དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་༣༦༠ འཁོར་བའི་མཛད་སྒོའི་འཇུག་བསྡོམས་སུ་གནང་བའི་མཎྜལ་བཤད་པ།

༄༅།། ཨོཾ་བདེ་ལེགས་སུ་གྱུར་ཅིག འཆི་བའི་དངོས་ཀུན་རྣམ་པར་འཇོམས་པ་འོད་དཔག་མེད་མགོན་བདེ་ལྡན་ཞིང་ན་ཆོས་ཀྱི་སྐུ།། འགྲོ་ལ་རྗེས་ཆགས་སྙིང་རྗེའི་རང་གཟུགས་པད་དཀར་འཆང་བ་གྲུ་འཛིན་སྤོ་ན་ལོངས་སྤྱོད་རྫོགས།། སྲིད་གསུམ་ཟིལ་གནོན་མཚན་དཔེའི་སྣང་བརྙན་པདྨ་འབྱུང་གནས་སིན྄དྷུའི་རྒྱ་མཚོར་སྤྲུལ་པའི་གར།། སྐུ་གསུམ་དབྱེར་མེད་སྙིང་གི་ཟེའུ་འབྲུར་བྱང་ཆུབ་བར་དུ་བཞུགས་ལ་མཆོག་ཐུན་དངོས་གྲུབ་སྩོལ།། ཅེས་སྲིད་ཞིའི་དགེ་མཚན་མཐའ་དག་མགྲོན་དུ་འགུགས་པའི་ལེགས་བརྗོད་ཚངས་པའི་དབྱངས་དང་འགྲོགས་པའི་པདྨ་དཀར་པོའི་དོ་ཤལ་དཔྱོད་ལྡན་མགྲིན་པ་དོག་པོར་བྱས་པ་སྔོན་དུ་བཏང་སྟེ། བདག་ཉིད་ཀྱི་སྨྲ་བའི་ལམ་ཅུང་ཟད་ཡངས་པར་བྱས་ཏེ་སྐབས་ཀྱི་དོན་གསོལ་བར་བྱ་བ་ནི། དེའང་ཇི་སྐད་དུ། ྋརྒྱལ་བ་ཀུན་གྱི་སྙིང་རྗེ་ཡི་ནི་སྤྱི་ཡི་གཟུགས་གྱུར་ཚད་མེད་ནམ་མཁའི་དཀྱིལ་འཁོར་མཐའ་ལྟར་རབ་ཏུ་ཆེས་ཡངས་འཇིག་རྟེན་ལ་ནི་མངོན་པར་དབང་ཕྱུག་ཅིང༌།། མཐའ་བྲལ་དཔག་ཏུ་མེད་པ་གངྒཱའི་ཀླུང་གི་རྡུལ་ཚོགས་གྲངས་ལས་རིང་པོར་ཡོངས་བརྒལ་རྒྱུད་ལྔའི་སེམས་ཅན་ཁམས་ཀྱི་མགོན་པོ་གཅིག་པུ་དེ་ནི་པདྨའི་མཚན།། སྒྲིབ་མུན་མིང་དུ་གཏན་བཅོམ་ཡེ་ཤེས་སྣང་བའི་མཛོད་དུ་འབར་བའི་སངས་རྒྱས་ས་ལ་ཐོག་མ་མེད་ནས་མངོན་པར་ཕྱིན་ཀྱང་ཐུབ་པ་ཆེན་པོ་བཅོམ་ལྡན་གྱི།། ཟབ་རྒྱའི་འཕྲིན་ལས་འབུམ་སྡེའི་སྒོ་བརྒྱ་འབྱེད་ལ་ཁྱད་པར་ཅན་གྱི་སེམས་དཔའི་ངང་ཚུལ་གྲུ་འཛིན་ཞིང་བདག་རྡོ་རྗེའི་ཉི་མར་འདུད་དོ་བརྩེ་བས་རྗེས་གཟུང་མཛོད།། ཅེས་ཇི་སྐད་གསུངས་པ་ལྟར། ཕྱོགས་བཅུའི་རབ་འབྱམས་ཞིང་གི་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་བརྩེ་བ་སྙིང་རྗེ་ཆེན་པོ་གཅིག་ཏུ་འདུས་པའི་སྤྱི་གཟུགས་ཚད་དང་གྲངས་ཀྱིས་གཞལ་བར་མི་སྤྱོད་པའི་མཐའ་བྲལ་ནམ་མཁའི་དཀྱིལ་འཁོར་ཡངས་པའི་རྗེས་སུ་སོང་བའི་འཇིག་རྟེན་གྱི་ཁམས་ཀུན་གྱི་སྐྱེ་འཇིག་གནས་འགྱུར་ཀུན་གྱི་བྱེད་པོའི་དབང་ཕྱུག་ཆེན་པོ། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་ལས་ཡོངས་སུ་བརྒལ་བའི་རྒྱུད་ལྔ་རིགས་དྲུག་ཏུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་མགོན་པོ་གཅིག་པུ་གང་ལ་པད་དཀར་འཆང་བའི་མཚན་གྱིས་མཛེས་ཤིང༌། ཉོན་ཤེས་སྒྲིབ་པའི་མུན་པ་མཐའ་དག་སླར་མི་སྐྱེ་བའི་ཆོས་ཅན་དུ་བཅོམ་པའི་ཀུན་མཁྱེན་ཡེ་ཤེས་སྣང་བའི་འོད་སྟོང་འབར་བའི་ཟག་བྲལ་ཆོས་ཀྱི་སྐུ་མངོན་པར་རྫོགས་པར་སངས་རྒྱས་པའི་ས་ལ་གདོད་མ་ཉིད་ནས་མངོན་པར་གཤེགས་ཏེ་ྋརྒྱལ་བ་ཀུན་གྱི་ཡང་མེས་སུ་བཞུགས་ཀྱང༌། ཐུགས་བསྐྱེད་དང་སྨོན་ལམ་ཁྱད་པར་ཅན་གྱིས་ཉེ་བར་བསྐུལ་ཏེ་དུས་གསུམ་གྱི་ཐུབ་པ་སངས་རྒྱས་ཐམས་ཅད་ཀྱི་ཟབ་པ་དང་རྒྱ་ཆེ་བའི་འཕྲིན་ལས་མུ་མཐའ་མེད་པའི་སྒོ་བརྒྱ་འབྱེད་པའི་བྱེད་པོ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ངང་ཚུལ་གྱིས་གྲུ་འཛིན་ཞིང་གི་བདག་པོར་བཞུགས་པའི་འཕགས་མཆོག་མིག་མི་འཛུམས་པ་གང་ཉིད་དམུ་རྒོད་གདུལ་དཀའི་སྙིགས་དུས་ཀྱི་འགྲོ་བ་འདྲེན་པའི་སླད་དུ་གསུམ་ལྡན་ངུར་སྨྲིག་འཛིན་པའི་ཤ་ཚུགས་སུ་བྱོན་པ། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་མཚན་ཡོངས་རྫོགས་ཀྱི་མངའ་བདག བདག་གི་བཀྲིན་གསུམ་ལྡན་གྱི་མཁན་རིན་པོ་ཆེའི་ཞལ་སྔ་ནས། དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་ནས་སྨོས་ན་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ྋཞབས་སེན་སྲིད་ཞིའི་མཆོད་སྡོང་དགེ་ལེགས་འདོད་པ་ཀུན་འཇོ་ལྷ་བཅས་ཆེ་རྒུའི་གཙུག་གི་ཅོད་པཎ་བརྩེགས་པའི་རྡོ་རྗེའི་ཁྲི་འཕང་སྲིད་ན་མངོན་པར་མཐོ་བའི་དྲུང་དུ། མགོན་པོ་གང་ཉིད་ཀྱི་ངོ་མཚར་རྨད་དུ་བྱུང་བའི་འཕྲིན་ལས་ཀྱི་ཞོ་ཤས་རྟག་ཏུ་འཚོ་བའི་གུས་འབངས་སྐྱབས་འོག་པ་བོད་བཙན་བྱོལ་མང་གཙོའི་གཞུང་དགའ་ལྡན་ཕོ་བྲང་པའི་ཁྲིམས་འཛིན་དང༌། ཁྲིམས་བཟོ། འཛིན་སྐྱོང་བཅས་ཀྱི་སྡེ་ཚན་སོ་སོར་གཏོགས་པའི་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་མཚོན་སྲི་ཞུ་ཞབས་གྲས་སུ་གཏོགས་པ་སྤྱི་མགྲིན་དང༌། གཞིས་བྱེས་བོད་འབངས་ལྷ་སྡེ་མི་སྡེ་མགྲིན་གཅིག་ནས་དད་གསུམ་ཟླ་བའི་འོད་ཀྱིས་དམ་པོར་བཅིངས་པའི་སོར་བཅུའི་ཀུནྡའི་འདབ་མ་ཚངས་གནས་སུ་ཟུམ་པ་དང་ཆབས་ཅིག་ལུས་ཀྱི་འཁྲི་ཤིང་ས་ལ་ཕབ་པའི་གུས་ཕྱག་གི་དངོས་པོ་འབུམ་ཕྲག་དང་བཅས་རྒྱ་མཚོའི་གྲངས་ཀྱི་ཡན་ལག་སྔོན་དུ་བཏང་སྟེ་མངོན་འདོད་ཀྱི་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་སྙིང་པོ་ནི། དེའང་ཇི་སྐད་དུ། དཔལ་ལྡན་ཟླ་བས། གང་ཕྱིར་ནམ་མཁའ་དྲི་མ་མེད་ལ་ཟླ་སྣང་གསལ་བར་གྱུར་པའི་ཕྱིར།། སྔོན་ཚེ་སྟོབས་བཅུ་སྐྱེད་པའི་ས་ལ་ཁྱེད་ཀྱིས་སླར་ཡང་འབད་གྱུར་ཅིང༌།། འོག་མིན་དུ་ནི་གང་གི་དོན་དུ་འབད་གྱུར་གོ་འཕང་མཆོག་ཞི་བ།། ཡོན་ཏན་མཐའ་དག་མཐར་ཐུག་མཚུངས་པ་མེད་དེ་ཁྱོད་ཀྱིས་བརྙེས།། ཞེས་ཇི་སྐད་གསུངས་པ་ལྟར། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་མགོན་པོ་ཐུགས་རྗེའི་གཏེར་ཆེན་གང་ཉིད་ནི་བསྐལ་པ་དགུ་བརྒྱ་དགུ་བཅུ་གོ་གཅིག་འདས་པའི་སྔ་རོལ་ཡུལ་སྒྲ་གཅན་དུ་རྒྱལ་པོ་འཇིག་རྟེན་དབང་ཕྱུག་གི་སྐུར་འཁྲུངས་པའི་དུས་ནས། བརྩེ་ཆེན་སྙིང་རྗེ་ཆེན་པོའི་ཉེར་ལེན་ལ་བརྟེན་པའི་བྱང་ཆུབ་ཀྱི་ཐུགས་ཀྱིས་ཉེ་བར་བསྐུལ་ཏེ་ཕ་རོལ་དུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་ལ་སོགས་པའི་བྱ་དཀའ་བའི་རྒྱལ་སྲས་ཀྱི་སྤྱོད་པ་མཐའ་དག་ལ་བསླབས་ཏེ་ཚོགས་གཉིས་རྫོགས་སྨིན་བྱང་གསུམ་གྱི་སྒོ་ནས་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་ཏེ་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་མཐའ་དག་ཡོངས་སུ་རྫོགས་པའི་མཚུངས་པ་མེད་པའི་གོ་འཕང་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་ས་ལ་མངོན་པར་གཤེགས་ཟིན་ནའང༌། སླར་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཅེས་མཚན་གྱི་གཟིས་ཀྱང་སྲིད་ཞིའི་གདུང་བ་འཕྲོག་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚུལ་བཟུང་སྟེ་μི་བོ་ལྟ་བུའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐུགས་དམ་དུ་བཟུང་ཞིང༌། གང་གི་དབང་པོའི་སྒོ་དང་བ་སྤུའི་བུ་ག་རྣམས་སུའང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོའི་བཀོད་པ་སྒྱུ་འཕྲུལ་དྲྭ་བའི་ཚུལ་དུ་བཀོད་ནས་སངས་རྒྱས་དང་བྱང་སེམས། ཉན་ཐོས་དང་རང་རྒྱལ། ཚངས་པ་དང་བརྒྱ་སྦྱིན། འཁོར་ལོས་སྒྱུར་བའི་རྒྱལ་པོ། ཚོང་དཔོན་དང་ཁྱིམ་བདག ཐ་ན་བྱ་དང་རི་དྭགས། རྫིང་དང་ཟམ་པ་ཚུན་ཆད་ཀྱིས་གང་ལ་གང་འདུལ་གྱི་སྤྲུལ་པའི་རོལ་པ་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་སྒོ་ནས་ནམ་མཁའ་ཇི་སྲིད་ཀྱི་བར་དུ་སེམས་ཅན་གྱི་དོན་ཇི་ལྟར་མཛད་པའི་ཚུལ་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་དང༌། མདོ་སྡེ་པད་དཀར། ཟ་མ་ཏོག་བཀོད་པའི་མདོ། དཀོན་མཆོག་བརྩེགས་པའི་མདོ། པདྨའི་དྲྭ་བ་ཅན་གྱི་རྒྱུད། བཀའ་གདམས་གླེགས་བམ། རྒྱལ་པོའི་བཀའ་འབུམ་ལ་སོགས་པའི་མདོ་རྒྱུད་བསྟན་བཅོས་མཐའ་ཡས་པ་ནས་ཇི་ལྟར་གསུངས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་དེ་དག་ནི་སྟོབས་བཅུ་མངའ་བ་རྣམས་ཀྱིས་དག་པ་ཡེ་ཤེས་ཀྱི་གཟིགས་པ་ཉག་ཅིག་ལས། ཚུ་རོལ་མཐོང་བའི་བདག་ལྟ་བུས་བསམ་བརྗོད་ཀྱི་ཡུལ་དུ་ག་ལ་ཞིག ཐུན་མོང་གདུལ་བྱའི་སྣང་ངོར་སྒྲོན་མེའི་བསྐལ་པ་བཟང་པོ་འདིའི་དབང་དུ་བྱས་ནའང༌། ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང༌།། སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༌།། གང་ལ་གང་འདུལ་དེ་ལ་དེར་སྟོན་པ།། བཙུན་པ་སྤྱན་རས་གཟིགས་ཞེས་གསུངས་པ་ལྟར། མཆོག་གི་སྤྲུལ་སྐུའི་མཛད་པ་ཅན་གྱི་སངས་རྒྱས་སྟོང་དང༌། དམ་པའི་ཆོས་ཀྱི་སྣོད་དུ་མ་གྱུར་པའི་སྐྱེ་རྒུ་ཁྲིམས་དང་རྒྱལ་ཐབས་ཀྱིས་འདུལ་བ་རྣམས་ཀྱི་ཆེད་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་ལ་སོགས་པ་གདུལ་བྱའི་ཁམས་མོས་བསམ་པ་བག་ལ་ཉལ་དང་ཡོངས་སུ་འཚམས་པའི་གང་ལ་གང་གིས་འདུལ་བའི་གདུལ་བྱ་ལ་དེ་དང་དེའི་རྣམ་པར་རོལ་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་སྟོན་པར་མཛད་ཅིང༌། སར་གནས་ཀྱི་བྱང་ཆུབ་སེམས་དཔའི་ཚུལ་དུའང་སངས་རྒྱས་འཁོར་བ་འཇིག་གི་བསྟན་པ་ལ་རྒྱལ་བུ་རྡོ་རྗེ་དང༌། སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ་རྒྱལ་པོ་ཆོས་ཀྱི་སེངྒེ༌། སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རྒྱལ་པོ་བྱང་ཆུབ་ཐུགས་ལྡན་གྱི་སྐྱེ་བ་བཞེས་ནས་རྣམ་འདྲེན་བཞི་པའི་བསྟན་པ་ལ་བོད་ཀྱི་ཡུལ་དུ་ཆོས་སྤེལ་བའི་ཐུགས་སྨོན་མཛད་པ་དང༌། སྟོན་པ་ཟས་གཙང་སྲས་ཀྱི་བསྟན་པ་འདིའི་དབང་དུ་བྱས་ནའང་འཇམ་དཔལ་རྩ་བའི་རྒྱུད་དང༌། ལང་ཀར་གཤེགས་པའི་མདོ་སོགས་ནས་ཇི་ལྟར་བྱུང་བ་བཞིན་སྟོན་པའི་སྤྱན་སྔར་བྲམ་ཟེའི་ཁྱེའུ་སྣང་བ་ནས་ཉེ་བར་བཟུང་ཆོས་རྒྱལ་དགེ་བ་དཔལ་གྱི་བར་འཕགས་པའི་ཡུལ་དུ་འཁྲུངས་རབས་མུ་ཏིག་གི་ཕྲེང་བ་ཚར་དུ་དངར་ཞིང༌། ཡང་སྒོས་བཀའ་གདམས་གླེགས་བམ་རིན་པོ་ཆེ་ལས། ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས།། གནས་དེ་ན་ཁྱེད་ཀྱི་ཞིང་ཁམས་ཡོད།། ཞིང་དེ་ན་ཁྱེད་ཀྱི་གདུལ་བྱ་ཡོད།།

ཅེས་སོགས་མང་དུ་གསུངས་པ་ལྟར། བླ་མ་དྲི་མ་མེད་པའི་དཔལ་ལྡན་དང༌། མཁའ་འགྲོ་མ་གསང་བ་ཡེ་ཤེས་ལ་སོགས་པའི་དཔའ་བོ་དང་དཔའ་མོ་དཔག་ཏུ་མེད་པས་མཐའ་འཁོབ་འདུལ་བའི་གསོལ་བ་བཏབ་པ་དང༌། རང་ཉིད་ཀྱིས་ཀྱང་ལྷག་པར་ཐུགས་བརྩེ་བ་ཆེན་པོས་འུ་ཅག་གངས་རིའི་ལྗོངས་ཀྱི་དམུ་རྒོད་ཀྱི་སྐྱེ་བོ་གདུལ་དཀའ་བ་རྣམས་ཕྱག་མཚན་དུ་བཞེས་ཏེ། ཐབས་ལ་མཁས་པའི་སྒྱུ་འཕྲུལ་གྱི་རོལ་གར་མཐའ་ལས་འདས་པས་སྤྲེའུ་བྱང་ཆུབ་སེམས་དཔའི་རྣམ་པར་རོལ་ཏེ་མིའི་འགྲོ་བ་སྤེལ་བ་ནས་བཟུང་རིམ་གྱིས་དམ་པའི་ཆོས་ཀྱི་སྣོད་དུ་རུང་བར་རྒྱུད་སྨིན་པར་མཛད་པ་དང༌། ཆོས་རྒྱལ་མེས་དབོན་རིམ་བྱོན་གྱི་རྣམ་པར་རོལ་ནས་དམ་པའི་ཆོས་ཀྱི་དབུ་བརྙེས། སྲོལ་གཏོད། དར་ཞིང་རྒྱས་པར་མཛད་པའི་སྒོ་ནས་བོད་ཡུལ་མུན་པའི་གླིང་དུ་སངས་རྒྱས་ཀྱི་བསྟན་པའི་འོད་ཀྱིས་གསལ་བར་མཛད། གཞན་ཡང་འབྲོམ་རྒྱལ་བའི་འབྱུང་གནས། ས་ཆེན་ཀུན་དགའ་སྙིང་པོ། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཞང་གཡུ་གྲགས་པ་ལ་སོགས་པའི་རྒྱལ་བློན་བྱང་སེམས་པཎ་གྲུབ་སྣ་ཚོགས་ཀྱི་སྐུའི་བཀོད་པས་ཐོག་མར་ཟང་ཟིང་གིས་བསྡུས། དེ་ནས་ཆོས་ལམ་དུ་འཛུད་དེ་མ་སྨིན་པ་སྨིན་པ་དང༌། སྨིན་པ་གྲོལ་བར་མཛད་པའི་ངང་ཚུལ་བསམ་བརྗོད་ཀྱི་ཡུལ་ལས་འདས། ལྷག་པར་གངས་རིའི་ལྗོངས་སུ་བསྟན་པ་ཕྱི་དར་གྱི་དུས་རབས་བཟང་པོ་ཡོངས་སུ་སྨིན་པ་ན་བོད་ལྗོངས་སྐྱེ་རྒུ་ཡོངས་རྫོགས་ཆོས་སྲིད་ལུགས་ཟུང་གི་གདུགས་དཀར་གཅིག་གི་གྲིབ་འོག་ཏུ་མངོན་པར་འདུ་བའི་ཉེར་བསྡོགས་ལ་ཉེ་བར་གཟིགས་ནས། བཀའ་གདམས་གླེགས་བམ་ལས། སྤྱན་རས་གཟིགས་དབང་བཟང་པོས་སྤྲུལ།། ཞེས་སོགས་ཇི་ལྟར་ལུང་བསྟན་པ་ལྟར། འཇམ་མགོན་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོའི་སྲས་ཀྱི་ཐུ་བོ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་དཔལ་བཟང་པོ་ནས་བཟུང་གསུམ་ལྡན་ངུར་སྨྲིག་འཛིན་པའི་སྐུའི་ཕྲེང་བ་བར་མ་ཆད་པར་རིམ་པར་བྱོན་ཏེ་གངས་ལྗོངས་སྐྱེ་རྒུ་རྣམས་སྐྱོང་བར་མཛད། ལྷག་པར་འཇམ་དཔལ་རྩ་བའི་རྒྱུད་ལས། ཡི་གེ་མ་ཞེས་གཞོན་ནུ་ཞེས།། དང་པོ་ཐ་མ་ཆོས་ལ་དགའ།། ཞེས་དང༌། བཀའ་གདམས་གླེགས་བམ་ལས། ང་ཕན་བདེའི་འབྱུང་གནས་རིན་ཆེན་ལ།། ཞེས་སོགས་ཇི་ལྟར་ལུང་གིས་བསྔགས་པ་བཞིན་ཐམས་ཅད་མཁྱེན་པ་སྐུའི་ཕྲེང་བ་ལྔ་པ་ཆེན་པོ་རྗེ་བཙུན་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལངས་ཚོའི་སྡེ་ཚངས་སྲས་བཞད་པའི་རྡོ་རྗེ་གདོང་དྲུག་སྙེམས་པའི་ལང་ཚོ་ཞེས་མཚན་སྙན་གྱི་བ་དན་སྲིད་པའི་ཁོངས་ལས་བརྒལ་བ་དེས་སིལ་བུར་གནས་པའི་བོད་འབངས་ཡོངས་རྫོགས་ཆོས་སྲིད་གསེར་གྱི་འཁོར་ལོས་མངའ་དབང་འདོད་རྒུར་བསྒྱུར་ཏེ་རྒྱལ་ཁབ་དང་མི་རིགས་ཀྱི་ངོས་འཛིན་སླར་གསོའི་ཐོག་ཆོས་དང་རིག་གཞུང༌། སྲིད་བྱུས་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་བདེ་དོན་སྒོ་གང་ས་ནས་དུས་རབས་དེའི་འཛམ་གླིང་གི་རྒྱལ་ཁམས་གཞན་ལས་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་དུ་མ་དང་ལྡན་པའི་ཆོས་སྲིད་གཉིས་ལྡན་གྱི་གཞུང་གནམ་བསྐོས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དབུ་འཛུགས་པ་མཛད་དེ་མཐའ་དབུས་ཀྱི་ཆབ་འབངས་སེར་སྐྱ་མཆོག་དམན་མཐའ་དག་རྫོགས་ལྡན་གསར་པའི་དགའ་སྟོན་ལ་སྤྱོད་པའི་གོ་སྐབས་སྦྱིན་པ་དང༌། རིས་སུ་མ་ཆད་པའི་ཆོས་ལུགས་དང་ཆོས་བརྒྱུད་རྣམས་ཉེ་རིང་མེད་པར་གཅིག་གྱུར་གྱིས་འཛིན་སྐྱོང་སྤེལ་བར་མཛད་པ་སོགས་མདོར་ན་མང་ཚོགས་ཀྱི་མངོན་འདོད་དང་མཐུན་པའི་ཆབ་སྲིད་སྐྱོང་ཚུལ་གྱི་གཞི་རྩ་བརྟན་པོ་ཚུགས་པར་མཛད་པའི་དབང་གིས་མི་ལོ་༣༦༠ འདས་པའི་དུས་ཡུན་དེའི་རིང་བོད་སྤྱིའི་སྲིད་དོན་གྱི་གནས་སྟངས་ལ་འཕར་འབུབ་དར་རྒུད་ཇི་འདྲ་ཞིག་བྱུང་ཡང་གཞུང་དགའ་ལྡན་ཕོ་བྲང་པའི་སྲིད་དབང་གི་རྒྱུན་ཆད་པ་མེད་པར་ད་ལྟའི་བར་གནས་ཐུབ་པ་འདི་བྱུང་བ་སོགས་ཀྱི་བཀྲིན་ནི་བརྗོད་པར་དཀའ་བ་མ་ཟད། དེ་ནས་བཟུང་ྋསྐྱབས་མགོན་གོང་མ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་བར་སྡོམ་བརྩོན་མཁས་གྲུབ་གཉིས་ལྡན་གྱི་སྐུའི་ཕྲེང་བ་ཟམ་མ་ཆད་པར་བྱོན་ནས་གངས་ལྗོངས་འགྲོ་བའི་ཕན་བདེའི་གཞི་རྩ་གཡོ་བ་མེད་པར་མཛད་པ་དང༌། ལྷག་པར་ཆེས་སྙིགས་དུས་ཀྱི་ཡང་མཐར་སོན་པའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར། ཇི་སྐད་དུ། སངས་རྒྱས་གྲངས་མེད་བྱོན་པས་མ་ཐུལ་བའི།། མ་རུངས་གདུལ་དཀའི་སྙིགས་དུས་འགྲོ་བ་ལ།། བདེ་གཤེགས་ལམ་བཟང་ཇི་བཞིན་སྟོན་མཛད་པའི།། སྐྱབས་མགོན་ཐུགས་རྗེ་ཅན་ཞེས་ཇི་ལྟར་གསུངས་པ་ལྟར། རྒྱལ་དང་རྒྱལ་སྲས་གཞན་གང་གིས་ཀྱང་གདུལ་བའི་ཡུལ་དུ་མ་གྱུར་པའི་ཆེས་དམུ་རྒོད་གདུལ་དཀའི་འགྲོ་བ་ཉམ་ཐག་པ་བདག་ཅག་རྣམས་ལ་ཐུགས་བརྩེ་བས་མི་འདོར་བར། འཇམ་མགོན་ཙོང་ཁ་པ་ཆེན་པོའི་འཁྲུངས་པའི་ཡུལ་དང་འདབ་ཆགས་པར། ཡབ་ཡུམ་རིགས་རུས་ཕུན་སུམ་ཚོགས་པའི་རྒྱུད་ལས་མཐོང་གྲོལ་མཚན་དཔེའི་ལང་ཚོ་གསར་དུ་བཞད། མགོན་པོ་གང་གི་ངོ་མཚར་རྨད་དུ་བྱུང་བའི་མཛད་སྤྱོད་དང༌། ལྷ་བླ་དུ་མའི་ལུང་བསྟན་རྩེ་མཐུན་གྱིས་འཁྲུལ་བྲལ་རྒྱལ་བའི་ཡང་སྲིད་དུ་ངེས་པ་བདེ་བླག་ཏུ་རྙེད་ནས་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་གི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་ྋཞབས་སེན་བཀྲིས་ཀྱི་རེ་ཁ་མངོན་པར་བཀོད། གཞོན་ནུ་ཉིད་ནས་ཕལ་གྱི་སྤྱོད་པ་ལས་རིང་དུ་འདས་པའི་དམ་པའི་རང་རྟགས་གསལ་བར་ངོམ་ཞིང༌། མཁས་ཤིང་གྲུབ་པའི་ཡོངས་འཛིན་དུ་མ་རིགས་ཀྱི་ཅོད་པཎ་དུ་བཞེས་ཏེ། དབྱེག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས།། སྒོམ་པ་ལ་ནི་རབ་ཏུ་སྦྱོར།། ཞེས་བསྟན་པ་ལ་འཇུག་པའི་གོ་རིམ་ངེས་ཅན་དུ་མཛད་པ་དང་རྗེས་སུ་མཐུན་པར་སོ་སོར་ཐར་པའི་ཚིགས་སྔ་ཕྱིའི་སྡོམ་པ་རིམ་གྱིས་བཞེས་ཏེ་བཅས་མཚམས་ཕྲ་མོ་ལས་ཀྱང་མི་འདའ་བར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པའི་གནས་བརྟན་འདུལ་བ་འཛིན་པའི་ངང་ཚུལ་ལྷུར་བཞེས་ཤིང༌། གཞུང་ཆེན་བཀའ་པོད་ལྔ་སོགས་ནང་དོན་དང༌། གཏན་ཚིགས་རིག་པ་གཙོ་བོར་གྱུར་པའི་བཅུ་ཕྲག་རིག་པའི་གནས་ཡན་ལག་དང་བཅས་པ་ལ་ཕྱོགས་རེ་བ་དང་རགས་པ་རེ་ཙམ་གྱིས་ཚིམ་པར་མ་མཛད་པར་དཔྱད་གསུམ་རྣམ་པར་དག་པའི་རིགས་ལམ་ནས་དྲངས་པའི་གསན་བསམ་གྱི་ཕུ་ཐག་ཡོངས་སུ་གཅོད་པར་མཛད། རིས་སུ་མ་ཆད་པའི་ཆོས་བརྒྱུད་རྣམས་ཀྱི་དབང་ལུང་བཀའ་འཁྲིད་མན་ངག་གི་རིམ་པ་ཇི་སྙེད་ཅིག་བཞུགས་པ་ཐམས་ཅད་རིམ་གྱིས་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་དང་སྒོམ་སྒྲུབ་མཛད་བཞིན་པའི་མུར། སྐྱེ་རྒུའི་བསོད་ནམས་མ་ཡིན་པའི་འབྲས་བུ་དུས་སུ་བདོ་བའི་དུས་འགྱུར་མི་བཟད་པའི་དབང་གིས་གངས་ལྗོངས་ཆོས་སྲིད་འཕྲིན་ལས་ཀྱི་ཁ་ལོ་མངོན་པར་སྒྱུར་བའི་ནུས་མཐུ་མགོན་པོ་གང་ཉིད་ལས་གཞན་སུ་ལའང་མ་མཆིས་པར་མངོན་གསལ་དུ་གྱུར་པ་ན། བོད་ལྗོངས་ལྷ་མི་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྐུ་ཡི་ལང་ཚོ་ཆེས་ཆེར་ཕྲ་ཡང༌། དུས་འགྱུར་སྲིན་པོའི་ཟློས་གར་ཡ་ང་བའི་ངང་ཚུལ་ལའང་ཇི་མི་སྙམ་པར་ཐུགས་རྗེ་དང་སྙིང་སྟོབས་ཀྱི་ཡ་ལད་བཙན་པོས་གངས་ལྗོངས་ཆབ་སྲིད་གསེར་གྱི་འཁོར་ལོ་ཕྱག་མཚན་དུ་བཞེས་ཏེ་ཛ་དྲག་དང་ཡ་ངའི་གནས་ཚུལ་གང་ལའང་ཞུམ་པ་མི་མངའ་བར་སྐྱེ་རྒུའི་བདེ་ཐབས་ཁོ་ནར་ཉིན་མཚན་དུ་གཞོལ་བར་མཛད། བོད་ཤར་ཕྱོགས་ནས་ལོག་སྨོན་ཀླ་ཀློའི་དཔུང་གིས་བཙན་གནོན་བྱུང་བ་ན་འཕགས་པའི་ལྗོངས་ཀྱི་ས་མཚམས་དང་ཐག་ཉེར་རེ་ཞིག་ཆིབས་ཀྱི་ཁ་ལོ་བསྒྱུར་ཅིང༌། ཐབས་མཁས་འཕྲུལ་མཛངས་ཀྱི་མཛད་པ་རླབས་པོ་ཆེའི་སྒོ་ནས་དམག་འཁྲུག་ཁྲག་སྦྱོར་གྱི་ཡ་ང་བའི་ཉེན་ཁ་ལྡོག་སྟེ། ཆིངས་མཐུན་ཞི་འགྲིགས་ལམ་ནས་གནས་སྐབས་ཛ་དྲག་གི་འཇིགས་པ་ལས་གྲོལ་བར་མཛད། རིང་མིན་མཧཱ་ཙིའ་ནའི་ཡུལ་དང་འཕགས་ཡུལ་ཆོས་ཀྱི་ཞིང་ས་སོ་སོར་རིམ་བཞིན་ྋཞབས་སོར་བཀྲིས་ཀྱི་རེ་ཁ་མངོན་པར་བཀོད་དེ། སྐུ་ཡི་ལང་ཚོ་པདྨའི་མྱུ་གུ་ལྟར་ཆེས་ཆེར་ཕྲ་ཡང༌། རྣམ་དཔྱོད་ཚངས་པ་རྒན་པོ་སྟོང་གིས་ཀྱང་འགྲན་པར་མི་བཟོད་པའི་གཟི་བྱིན་ལྷག་པར་ངོམ་པས་དུས་རབས་ཉི་ཤུ་པའི་ནང་ཆེས་ཆེ་བར་གྲགས་པའི་སྐྱེ་རྒུ་མིའི་ཁྱུ་མཆོག་ཏུ་རློམ་པ་རྣམས་ཀྱང་ཉི་མས་མེ་འཁྱེར་བཞིན་མོག་མོག་པར་མཛད་དེ་ངོ་མཚར་དང་དད་པའི་ས་ལ་བཀོད་ཅིང༌། དད་ལྡན་གྱི་སྐྱེ་རྒུ་གྲངས་ལས་འདས་པར་མཐོང་ཐོས་དྲན་རེག་ཙམ་གྱིས་ཀྱང་མངོན་མཐོ་ངེས་ལེགས་ཀྱི་ས་བོན་གྲུང་པོ་བསྐྲུན་པར་མཛད། དེ་ལྟར་ཐག་རིང་ཡུལ་གྲུ་ཁག་ཏུ་ཆིབས་ཀྱི་ཁ་ལོ་མངོན་པར་སྒྱུར་བའི་འགྲུལ་བཞུད་དང༌། ཆོས་ལྡན་རྒྱལ་ཐབས་འཕྲིན་ལས་ཀྱི་མཛད་སྒོ་མུ་མཐའ་མེད་པའི་ནང་བཞུགས་བཞིན་པར་གཞུང་ཆེན་གསན་བསམ་གྱི་མཛད་རིམ་རྣམས་བར་མ་ཆད་པར་རྒྱུན་ཆགས་སུ་མཛད་ཅིང༌། གསན་བསམ་རྒྱ་མཚོའི་ཕ་རོལ་དུ་སོན་པའི་དན་རྟགས་སུ་གངས་ཅན་གྱི་གདན་ས་ཆེན་པོ་གསུམ་དང༌། ཆོ་འཕྲུལ་སྨོན་ལམ་བཅས་སུ་གྲྭ་སྐོར་དམ་བཞེས་མཛད་དེ། མཁས་ཀུན་མགུ་བ་བསྐྱེད་པའི་ལེགས་བཤད་ཀྱི་སྐྱེས་བཟང་སྔ་ན་མེད་པ་བློ་གསལ་རྣ་བའི་དཔྱིད་དུ་སྤྲོ་ཞིང༌། ཕས་ཀྱི་རྒོལ་བ་མཐའ་དག་དྲི་མ་མེད་པའི་ལུང་རིགས་ཀྱིས་དཔའ་བསྐོངས་ཏེ་མི་སྨྲ་བའི་གནས་ལ་བཀོད། གཞན་ཡང་སྐལ་བ་དང་ལྡན་པའི་གདུལ་བྱ་མང་པོ་ལ་ཟབ་རྒྱས་ཆོས་ཀྱི་དགའ་སྟོན་རྒྱ་ཆེན་པོ་དང༌། ལྷག་པར་གསང་བདེ་འཇིགས་གསུམ་དང༌། རྒྱུད་སྡེ་གཞན་དང་བཤད་ཚུལ་མི་མཐུན་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར་རྒྱུད་བཤད་སོགས་སྔོན་བྱོན་གྱི་བསྟན་འཛིན་མཁས་གྲུབ་གྲགས་ཅན་བགྲེས་སོང་དག་གིས་ཀྱང་རྔོ་ཐོགས་པར་དཀའ་བའི་འཆད་རྩོད་རྩོམ་གསུམ་གྱི་རླབས་པོ་ཆེའི་མཛད་བཟང་གི་སྒོ་འཕར་དུས་གཅིག་ཏུ་ཕྱ྄ེ་བ་ན་སྐྱེ་རྒུ་མཐའ་དག་ཡ་མཚན་གྱི་གནས་སུ་གྱུར། དེ་ལྟ་ནའང་བདག་ཅག་དམུ་རྒོད་ཀྱི་འགྲོ་བའི་བསོད་ནམས་མ་ཡིན་པའི་འབྲས་བུ་དུས་སུ་བདོ་བའི་ངང་ཚུལ་ལྡོག་ཏུ་མེད་པ་ཐོག་ཏུ་བབས་ཏེ་གངས་ལྗོངས་བསྟན་སྲིད་དང་སྐྱེ་རྒུའི་བདེ་སྐྱིད་ཀྱི་པད་རྩ་བརྩེ་མེད་ཀླ་ཀློའི་དཔུང་གི་ངན་སྤྱོད་གདུག་རྩུབ་ཀྱི་རྡོ་རྗེའི་མེ་ཆར་དྲག་པོས་རྨེག་མེད་དུ་བཅོམ་པ་ཉིད་ནའང༌། མགོན་པོ་མཆོག་ནི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་གོ་ཆ་ལྷག་པར་བཞེས་ཏེ། སྐུ་ཡི་ངལ་བ་མཐའ་དག་ཁྱད་དུ་བསད་ནས་བོད་འབངས་སྐྱེ་རྒུའི་བདེ་དོན་ཉག་གཅིག་ཐུགས་དབུས་སུ་བཅངས་ཏེ་འཕགས་ཡུལ་ཆོས་ཀྱི་ཞིང་སར་ྋཞབས་སོར་བཀྲིས་ཀྱི་རེ་ཁ་མངོན་པར་བཀོད། གང་ལ་རེ་བའི་མིག་འབུར་རྩེ་གཅིག་ཏུ་བཏད་དེ་ཕེབས་རྗེས་སུ་བསྙེགས་པའི་སེར་སྐྱ་ཕོ་མོ་རྒན་བྱིས་ཁྲི་ཕྲག་མང་པོ་འཕགས་པའི་ཡུལ་འདིར་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པས་དབུགས་ཕྱུང་ཞིང༌། ཟས་གོས་གནས་མལ་གྱིས་མི་ཕོངས་པར་མཛད་པའི་ཁར། མ་འོངས་བསྟན་པའི་མེ་རོ་སླར་གསོའི་དམིགས་རྟེན་ཆོས་བྱེད་དགེ་འདུན་པ་རྣམས་དགོན་སྡེ་དང་གདན་ས་ཁག་རིམ་པས་གསར་འཛུགས་ཀྱིས་ཆོས་སྤྱོད་བཤད་སྒྲུབ་ཀྱི་བྱ་བ་ཅི་དགར་དུ་འཇུག་པའི་གོ་སྐབས་དང༌། ལོ་རྒས་ནད་གཅོང་ཅན་རྣམས་ལ་རྒས་གསོ་དང་སྨན་བཅོས། དར་མ་ལས་འཕེར་རྣམས་ལ་སོ་སོའི་ཁམས་དབང་དང་མཐུན་པའི་ལས་དོན་དང༌། ན་གཞོན་ཡར་སྐྱེས་ཅན་རྣམས་ལ་ཕྱི་ནང་གི་རིག་གཞུང་སྤྱི་དང༌། ལྷག་པར་བོད་ཀྱི་རིག་གཞུང་གཙོ་བོར་གྱུར་པའི་སློབ་སྦྱོང་གི་གོ་སྐབས་བཟང་པོ་སྩོལ་བར་མཛད། ལྷག་པར་བོད་ལྗོངས་བསྟན་སྲིད་ཀྱི་མེ་རོ་སླར་གསོའི་སོན་རྩར་མགོན་པོ་ཐུགས་རྗེའི་གཏེར་ཆེན་གང་ཉིད་ཀྱིས་ཡང་དག་པའི་དབུ་ཁྲིད་འོག་བྱེས་འབྱོར་སྲིད་གཞུང་གི་སྒྲིག་འཛུགས་དང༌། བོད་མི་རྣམས་ཕུགས་འཕེར་གཞིས་སྒར་ཁག་ཏུ་མཉམ་སྡོད་ཐུབ་ཐབས་སུ་སོ་ནམ་དང་བཟོ་ལས་གཞིས་སྒར་དང༌། ལས་རིགས་ཀྱི་སྡེ་ཚན། ཆོས་སྡེ་དང༌། རིག་གཞུང་ཉམས་ཞིབ་དང༌། གཙུག་ལག་སློབ་ཁང༌། སློབ་གྲྭ ལག་ཤེས་བཟོ་རིགས། འཚོང་འཁོས་འདུ་འགོད་སོགས་རྒྱ་ཆེ་མུ་མེད་ཀྱི་ལས་དོན་དུ་མ་ཞིག་རང་ཡུལ་ཕྲ་ཚུགས་ཡོད་པའི་དུས་སྐབས་ལས་ཀྱང་ལྷག་པ་ལྟ་བུའི་མཛད་བཟང་གི་བཀྲིན་ཟླ་མེད་པར་སྐྱོང་བར་མཛད། ལྷག་པར་རིང་མོ་ཞིག་ནས་ཐུགས་ལ་བརྣག་པའི་འདོད་དོན་བོད་ལྗོངས་ཆབ་སྲིད་ཀྱི་འཛིན་སྐྱོང་མང་གཙོའི་ལམ་དུ་བསྒྱུར་སླད་ཕྱི་ལོ་༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་བསྐྱངས་པ་དང༌། རིམ་བཞིན་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་སྔ་རྗེས་གསལ་བསྒྲགས་མཛད་པ་དང་བསྟུན་བཙན་བྱོལ་བོད་མི་རྣམས་ལ་མང་གཙོའི་ལྟ་བའི་སློབ་སྟོན་རྒྱུན་ཆད་མེད་པར་མཛད་ཅིང༌། ཕྱི་ལོ་༡༩༩༠ ལོར་སྐབས་བཅུ་པའི་སྤྱི་འཐུས་དང་སྔོན་སྲོལ་བཀའ་ཤག་བཅས་པ་ཕྱིར་བསྡུ་མཛད་དེ་བཀའ་བློན་འོས་འདེམས་དང༌། སྤྱི་འཐུས་གྲངས་སྤར། ད་ལྟ་ནས་ཆ་ཚང་ལག་བསྟར་ཐུབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཟིན་བྲིས་གསོལ་བསྩལ་མཛད་ཅིང༌། སྐབས་བཅུ་གཅིག་པའི་སྤྱི་འཐུས་དམ་འབུལ་ཞུས་པ་ནས་བཟུང་བཅའ་ཁྲིམས་ལྡན་པའི་མང་གཙོའི་ལམ་སྲོལ་ཚད་ལྡན་ཞིག་ནང་མང་ཚོགས་ཀྱི་བསམ་བློའི་གནས་ཚད་ལོངས་མིན་ལ་མ་ལྟོས་པར་བཙན་ཐབས་སུ་འཁྲིད་པར་མཛད། སླར་ཡང་ཕྱི་ལོ་༢༠༠༡ ལོར་བཅའ་ཁྲིམས་བསྐྱར་བཅོས་མཛད་དེ་གཞུང་གི་འཛིན་སྐྱོང་འགོ་ཁྲིད་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱ་དགོས་གནང་བ་བཅས་ནི་འཇིག་རྟེན་ནང་མང་གཙོའི་འགྱུར་འགྲོས་ཀྱི་བྱུང་བའི་ནང་སྔར་མ་གྲགས་པའི་མཛད་བཟང་རླབས་པོ་ཆེ་བསྐྱངས་པར་མཛད། གཞན་ཡང་འདས་པའི་ལོ་ངོ་བཅུ་ཕྲག་བཞི་བརྒལ་བའི་དུས་ཀྱི་ཆར། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་སྔོན་གྱི་དམ་པ་རྣམས་ཀྱི་ཞབས་ཀྱིས་མ་བཅག་པའི་ས་ཕྱོགས་དུ་མར་མགོན་པ་གང་ཉིད་ནས་ཡང་ནས་ཡང་དུ་ྋཞབས་སོར་ཕན་བདེའི་འོད་རླབས་འབར་བས་དགེ་ལེགས་སུ་མཛད་ཅིང༌། ཆོས་སྲིད་ལུགས་ཟུང་གི་འཕྲིན་ལས་རླབས་པོ་ཆེ་སྤྱི་དང༌། ཁྱད་པར་གང་འཚམས་ཆོས་ཀྱི་དགའ་སྟོན་ཟད་མི་ཤེས་པས་སྐྱེ་རྒུ་ཀུན་གྱི་ཡིད་ཀྱི་རེ་བ་ལེགས་པར་བསྐངས་ཏེ་རིང་མོའི་དུས་ནས་བོད་དང་ནང་ཆོས་ཀྱི་གནས་ཚུལ་མིང་ཙམ་རྣ་བར་མ་སོན་པའི་འགྲོ་བ་གྲངས་ལས་འདས་པ་ཞིག་མི་ལྡོག་པའི་དད་པའི་ས་ལ་བཀོད་ཅིང༌། བོད་ཀྱི་བརྩེ་བའི་མཛའ་གྲོགས་སུ་བསྒྱུར། ཡང་སྒོས་ཕྱི་ལོ་༡༩༨༧ ལོར་བོད་ཀྱི་རྩ་དོན་འགྲིགས་ཆགས་ཀྱི་ཐབས་ལམ་དུ་ཞི་བའི་དོན་ཚན་ལྔ་དང༌། ཕྱི་ལོ་༡༩༨༨ ལོར་ཡོ་རོབ་གྲོས་ཚོགས་སུ་བསྩལ་བའི་གྲོས་འཆར་བཅས་འཇིག་རྟེན་གྱི་དཔྱོད་ལྡན་མཐའ་དག་སྙིང་ནས་མགུ་བ་བསྐྱེད་ནུས་པའི་ཆབ་སྲིད་ཀྱི་གྲོས་འཆར་རླབས་པོ་ཆེ་འདོན་པར་མཛད་པ་སོགས་མདོར་ན་དུས་དང་རྣམ་པ་ཀུན་ཏུ་ཕ་རོལ་པོའི་བསམ་སྦྱོར་ངན་པའི་གདུག་རྩུབ་ཇི་ཙམ་བདོ་བ་དེ་ཙམ་དུ་མགོན་པོ་མཆོག་གི་བྱམས་བརྩེ་སྙིང་རྗེའི་མཐུ་སྟོབས་ལྷག་པར་སྤེལ་ཏེ། འཚེ་མེད་ཞི་བའི་ལམ་འབའ་ཞིག་ལ་བོད་མི་རྣམས་དཀྲི་བར་མཛད་པའི་རླབས་ཆེན་གྱི་མཛད་བཟང་ཉི་ཤར་སྦར་མོས་མི་ཁེབས་པའི་གནས་ཚུལ་མངོན་བྱུང་ལ། འཇིག་རྟེན་ཆེ་རྒུ་ཡོངས་ཀྱི་ཡིད་དབང་འཕྲོགས་ཏེ་ཕྱི་ལོ་༡༩༨༩ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱང་མགོན་པོ་གང་ཉིད་ལ་ཕུལ་བ་བཅས་པུར་རྒྱལ་བོད་ཀྱི་བྱུང་བའི་ནང་སྔར་མེད་པའི་ལེའུ་གསར་པ་གསེར་སྦྱངས་བཙོ་མའི་ཡི་གེར་འབྲི་བར་འོས་པ་དེ་དག་བསྣན་པར་མཛད། དེ་ལྟར་ཆབ་སྲིད་ཀྱི་མཛད་འཆར་ཆུ་གཉེར་ལྟར་ཟད་མི་ཤེས་པའི་བར་སེང་ནས་དོན་གཉེར་ཅན་གྱི་སྐལ་ལྡན་མང་པོར་མདོ་སྔགས་ཟབ་རྒྱས་ཀྱི་ཆོས་ཆར་རྒྱ་ཆེན་རྒྱུན་མི་ཆད་དུ་བསྩལ་བ་སྤྱི་དང༌། ཁྱད་པར་སྔོན་བྱོན་འཕགས་བོད་ཀྱི་མཁས་གྲུབ་སུ་ཞིག་གི་རྣམ་པར་ཐར་པ་བློ་ཆུང་བདག་གིས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་རྣམས་ཀྱི་ནང་ཀུན་མཁྱེན་སྒྲོལ་བའི་མགོན་པོ་ཙམ་མ་གཏོགས་གཞན་སུས་ཀྱང་དཔལ་དུས་ཀྱི་འཁོར་ལོའི་སྨིན་བྱེད་དབང་བསྐུར་གྱི་རིམ་པ་ལན་གྲངས་འདི་ཙམ་གནང་བར་མ་ཐོས་ཤིང༌། ཏཱ་ར་ནཱ་ཐས་དབང་བསྐུར་གྱི་ལན་གྲངས་མང་དུ་མཛད་པར་གྲགས་ནའང༌། སྐུ་ཚེའི་ཧྲིལ་པོའི་གདུལ་བྱའི་གྲངས་འབོར་གཅིག་ཏུ་བསྡོམས་རུང༌། མགོན་པོ་གང་གི་དབང་བསྐུར་ལན་གཅིག་གི་གདུལ་བྱའི་འདུ་ཚོགས་ཆ་ཤས་ཙམ་ལའང་འགྲན་པར་མི་བཟོད་ཅིང༌། འཕགས་བོད་ཡུལ་གྲུ་ཙམ་མ་ཟད། ཐག་རིང་ནུབ་གླིང་རྣམས་སུའང་དབང་བསྐུར་རྒྱུད་བཤད་མཛད་པའི་རྣམ་ཐར་འདི་ལྟ་བུ་ནི་སྔོན་མ་བྱུང་ཞིང༌། ཕྱིས་ཀྱང་འབྱུང་བར་དཀའ་བའི་གནས་ཚུལ་ལོ་རྒྱུས་ཡིག་ཚང་དུ་འཇོག་འོས་པ་ལགས་ཤིང༌། ཁོ་བོ་ཅག་བྱིས་པའི་གནས་སྐབས་སུ་ཡབ་རྗེ་བླ་མ་དམ་པས། གལ་ཏེ་བོད་ལྗོངས་སྐྱེ་འགྲོའི་བསོད་ནམས་ཀྱིས་འཆུན་པ་ཡིན་ན་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འདི་ནི་རྒྱལ་བ་སྐུ་ཕྲེང་དང་པོ་དང༌། ལྔ་པ། བདུན་པ་གསུམ་གྱི་སྐུ་ཡོན་དང་མཛད་འཕྲིན་ཕྱོགས་གཅིག་ཏུ་བསྡོམས་པ་ལས་ཀྱང་ལྷག་པ་ཞིག་འབྱོན་པའི་རེ་བ་ཡོད་ཅེས་བཀའ་བསྩལ་བ་སྐབས་དེར་སྣང་ལ་མ་ངེས་ཙམ་ལས་མ་བྱུང་ཡང༌། ད་ཆ་རྡོ་རྗེའི་བཀའ་ལུང་དེ་ནི་དུས་གསུམ་གསལ་བར་གཟིགས་པའི་དྲང་སྲོང་བདེན་པའི་ཚིག་ཅིག་ཡིན་པ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་དེ་ལགས་ཤིང༌། ཉོན་མོངས་ཀྱི་གཞན་དབང་དུ་སོང་བའི་ཉམ་ཐག་ཐ་ཤལ་གྱི་སློབ་བུ་བདག་ལྟ་བུའང་བགྲང་བྱ་བཅུ་གསུམ་དུ་སོན་པའི་སྐབས་རྭ་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོའི་གསུང་ཆོས་རྭ་བར་དགྱེས་ཞལ་མཚན་དཔེའི་དཀྱིལ་འཁོར་ཐོག་མར་མཇལ་ཞིང༌། གསུང་གི་བདུད་རྩིའི་བགོ་བཤའ་དང་པོ་རྒྱལ་པོ་བྱམས་པའི་སྟོབས་ཀྱི་རྟོགས་བརྗོད་ལས་བརྩམས་པའི་སྐྱེས་རབས་ཀྱི་གསུང་ཆོས་ཐོབ་པ་ནས་བཟུང་རྒྱུ་མཚན་ཤེས་པའི་དད་པ་དང་མོས་པ་ཕྱིར་མི་ལྡོག་པ་ཐོབ་སྟེ་བསམ་པ་དང་སྦྱོར་བས་ཚུལ་བཞིན་དུ་བསྟེན་པ་ལ་སྒྱིད་མ་ལུག་ཙམ་དུ་གནས་ཐུབ་པའང་མགོན་པོ་ཉིད་ཀྱི་བཀྲིན་དུ་ཁུམས་ཤིང༌། དེ་ནས་བཟུང་གངས་ལྗོངས་སུ་བཞུགས་རིང་གི་མདོ་སྔགས་ཟབ་རྒྱས་ཀྱི་དམ་ཆོས་བསྩལ་ཏོ་ཅོག་ཕལ་ཆེར་ནོད་པའི་སྐལ་བཟང་ཐོབ་པ་མ་ཟད། ཕྱི་ལོ་༡༩༥༨ ལོར་དགུན་དུས་ཤིག་ཏུ་ནོར་གླིང་སྤྱན་སྲས་ཕོ་བྲང་ཆེན་པོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ལྗོངས་རྒྱུའི་མཇལ་མང་ཉིན་ཁོ་བོའང་དེར་བརྟོལ་བ་དུས་མཚུངས་པས་དགའ་ལྡན་པའི་གྲྭ་གསེབ་ཏུ་ཞུགས་ཏེ་གསེར་ཞལ་མཇལ་བའི་གོ་སྐབས་བླངས་པར་གྲལ་བང་ནས་གཟིམས་སྒོའི་ནང་དུ་ཚུད་ཉིད་ནས་སྤྱན་གྱིས་ཕུར་ཚུགས་སུ་གཟིགས་ཏེ་ཞལ་འཛུམ་མཛད་པར་དགའ་བ་དང་འཇིགས་དངངས་འགྲན་པའི་སྣང་བ་བན་བུན་གྱི་ངང་གསེར་ཁྲིའི་མདུན་ཕྱག་དབང་ཞུ་སྐབས་མགོ་བོ་རིལ་འཛིན་གྱིས་དཀྲུག་དཀྲུག་ཅིག་གནང་སོང་བར་ལུས་སེམས་བདེ་དགའི་ཚོར་བ་བརྗོད་མི་ཤེས་པ་ཞིག་བྱུང་བ་ནས་བཟུང་དད་གདུང་ཇེ་འཕེལ་དུ་སོང་བ་དང༌། དེའི་རྗེས་ལོར་མ་སུ་རིར་བཞུགས་སྒར་དུ་མཇལ་བཅར་སྐབས་འགྲུལ་འཁོར་ནས་བབས་འཕྲལ་ཐད་ཀར་མཇལ་ཞུར་བཅར་བའི་གོ་སྐབས་བྱུང་བར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་མོལ་ཉན་པའི་ཐོག་མ་ཡིན་ཡང༌། རིང་དུ་འདྲིས་པའི་བླ་སློབ་ལྟ་བུའི་བྱམས་བརྩེའི་འདུ་ཤེས་བླ་ན་མེད་པས་འདི་ཕྱིའི་བླང་དོར་གྱི་ལམ་སྟོན་ལྷུག་པོར་མཛད་པ་དེས་ཁོ་བོ་ཅག་གི་མི་ཚེའི་མདུན་ལམ་གསལ་བར་གྱུར་པ་དང༌། དེ་ནས་རིང་པོ་མ་ལོན་པར་ཕྱི་ལོ་༡༩༦༠ ལོར་ྋགོང་ས་མཆོག་རྡ་སར་བཞུགས་སྒར་གནས་སྤོས་མཛད་ཟིན་པ་དང་བསྟུན་བདག་དང་བདག་འདྲ་བའི་བླ་སྤྲུལ་དགེ་བཤེས་བཅུ་ཕྲག་བརྒལ་བ་ཞིག་རྡ་སར་ཆེད་འགུགས་གནང་སྟེ་ལྟོ་གོས་ཆོས་གསུམ་གྱིས་མི་ཕོངས་པར་མཛད་ཅིང༌། ཁྱད་པར་ཁོ་བོ་ཅག་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་མཐའ་མཚམས་ནགས་གསེབ་ཏུ་ལམ་བཟོ་ངལ་རྩོལ་བའི་ཁྲོད་དུ་གྱི་ནར་གནས་པ་ལས་ཕྱུང་སྟེ་ྋགོང་ས་རྒྱལ་བའི་དབང་པོ་ཡབ་སྲས་གསུམ་དང་ལྷན་དུ་ཆོས་དང་ཟང་ཟིང་ལ་ཅི་དགར་ལོངས་སུ་སྤྱོད་པའི་གོ་སྐབས་སྦྱིན་པར་མཛད་པ་ནི་རྨི་ལམ་གཟུགས་གྲུབ་ཏུ་བྱུང་བ་དང་མི་གཉིས་པ་ལགས་ན། དེ་ནས་བཟུང་ད་ལྟའི་བར་རང་དོན་ཡིད་བྱེད་ཀྱི་བསམ་པ་ཅི་ནུས་སུ་སྤངས་ཏེ། མགོན་པོ་གང་ཉིད་ཀྱི་གསང་གསུམ་འཕྲིན་ལས་ཀྱི་ཞབས་འདེགས་ཕྲ་མོ་ཙམ་རེ་འགྲུབ་ནའང་དེ་ཉིད་རང་གི་མི་ཚེ་ལ་སྙིང་པོ་བླངས་པའི་ཐབས་ལམ་མཆོག་ཏུ་སེམས་ཏེ་གནས་པ་ལགས་ཤིང༌། མེ་ཤེས་པ་དང༌། ཉོན་མོངས་མང་བ་དང༌། བག་མེད་པའི་དབང་གིས་འགལ་འཁྲུལ་ནོར་བའི་ཚོགས་ཡང་ནས་ཡང་དུ་བྱུང་བ་རྣམས་ལའང་བརྩེ་ཆེན་ཡེ་ཤེས་ཀྱི་ཀློང་དུ་བཟོད་པར་བཞེས་ཏེ་ཐུགས་རྗེས་འདོར་བ་མེད་པ་རྗེས་སུ་བཟུང་བའི་བཀྲིན་ནི་བྱང་ཆུབ་སྙིང་པོའི་བར་དུ་གཞལ་བར་དཀའ་ནའང༌། ཡིད་ཚོར་སྣང་བ་འུར་བས་ཟུར་ཙམ་གསོལ་བར་ཐལ་ཞིང༌། དཀྱུས་སུ་འཇུག་པ་ལ། གོང་དུ་ཇི་ལྟར་གསོལ་བ་བཞིན་མི་ལོ་༣༦༠ ཧྲིལ་པོའི་གོང་ཀུན་གཟིགས་ལྔ་པ་ཆེན་པོའི་མཁྱེན་བརྩེ་ནུས་པ་འགྲན་ཟླ་མ་མཆིས་པས་སྲོལ་གཏོད་པའི་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་རྒྱུན་ཆད་པ་མེད་བཞིན་དུ། མང་གཙོའི་མཚན་ཉིད་དང་ཆ་ལག་ཡོངས་སུ་རྫོགས་པའི་བཅའ་ཁྲིམས་ལྡན་པའི་འཛིན་སྐྱོང་ཞིག་གི་ངོ་བོར་བཙན་ཐབས་སུ་བསྒྱུར་གནང་མཛད་པ་དང༌། དེ་བཞིན་བོད་མིའི་ཆབ་སྲིད་དང༌། བོད་དོན་གྱི་ལས་འགུལ་མཐའ་དག་མཐའ་གཅིག་ཏུ་འཚེ་བ་སྤངས་པའི་ལམ་དུ་བསྒྱུར་བར་མཛད་པའི་རླབས་ཆེན་གྱི་འཕྲིན་ལས་གཉིས་པོ་འདི་ནི་ཆོས་སྲིད་གཉིས་ལྡན་གྱི་བོད་ཀྱི་ཆབ་སྲིད་དབུ་བརྙེས་པ་ནས་བཟུང་ད་བར་གནའ་བོའི་ཆོས་རྒྱལ་རིམ་བྱོན་དང༌། བར་སྐབས་ཀྱི་ས་ཕག་ཀར་གསུམ། ཕྱིས་ཀྱི་རྒྱལ་བ་སྐུ་ཕྲེང་ན་རིམ་སུས་ཀྱང་ཕྱག་བཞེས་སུ་མ་ཐེབས་པའི་རླབས་ཆེན་གྱི་མཛད་རྗེས་ས་ལ་གནས་པའི་སེམས་དཔའ་ཆེན་པོ་དག་གིས་ཀྱང་དཔོག་པར་མི་ནུས་པ་འདི་དག་གི་བཀྲིན་ནི་སྟོང་གསུམ་རིན་ཆེན་བདུན་གྱིས་ཡོངས་སུ་བཀང་སྟེ་བསྐལ་བའི་བར་དུ་ཉིན་བཞིན་འབུལ་ཡང་ཆ་ཕྲ་མོ་ཙམ་ཡང་གསབ་པར་ནུས་པའི་གོ་སྐབས་ག་ལ་མཆིས། འོན་ཀྱང་མགོན་པོ་མཆོག་གི་བཀྲིན་རྗེས་སུ་དྲན་ཞིང༌།བྱས་པ་དྲིན་དུ་གཟོ་བའི་མངོན་འདོད་མཚོན་པ་ཙམ་གྱི་སླད། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དབུ་བརྙེས་ཏེ་མི་ལོ་༣༦༠ འཁོར་བའི་རྟེན་འབྱུང་དགའ་སྟོན་གྱི་ལས་རིམ་གཞིས་བྱེས་བོད་མིའི་གནས་ཡུལ་ཕལ་མོ་ཆེར་དངོས་ཤུགས་བརྒྱུད་པ་ཅི་རིགས་ཀྱི་ལམ་ནས་ལོ་འཁོར་ཁྱུད་མོར་ཞུས་པའི་གྲུབ་དུས་ཀྱི་ཉིན་མོ་འདིར་གུས་ཕྱག་སྔོན་དུ་བཏང་སྟེ། བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་བའི་དངོས་པོའི་ཚོགས་དང་བཅས་པ་རིན་ཆེན་མཎྜལ་བཟང་པོའི་ངོ་བོར་འབུལ་བ་ནི། རླུང་དང༌། མེ་དང༌། ཆུའི་དཀྱིལ་འཁོར་ཕྱི་ནང་རིམ་བརྩེགས་སུ་གནས་པའི་དབུས་སུ་སའི་དཀྱིལ་འཁོར་ཆེན་པོའི་དཀྱིལ། དེ་ཡང༌། ཇི་ལྟར་ཕྱི་རོལ་དེ་བཞིན་ལུས།། ཞེས་གསུངས་པ་ལྟར་དཔག་ཚད་འབུམ་ཕྲག་བཞིའི་ཚད་དང་ལྡན་པའི་རིའི་རྒྱལ་པོ་རི་རབ། དབྱིབས་ཟླུམ་པོ། ལྷོ་དམར། བྱང་དཀར། ནུབ་སེར་བའི་ཁ་དོག་དང་ལྡན་པའི་མཐའ་བསྐོར་དུ་གླིང་དྲུག་མཚོ་དྲུག་གིས་བསྐོར་བའི་ཕྱི་རོལ་དུ་མཚོ་བདུན་པ་བ་ཚ་ཅན་གྱི་རྒྱ་མཚོ། མཐའ་བསྐོར་རི་བདུན་པ་ལྕགས་རི་འབར་བས་བསྐོར་བའི་བར་ན་འཛམ་གླིང་ལ་སོགས་པའི་གླིང་བཅུ་གཉིས་སའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱིམ་གྱི་འཁོར་ལོ་རྩེ་བཅུ་གཉིས་པ་ལ་ཉི་ཟླ་གཟའ་སྐར་དང་བཅས་པ་འཁོར་བ། སྲིད་པ་སུམ་ཅུ་རྩ་གཅིག་གི་སྣོད་བཅུད་ཡོངས་སུ་རྫོགས་པ་ལ་རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང༌། འདོད་འཇོའི་བ། མ་རྨོས་པ་ཡི་ལོ་ཏོག་ལ་སོགས་པ་གླིང་བཞིའི་ཁྱད་ནོར་དང༌། གཞན་ཡང་འཁོར་ལོ་ལ་སོགས་པའི་རྒྱལ་སྲིད་རིན་ཆེན་སྣ་བདུན། སྒེག་མོ་མ་སོགས་མཆོད་ལྷ་བརྒྱད། རིན་པོ་ཆེའི་གདུགས་ལ་སོགས་པས་མཚན་པའི་དབུས་ན་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་གཙང་ཞིང་ཡིད་དུ་འོང་བའི་ཕྱི་ནང་གཞན་གསུམ་གྱི་ཞིང་ཁམས་རྒྱ་མཚོའི་བཀོད་པས་ཐོག་དྲངས་པའི་སྐུ་གསུང་ཐུགས་ཀྱི་རྟེན་དང༌། ན་བཟའ་ཉེར་སྤྱད། བཀྲིས་རྫས་རྟགས་སོགས་དངོས་འབྱོར་གྱི་འབུལ་བ་ཕྲན་ཚེགས་དང༌། གུས་འབངས་བཀའ་བློན་བཞིས་དབུས་ལྷག་བློ་མཐུན་པའི་སྲི་ཞུ་བ་ཡོངས་ནས་རང་རང་གི་བགོ་སྐལ་གྱི་ཞུ་སྒོ་རྣམས་རང་དོན་གྱི་བསམ་པས་མ་བསླད་པར་ྋགོང་ས་སྲིད་ཞིའི་གཙུག་རྒྱན་གང་ཉིད་ཀྱི་ཐུགས་ཀྱི་བཞེད་དགོངས་དང་ཡོངས་སུ་མཐུན་པར་སྒོ་གསུམ་ནུས་པ་ཡོད་རྒུ་རྩལ་སྤྲུགས་ཀྱིས་འབད་འབུང་ཞུ་རྒྱུའི་ཡིད་དམ་བརྟན་པོ་འཆའ་བའི་བཀའ་བཞིན་སྒྲུབ་པའི་མཆོད་པ་སྟོང་མིན་ཙམ་དང་བཅས་མངོན་པར་དྭངས་པའི་ཡིད་ཀྱིས་འཁོར་གསུམ་དམིགས་མེད་དུ་རྒྱས་བཏབ་སྟེ་འབུལ་བ་ལགས་ན་འབུལ་བྱའི་དངོས་པོ་ཤིན་ཏུ་ཕྲ་ཡང༌། བདག་ཅག་གི་བསོད་ནམས་ཀྱི་སྐལ་བར་དགོངས་ཏེ་དགྱེས་པའི་སྤྱན་རས་ཡུད་ཙམ་གཡོ་བ་དང༌། སླར་ཡང་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་སྙིང་པོར། མགོན་མེད་གངས་ཅན་ཞིང་གི་འགྲོ་བ་རྣམས།། ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་བར།། དེ་སྲིད་མཚུངས་པ་མེད་པའི་གསང་གསུམ་གྱིས།། སྡེ་བཞིའི་དཔལ་ལ་སྦྱོར་ཞིང་བརྟན་པར་བཞུགས།། ཞེས་དྲང་སྲོང་བདེན་པའི་དབྱངས་ཀྱིས་ཇི་ལྟར་བསྙད་པ་ལྟར་མཁའ་མཉམ་ཡིད་ཅན་ཀུན་གྱི་འདི་དང་གཏན་གྱི་ཕན་བདེའི་ལེགས་ཚོགས་སྤྱི་དང༌། ཁྱད་པར་བོད་འབངས་ཁ་བ་རི་པ་རྣམས་ཀྱི་འཕྲལ་ཡུན་ཆོས་སྲིད་ཀྱི་ལེགས་ཚོགས་མཆིས་སོ་ཅོག་མཐའ་དག་ནི་གུས་འབངས་ཡོངས་ཀྱིས་མཐུན་སྣང་དུ་མཇལ་བར་ནུས་པའི་གཟུགས་སྐུ་མཚན་དཔེའི་ཕུང་པོ་འདི་ཉིད་འཚོ་ཞིང་གཞེས་པ་ཉིད་ལ་རག་ལུས་པ་ལགས་ན། བདག་ཅག་ཉམ་ཐག་མགོན་མེད་ཀྱི་འགྲོ་བ་རྣམས་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ། ཇི་སྐད་དུ། སེམས་ཀྱི་དྲི་མར་གྱུར་པ་ལ།། སངས་རྒྱས་རྣམས་ནི་སྨོད་མི་མཛད།། ཅེས་གསུངས་པ་ལྟར། ཇི་ལྟ་ཇི་ལྟར་སྙིགས་དུས་བརླང་སྤྱོད་ཀྱི་སྐྱེ་འགྲོའི་ངན་སྤྱོད་ཆེས་ཆེར་བདོ་བ། དེ་ལྟ་དེ་ལྟར་མགོན་པོ་གང་ཉིད་ཀྱིས་ཐུགས་སྟོབས་སྙིང་རྗེའི་གོ་ཆ་ལྷག་པར་བཞེས་ཏེ་ཞབས་ཟུང་སྲིད་པའི་ཕྱི་མཐའི་བར་དུ། མི་བཤིགས་པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང༌། མི་ནུབ་པའི་རྒྱལ་མཚན་གྱི་ངོ་བོར་རྟག་བརྟན་གཞོམ་བྲལ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པར་བཞུགས་པ་དང༌། མགོན་པོ་གང་གི་ཟག་བྲལ་ཡེ་ཤེས་ཀྱི་གཟིགས་པས་ལམ་སྟོན་མཛད་པའི་དབུ་མའི་ལམ་གྱི་འཇུག་ངོགས་ལ་བརྟེན་ནས་བོད་རྒྱ་ཞི་མོལ་གྱི་སྒོ་ནས་རིང་པོ་མ་ཐོགས་པར་ཡོངས་རྫོགས་བོད་ལྗོངས་རང་སྲིད་རང་སྐྱོང་གི་རང་དབང་གཙང་མའི་དཔལ་ལ་ལོངས་སུ་སྤྱོད་ཅིང༌། མགོན་པོ་ཐུགས་རྗེའི་གཏེར་ཆེན་གང་ཉིད་མྱུར་བ་མྱུར་བར་བསིལ་ལྡན་ཆོས་ཀྱི་ཞིང་སར་ྋཞབས་སོར་འཁོད་དེ་བོད་འབངས་གཞིས་བྱེས་མཉམ་འཛོམས་ཀྱིས་མགོན་པོ་གང་གི་སྐྱབས་འོག་ཏུ་ཆོས་སྲིད་ཟུང་འབྲེལ་གྱི་དགའ་སྟོན་ལ་སྤྱོད་པའི་སྐལ་བཟང་མངོན་གྱུར་ཡོང་བ་དང༌། ཁྱད་པར་དུ་གོང་དུ་དྲངས་པའི། ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང༌།། ཞེས་གསུངས་པ་ལྟར། འཕགས་པ་སྤྱན་རས་གཟིགས་ཀྱིས་གདུལ་བྱ་འདུལ་བའི་ཐབས་ལམ་གཙོ་བོ་ནི་ཆོས་བཞིན་སྐྱོང་བའི་རྒྱལ་ཐབས་འཕྲིན་ལས་ཡིན་པ་མདོ་རྒྱུད་ནས་གསུངས་པ་དང༌། ཁྱད་པར་བཀའ་གདམས་གླེགས་བམ་ལས། སྤྱིར་སེམས་ཅན་ཡོངས་ཀྱི་མགོན་པོ་ཡིན།། སྒོས་གངས་རིའི་ཁྲོད་དུ་རྒྱལ་སྲིད་སྐྱོང༌།། ཞེས་རྒྱལ་སྲིད་སྐྱོང་བའི་སྒོ་ནས་འགྲོ་དོན་མཛད་དགོས་པ་ལུང་གིས་གྲུབ་པ་མ་ཟད། བསྐལ་མང་སྔོན་གྱི་རྒྱལ་པོ་འཇིག་རྟེན་དབང་ཕྱུག་ནས་བཟུང་ད་ལྟའི་བར་འཕགས་པའི་ཡུལ་དང་གངས་རིའི་ལྗོངས་སུ་བྱོན་པར་གྲགས་ཤིང་གྲུབ་པའི་མགོན་པོ་གང་གི་སྐུའི་ཕྲེང་བ་ཕལ་ཆེ་བ་རྒྱལ་པོའི་ཚུལ་དུ་བྱོན་འདུག་པ་དེའང་བླ་ཐབས་སུ་མ་ཡིན་པར་གདུལ་བྱ་འདུལ་བའི་དགོས་པ་ཁྱད་པར་ཅན་གྱི་དབང་གིས་ཡིན་པར་གདོན་མ་འཚལ་ཞིང༌། ལྷག་པར་དེང་གི་ཆར་བོད་མིའི་ཆབ་སྲིད་ཡང་དག་པའི་མང་གཙོའི་ལམ་དུ་མགོན་པོ་གང་ཉིད་ཀྱི་དབུ་ཁྲིད་ལམ་སྟོན་འོག་བསྐྱོད་བཞིན་པ་འདིའི་སྐབས་མང་ཚོགས་ཀྱི་མངོན་འདོད་ལ་ཚང་མས་བརྩི་བཀུར་བྱ་དགོས་པ་ནི་མང་གཙོའི་ལྟ་གྲུབ་ཀྱི་སྙིང་དོན་ཡིན་པ་དང༌། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བོད་ཀྱི་ཆབ་སྲིད་ཀྱི་བླ་ན་མེད་པའི་དབུ་འཁྲིད་མགོན་པོ་གང་ཉིད་ལ་སྤྱི་མོས་ཀྱི་ཐོག་ནས་རེ་མོས་ཞུ་བཞིན་པ་བཅས་ཆོས་དང་སྲིད་ཀྱི་རྒྱུ་མཚན་གང་གི་དབང་དུ་བྱས་ནའང༌། མགོན་པོ་མཆོག་བོད་མིའི་ཆབ་སྲིད་ཀྱི་འགན་དབང་བཞེས་མི་དགོས་པར་ཐུགས་ལས་ཆུང་ངུར་གཞོལ་བའི་དགོངས་བཞེས་དང་ཕེབས་སྒོ་ནམ་ཡང་མི་ཡོང་བ་ཞེས་བདག་ཅག་གཞིས་བྱེས་བོད་འབངས་ཡོངས་ཀྱིས་སྙིང་ཁོང་རུས་པའི་གཏིང་ནས་རྩེ་གཅིག་གདུང་ཤུགས་དྲག་པོས་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལགས་ན། བཀའི་ཞལ་བཞེས་བཟང་པོ་སྙིང་གི་ག་འུར་བཅང་ཆོག་པ་ཞིག་སྤྱི་བོའི་མཛེས་རྒྱན་དུ་སྩོལ་བ་ཅི་ནས་མཁྱཻན། མཁྱཻན། མཁྱཻན། མཁྱེན་ལགས།། །།

ཕྱི་ལོ་༢༠༠༨ ཟླ་༥ ཚེས་༡༦ ཉིན་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་༣༦༠ འཁོར་བའི་མཛད་སྒོའི་འཇུག་བསྡོམས་སུ་གནང་བའི་མཎྜལ་བཤད་པ།