་པ་ཞིག་ནི། ཕྱོགས་གཅིག་ནས་བསོད་ནམས་དབང་གིས་ང་ཚོར་དཔལ་འབྱོར་གྱི་རོགས་རམ་མང་པོ་རག་གི་ཡོད་ལ། ཕྱོགས་གཞན་ཞིག་ནས་བོད་མི་དབུལ་ཕོངས་ཀྱི་གནས་ལས་གྲོལ་བ་ཞིག་བཟོ་མི་ཐུབ་པའི་གནས་ཚུལ་ཡོད་པ་ནི་ཕལ་ཆེར་འཆར་གཞི་དང་ལས་དོན་བྱེད་ཕྱོགས་ཐོག་ནས་མ་འགྲིགས་པར་ངོས་ལེན་བྱེད་དགོས་པ་མིན་ནམ་སྙམ། དེ་དག་ལ་ང་ཚོས་ངེས་པར་ནོར་བཅོས་བྱེད་དགོས་ཀྱི་ཡོད། ང་ཚོས་མ་འོངས་པར་འགྲོ་སོང་སྒོར་མོ་གཅིག་ལས་མ་བཏང་ཡང་དེ་རྣམས་མི་མང་སྐྱོ་ཤོས་སར་སླེབས་ཀྱི་ཡོད་མེད་བསམ་བློ་གཏོང་དགོས་རྒྱུ་གལ་ཆེན་པོ་ཡིན། སོ་སོ་འགུལ་བསྐྱོད་རྒྱག་མཁན་དེ་ཚོར་ཕན་ཐོགས་ཡོད་པ་དང༌། གང་ཡང་བྱེད་མི་ཐུབ་མཁན་གྱི་མི་མང་ལ་ཕན་ཐོགས་མ་བྱུང་ན་རོགས་རམ་གྱིས་ཁྱད་པར་ཆེ་བ་མེད།

 

༢ བཙན་བྱོལ་གཞུང་ནི་མཉམ་འདུས་ཀྱི་སྒྲིག་འཛུགས་ཤིག་ཡིན་པ་དང༌། ལས་དོན་གྱི་ངོ་བོ་དང༌། ལས་ཀའི་བཀོད་སྒྲིག་ནང་བློན་ཆེན་ལས་ཁུངས་བདུན་དང༌། ལས་ཁུངས་བྱེ་བྲག་པ་སྡེ་ཚན་མང་པོ་ཡོད། ལས་བྱེད་པས་ལས་དོན་བྱེད་སྐབས་གཞུང་གཅིག་གི་ལས་དོན་ཡིན་བསམ་པའི་འདུ་ཤེས་དགོས་པ་མ་གཏོགས་ལས་ཁུངས་ནང་ཕན་ཚུན་སྡེ་ཚན་རྦད་དེ་དབྱེ་བ་ཕྱེ་ནས་སོ་སོ་ལོགས་སུ་བཅད་དེ་བསྡད་པ་ཡིན་ན་ནོར་བ་རེད། སྐབས་བཅུ་གཉིས་པའི་བཀའ་ཤག་གིས་ཐོག་མ་ལས་ཁུངས་ནང་ཕན་ཚུན་དངུལ་སྤྲོད་རེས་བྱེད་པ་ཁག་མེད་པ་བཟོས་ཡོད། དེའི་རྒྱུ་མཚན་ཡང་དོན་མེད་ལས་ཀ་འཕར་མ་དང༌། ལས་བྱེད་པའི་བསམ་བློའི་ནང་ཆེད་མངགས་ཐ་དད་བཟོ་བའི་གནས་ཚུལ་མེད་པ་བཟོ་བའི་ཆེད་དུ་ཡིན། གོང་དུ་ལས་ཁུངས་ཚན་པ་སོ་སོའི་ལས་གཞི་བཟོ་རྒྱུ་དང༌། ལས་གཞི་ཁག་ལག་ལེན་དུ་བསྟར་བའི་སྐབས་འཆར་འགོད་ཀྱི་རིག་པའི་གཞུང་ལུགས་བརྒྱུད་མཐའ་མ་གཞུང་གི་དམིགས་ཡུལ་མཐོ་ཤོས་དེར་ཡར་སླེབས་རྒྱུ་དང༌། དེ་ལ་བརྟེན་ནས་གཞུང་གི་མཐར་ཐུག་གི་དམིགས་ཡུལ་སྒྲུབ་ཐུབ་པ་དགོས་རྒྱུ་དེ་རེད། ལས་ཁུངས་ནང་ཕན་ཚུན་ལས་དོན་ཐོག་འབྲེལ་བ་དམ་ཟབ་ཡོད་དགོས་པ་གལ་ཆེན་པོ་ཡིན།

ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་སློབ་གཅིག་ལ་བརྟེན་ནས་དེ་སྔ་ཟླ་བ་ཁ་ཤས་རིང་ལས་ཁུངས་གཅིག་ནས་མི་གཅིག་ཕྱོགས་བསྐྱོད་བྱེད་ཀྱི་ཡོད་ན་ལས་ཁུངས་གཞན་ལ་ལན་བསྐྱལ་ནས་མཉམ་རུབ་ཀྱི་ལས་ཀ་བྱེད་པའི་སྲོལ་བཟང་ཞིག་ཚུགས་འདུག འོན་ཀྱང་བར་སྐབས་དེའང་ཡལ་ཚར་བ་རེད། དོན་གནད་གཞན་ཞིག་ལ་ལས་གཞི་མང་པོ་འགོ་འཛུགས་བྱས་ཏེ་མཇུག་མ་བསྐྱལ་བར་ལུས་པའི་གནད་དོན་ཡོད་པ་རེད། དེ་ཚོའི་ནང་ལས་ཀ་བྱེད་མཁན་ནས་ཛ་དྲག་གི་འགན་ཁུར་མ་འཁྱེར་བ་དང༌། ལྷག་པར་དུ་ལས་བྱེད་འཕོ་འགྱུར་ཕྱིན་པའི་སྐབས་སུ་ལས་གཞི་སྔོན་མ་དེ་དག་ལས་བྱེད་གསར་པས་མཇུག་མ་བསྐྱལ་བ་ས་གནས་མང་པོར་མཐོང་རྒྱུ་ཡོད་པ་ཧ་ལས་པའི་ཞན་ཆ་ཡིན། ང་ཚོས་འབྱུང་འགྱུར་སྒྲིག་འཛུགས་ཀྱི་རྣམ་པ་ཐོན་དགོས་པ་མ་གཏོགས་གང་ཟག་གི་རྣམ་པ་ཐོན་རྒྱུ་མེད་པའི་བསམ་བློ་ནན་ཏན་གཏོང་དགོས། སྒྲིག་འཛུགས་ནས་གཏན་འཁེལ་བྱས་པའི་ལས་ཀ་ཚང་མ་སྔོན་མའི་ལས་འཕྲོ་རྗེས་མས་སྐྱོང་དགོས་པ་མ་གཏོགས་དེར་ཐེ་ཚོམ་དང་གཞི་ནས་བསམ་བློ་གཏོང་དགོས་རྒྱུ་མེད། དེར་བརྟེན་ལས་དོན་མཇུག་སྐྱོང་བྱེད་རྒྱུ་ལས་དོན་གྱི་འགོ་བརྩམས་དུས་ནས་གསལ་པོ་ངོས་འཛིན་བྱེད་དགོས། གལ་ཏེ་ལས་གཞི་ཞིག་མཚམས་འཇོག་དགོས་པ་བྱུང་ན་འཕྲལ་མར་མཚམས་འཇོག་བྱས་ནས་གྱོང་གུན་ཐད་ཚོད་འཛིན་ངེས་ཅན་ཐུབ་པ་དགོས་པ་ལས་མཇུག་སྐྱོང་མ་བྱས་པ་དང༌། དུས་ཚོད་ངེས་ཅན་ནང་ལག་ལེན་དུ་མ་ཐུབ་ན་ཧ་ཅང་གི་ནོར་འཁྲུལ་དང༌། གྱོང་ཆེན་པོ་རེད། ལྷག་པར་དུ་སོ་ནམ་ཞིང་ལས་དང་འབྲེལ་བའི་ལས་ཀ་དང༌། སྐྱེ་ཤིང་འདེབས་འཛུགས་དང་འབྲེལ་བའི་ལས་ཀ་ཁག་ནི་དུས་ཚོད་ཕྲན་བུ་ཞིག་འགྱངས་པ་ཡིན་ན། ལོ་གཅིག་འགྱངས་དགོས་པའི་ཉེན་ཁ་ཡོད། དེར་བརྟེན་དེ་ཚོའི་རིགས་ལ་ཛ་དྲག་གི་བསམ་ཚུལ་ཡོད་པའི་ཐོག་ནས་ལག་ལེན་དུ་བསྟར་རྒྱུ་དང༌། ཛ་དྲག་གི་བསམ་ཚུལ་ཡོད་པའི་ཐོག་ནས་མཇུག་སྐྱོང་བྱེད་རྒྱུ་གལ་ཆེན་པོ་འདུག

 

༣ མིའི་མཐུན་རྐྱེན་གྱིས་འདང་གི་མེད་པ་འཆར་གཞིའི་ནང་མང་པོ་འཁོད་འདུག ལས་བྱེད་མི་འདང་བའི་གནས་ཚུལ་དང༌། ལས་བྱེད་པའི་གནས་ཚད་ཀྱིས་མ་འདང་བའི་གནས་ཚུལ་ཁ་ཤས་ཡོད། ཡིན་ཡང་འབྱུང་འགྱུར་ཟླ་བ་ཁ་ཤས་དང༌། ལོ་གཅིག་གཉིས་ནང་མིའི་མཐུན་རྐྱེན་གསར་པ་བསྐྲུན་ཐུབ་རྒྱུ་དཀའ་ངལ་ཆེ་བའི་གནད་དོན་ཡིན། མི་གསར་པ་ཞིག་སླེབས་ཀྱང་དགོས་ངེས་ཀྱི་གནས་ཚད་ལྡན་པར་ལོ་ཁ་ཤས་འགོར་རྒྱུ་དང༌། གཞུང་ཞབས་གསར་པ་ཞིག་བསྐོ་དགོས་པ་བྱུང་ན་གསལ་བསྒྲགས་བྱས་པ་ནས་བཟུང་ལས་བྱེད་ནང་མ་སླེབས་བར་ཟླ་བ་ལྔ་དྲུག་འགོར་རྒྱུ་རེད། དེ་བཞིན་ལས་བྱེད་ནང་སླེབས་ཀྱང་ཁྱད་ལས་པ་བྱེད་ཆོག་གང་ཡང་མེད། དེར་བརྟེན་ལས་ཁུངས་སོ་སོའི་སྒྲིག་འཛུགས་བསྐྱར་བཅོས་བྱེད་པའི་སྐབས་སུ་ས་མིག་ག་ཚོད་དགོས་པ་གསལ་པོ་བཟོ་གི་རེད། དེར་བརྟེན་གལ་གནད་ཆེ་ཤོས་ནི་ད་ལྟ་གང་ཡོད་པ་ཚོས་འགན་ཁུར་ཆེར་བསྐྱེད་དང༌། གུ་བཤང་བྱེད་རྒྱུ་གལ་ཆེ་ཡིན།

 

༤ དེ་རིང་ལས་བྱེད་ཚང་མ་འཛོམས་ཡོད་པར་བརྟེན་ད་ལྟའི་དུས་ཚོད་འདི་ཛ་དྲག་ཏུ་སླེབས་ཡོད་པ་ངས་བསྐྱར་དུ་དྲན་བསྐུལ་ཞུ་རྒྱུ་ཡིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་རྣམ་པའི་བར་ཕྱི་ལོ་ ༢༠༠༢ ཕྱི་ཟླ་ ༩ པ་ནས་ཐད་ཀའི་འབྲེལ་བ་མཐུད་ཐུབ་པ་བྱུང་ཡོད། ཐད་ཀའི་འབྲེལ་བ་མཐུད་པའི་ཡོལ་བའི་རྒྱབ་ཏུ་གནས་ཚུལ་གང་བྱུང་བ་མི་ཉུང་ཉུང་ཞིག་གིས་མ་གཏོགས་ཤེས་ཀྱི་མེད། ང་ཚོས་རྒྱལ་སྤྱིའི་ནང་དང༌། རྒྱ་ནག་དང་མཉམ་དུ་ཐད་ཀའི་འབྲེལ་བ་བྱས་ཏེ་བདེན་པར་གཞི་བཅོལ་བའི་ཆབ་སྲིད་ཀྱི་ལས་དོན་མང་པོ་བྱས་ཡོད། ང་ཚོའི་བསམ་ཚུལ་ལ་རང་རེའི་ལངས་ཕྱོགས་འདིའི་ཐོག་ནས་བོད་མིའི་འཐབ་རྩོད་ལ་འདས་པའི་ལོ་གཉིས་དང་ཕྱེད་ཀའི་ནང་ཕམ་ཁ་བྱུང་ཡོད་སྙམ་པ་གཏན་ནས་དྲན་གྱི་མེད། རྒྱལ་སྤྱིའི་ནང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོ་ཡོད་པ་ཚང་མས་ང་ཚོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་དང༌། བདེན་རྒྱབ་ཀྱི་འཕེལ་རིམ་ཏན་ཏན་ཡང་དག་པའི་ཕྱོགས་སུ་གནས་ཡོད། དེར་བརྟེན་ང་ཚོའི་ལངས་ཕྱོགས་ནོར་འཁྲུལ་མེད། འོན་ཀྱང་ད་དུང་ཆ་ཚང་བའི་གྲུབ་འབྲས་སོན་པར་བརྒྱ་ཆ་བརྒྱད་ཅུ་ཁ་གཏད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་རག་ལུས་ཡོད་པ་དང༌། བརྒྱ་ཆ་ཉི་ཤུ་ང་རང་ཚོར་རག་ལུས་ཡོད། ང་རང་ཚོར་རག་ལུས་ཡོད་ཅེས་ཞུ་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་རྣམ་པ། བཀའ་ཤག་བཅས་ལ་རག་ལུས་པའི་སྐད་ཆ་མིན་པར་བཙན་བྱོལ་དུ་ཡོད་པའི་བོད་པའི་སྤྱི་ཚོགས་ཡོངས་ལ་རག་ལུས་ཡོད། དེར་བརྟེན་གཞུང་གི་ངོས་ནས་གོམ་པ་རྒྱག་ཕྱོགས་དང༌། ལངས་ཕྱོགས་ནོར་འཁྲུལ་མེད་པའི་ཐོག་ནས་འགྲོ་བཞིན་ཡོད་པ་དེར་ཕྱི་ནང་གང་ནས་བར་ཆད་མི་ཡོང་བ་ཕྱོགས་ཡོངས་ནས་ཡིད་གཟབ་དགོས་པ་རེད། ལྷག་པར་ད་ལོའི་ལོ་འདི་སྤྱི་མཐུན་བསོད་ནམས་གསོག་པའི་ལོར་སྲུང་རྩི་ཞུས་ཏེ་ཕྱིའི་ཞབས་རིམ་རྒྱ་ཆེ་སྒྲུབ་ཀྱི་ཡོད། གལ་ཆེ་ཤོས་ནང་གི་ཞབས་རིམ་ཆེད་སྲི་ཞུ་བའི་ལས་བྱེད་ཡོངས་ཀྱིས་དམིགས་བཀར་གཟབ་གཟབ་གནང་དགོས་པ་དང༌། ལས་བྱེད་རང་སོ་སོའི་ཚུལ་ཁྲིམས་ཆ་ཚང་སྲུང་བའི་ཐོག་ནས་སེམས་ཤུགས་ཀྱི་འདུན་པ་དང༌། ཆོད་སེམས་བརྟན་པོའི་སྒོ་ནས་ནུས་ཤུགས་བཏོན་ན་ཏན་ཏན་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག ལྷག་པར་བོད་རྒྱའི་འབྲེལ་ལམ་དང་འབྲེལ་བ་ཡོད་པ་ལྟ་བུའི་ཆབ་སྲིད་ཀྱི་གནད་དོན་གློ་བུར་བ་དེ་འདྲ་ཐོན་སྐབས་དེ་བས་ཆོད་སེམས་བརྟན་པོ་དང་གཟབ་ནན་དགོས་པ་རེད། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་བཀའ་ཤག་གིས་འགན་ཞིག་འཁྱེར་གྱི་ཡོད། དེར་བརྟེན་རྩ་དོན་ཐོག་ཏག་ཏག་འགྲོ་གི་རེད་བསམ་པའི་ཡིད་ཆེས་གནང་ཆོག་པ་ཡིན། གནས་ཚུལ་འདྲ་མིན་མང་པོ་ཐོན་སྐབས་དངོས་ཡོད་ཀྱི་གནས་ཚུལ་ག་རེ་ཡིན་མིན་བརྩད་གཅོད་བྱེད་ཆོག་པ་དང༌། དངོས་ཡོད་ཀྱི་གནས་ཚུལ་མ་ཤེས་པ་ཡིན་ན་དྲུང་ཆེ་དང༌། ཡང་ན་བཀའ་ཤག་ལ་དྲིས་ཀྱང་འགྲིགས་ཀྱི་རེད། ཚང་མས་ཞིབ་ཚགས་པོའི་དོ་སྣང་དང་ཡིད་གཟབ་མ་བྱས་ན་ྋརྒྱལ་དབང་ལྔ་པ་དང༌། ཟླ་བ་ལྔ་པ་ནོར་བའི་ཉེན་ཁ་འཕྲད་སྲིད་པ་རེད། ངེས་པར་དུ་གཟབ་གཟབ་གནང་རོགས་ཞེས་ཚང་མ་འཛོམས་པའི་གོ་སྐབས་འདིའི་ཐོག་ནན་པོ་བྱས་ཏེ་ཞུ་རྒྱུ་ཡིན།

དེ་སྔའི་ལམ་སྲོལ་ནང་སྤྲེལ་ཟླ་ཚེས་བཅུའི་གནས་ཆུང་གི་བཀའ་ལུང་འདི་ཧ་ཅང་གལ་ཆེན་པོར་བརྩི་གི་ཡོད། ཁ་སྔོན་གནས་དགའ་གཉིས་ལྷན་རྒྱས་པའི་ཐོག་ནས་ཞིབ་ཚགས་བྱས་ཏེ་རྣམ་ཀུན་གྱི་བཀའ་ལུང་དང་མི་འདྲ་བའི་བཀའ་ལུང་གནས་ཚད་མཐོ་པོ་བསྐྱོན་འདུག དེའི་ནང་བློ་སྤོབས་སྐྱེ་འོས་པ་ཞིག་ལ་ད་ལྟ་བཀའ་ཤག་གི་ལས་དོན་བྱེད་ཕྱོགས་ཁག་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་དགོངས་དང་མཐུན་པར་བསྐྱོད་ཐུབ་ཀྱི་ཡོད་ཅེས་ཐག་བཅད་ནས་གསུངས་འདུག དེ་ནི་རང་རེ་ཚང་མར་བློ་སྤོབས་སྐྱེ་དགོས་པ་ཞིག་རེད། འོན་ཀྱང་ནག་ཕྱོགས་ཀྱི་ཁ་རླངས་ཕོག་རྒྱུའི་ཉེན་བརྡ་ཡང་ཕེབས་འདུག གང་ལྟར་ང་ཚོས་མཐའ་གཅིག་ཏུ་ྋགོང་ས་མཆོག་གི་དགོངས་གཞི་དང་མཐུན་པ་ཞིག་བྱུང་ཡོད་ན་འདི་ནི་ང་ཚོས་གདེང་སྤོབས་ཆེན་པོའི་ཐོག་ནས་འགྲོ་ཆོག་པའི་གནས་སྟངས་ཤིག་རེད། ནག་ཕྱོགས་ཀྱི་ཁ་རླངས་ཕོག་དང་མི་ཕོག་ལ་ང་ཚོ་ཡིད་དོགས་བྱེད་དགོས་དོན་མེད། འགལ་རྐྱེན་ཟློག་ཐབས་ཀྱི་ཞབས་རིམ་རྣམས་ང་ཚོས་སྒྲུབ་བཞིན་པ་ཡིན་ལ། གལ་ཆེ་ཤོས་ཞབས་རིམ་ཁག་རང་རང་སོ་སོས་བསྒྲུབ་ན་དམ་ཚིག་དང་རྟེན་འབྲེལ་གང་གི་ཆ་ནས་དགེ་ཕན་ཡོད་ན་དེ་དོན་ལྷག་བསམ་ཆེར་བསྐྱེད་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང༌། དེ་རིང་ཞུས་པའི་གནས་ཚུལ་ཁག་ལ་དོགས་འདྲི་མང་པོ་གནང་རྒྱུ་ཡོད་སྲིད་པ་རྗེས་སུ་ལས་ཁུངས་སོ་སོའི་ནང་བསྐྱར་དུ་ཚོགས་པའི་སྐབས་སུ་འདྲི་བ་དྲིས་ལན་གྱི་གོ་སྐབས་འབུལ་རྒྱུ་ཡིན།