གསུང་ཆོས་སུ་ཕེབས་པའི་གཞིས་བཞུགས་བོད་མི་རྣམས་ལ་གནང་བའི་གསུང་བཤད།

༄༅།། དེ་རིང་འདིར་བོད་ནས་གསར་དུ་ཕེབས་པའི་སྐུ་ཞབས་དགེ་འདུན་པ་རྣམ་པ་དང༌། བཙུན་མ་རྣམ་པ། དེ་བཞིན་བོད་ཆོལ་གསུམ་རིས་མེད་ནས་ཕེབས་པའི་སྤུན་ཟླ་ཡོངས་ལ་ཞུ་རྒྱུར། བོད་ནས་གསུང་ཆོས་དང་གནས་མཇལ་དུ་ཕེབས་མཁན་མང་པོ་འདུག་ཅེས་གོ་བ་ཡིན་ཙང་དེ་རིང་ཆེད་མངགས་འཚམས་འདྲི་ཞུ་རྒྱུ་དང༌། བར་ལམ་གྱི་གནས་ཚུལ་སྐོར་སྙན་གསན་ཞུས་ན་བསམས་ཏེ་བཅར་བ་ཡིན། དངོས་གནས་བྱས་ན་དེ་རིང་སྔ་དྲོ་ཆུ་ཚོད་བཅུ་གཅིག་ཡོལ་ཙམ་ལ་འདིར་འབྱོར་དགོས་ཀྱང༌། ལྡི་ལིར་གནམ་གཤིས་ཡག་པོ་མེད་པའི་དབང་གིས་གནམ་གྲུ་ཆུ་ཚོད་དྲུག་ཙམ་རྗེས་ལུས་ཐེབས་ནས་ད་ལྟ་གནམ་ཐང་ནས་འདིར་འབྱོར་ཏེ་སྐར་མ་གཅིག་གཉིས་ཙམ་ལས་མ་སོང༌། སྔ་དྲོ་ཆུ་ཚོད་བདུན་པ་ནས་ལྡི་ལི་དོན་གཅོད་ཁང་ནས་ཐོན་ཡང་གནམ་ཐང་ལ་དུས་ཡུན་རིང་པོ་ལྷག་སོང༌། ཁྱེད་ཚོ་འདིར་སྔ་ས་ནས་ཚོགས་ཡོད་ན་རྒྱུན་རིང་བསྒུག་དགོས་བྱུང་ཡོད་པས་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན།

འདི་ལོ་དེ་སྔ་དང་མི་འདྲ་བར་བོད་ནང་གནས་ཚུལ་ཛ་དྲག་ཆེ་རུ་ཕྱིན་པའི་དབང་གིས་བོད་ནས་ཕེབས་མཁན་མང་པོ་ཐར་ཨེ་ཡོང་བསམ་པའི་ཐོག་མར་བློ་འཚབ་བྱུང༌། འོན་ཀྱང་དེ་རིང་ཆོལ་གསུམ་ཡོངས་ནས་མི་སྣ་གང་འཚམས་ཕེབས་ཐུབ་པ་དེ་གཟི་བརྗིད་ཆེན་པོ་རེད། ཧ་ཅང་དགའ་པོ་བྱུང༌། བཙན་བྱོལ་བོད་གཞུང་བཀའ་ཤག་དང་ང་རང་སྒེར་ངོས་ནས་མཛའ་སེམས་འཁོལ་བའི་ངང་ནས་ཚང་མར་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ཕར་ལོག་ཕེབས་མཁན་རྣམས་ཀྱིས་སོ་སོའི་ས་ཁུལ་ཁག་ནང་བཙན་བྱོལ་བོད་མིའི་གནས་སྟངས་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཛད་པ་འཕྲིན་ལས་བཅས་ཚང་མའི་སྐོར་ལ་གཞིས་བཞུགས་བོད་མི་ཚོ་ལ་གསལ་བཤད་གནང་ཐུབ་ན། གཞིས་བྱེས་ཀྱི་འབྲེལ་བ་ལ་ཕན་ཐོགས་ཆེན་པོ་དང༌། ལྷག་པར་དུ་གཞིས་བཞུགས་བོད་མི་རྣམས་ཐུགས་སེམས་བདེ་པོ་དང་སྙིང་སྟོབས་མི་ཉམས་པར་ཕན་ཐོགས་ཡོང་རྒྱུ་རེད། ཡང་ལོ་ཆུང་རྒྱ་གར་ལ་གནས་སྐབས་བཞུགས་རྒྱུ་དང་སློབ་སྦྱོང་གི་དམིགས་ཡུལ་ཐོག་ནས་ཕེབས་མཁན་རྣམས་ྋརྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་འོག་རང་གི་བརྩོན་འགྲུས་དང་ནུས་པས་ལྕོགས་ན་སོ་སོའི་དམིགས་ཡུལ་བཞིན་སློབ་སྦྱོང་གི་གོ་སྐབས་དང་མཐུན་རྐྱེན་ཡོད་མུས་རེད། སློབ་སྦྱོང་གང་བྱས་བོད་མི་རིགས་ཀྱི་ཞབས་འདེགས་ལ་སྨན་པ་ཞིག་ཡོང་དགོས་པ་གལ་ཆེན་པོ་རེད།

རྒྱ་གར་དུ་བཞུགས་མཁན་རྣམས་ཡང་ཡང་མཇལ་མདོག་ཁ་པོ་རེད། དེ་རིང་ངས་གཙོ་བོ་གསུང་ཆོས་དང་གནས་མཇལ་གྲུབ་རྗེས་བོད་ལ་ཕྱིར་ལོག་གནང་མཁན་ཚོར་དམིགས་ནས་གནས་ཚུལ་ཁ་ཤས་སྙན་གསན་ཞུ་ན་བསམ་བྱུང༌། ང་ཚོ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་བོད་མི་ཆིག་འབུམ་ལྔ་ཁྲི་ཡས་མས་ཤིག་རྒྱ་གར་གྱིས་མཚོན་པའི་རང་དབང་གི་ལུང་པ་ཁག་ནང་བཙན་བྱོལ་སྐྱབས་བཅོལ་དུ་འབྱོར་ནས་ལོ་༤༩ ཕྱིན་ཟིན། འདི་ལོ་༢༠༠༩ ཕྱི་ཟླ་༣ ནང་ལོ་༥༠ འཁོར་གྱི་ཡོད། ད་ལྟ་འདིར་འཛོམས་པ་མང་པོ་ཞིག་ལོ་༥༠ ལས་ཉུང་བ་ཤ་སྟག་རེད་འདུག ཕྱི་ལོ་༡༩༥༩ རྗེས་ལ་སྐྱེས་ནས་འཚར་ལོངས་བྱུང་བ་དེ་དག་གིས་དེ་སྔ་བོད་རང་དབང་སྐབས་ཀྱི་གནས་ཚུལ་ཤེས་ཀྱི་མེད་ལ། ལྷག་པར་དུ་༡༩༥༡ ནས་༡༩༥༩ བར་གནས་ཚུལ་གང་བྱུང་བ་དང༌། ༡༩༥༩ ལོར་བོད་གཞིས་བྱེས་གཉིས་ལ་གྱེས་དགོས་པའི་གནས་སྟངས་གང་བྱུང་བ་དེ་དག་རྒན་རབས་ས་ནས་གསན་པ་ཤ་སྟག་རེད།

ང་ཚོས་འདས་པའི་ལོ་ལྔ་བཅུའི་དུས་ཚོད་ལ་ཕྱིར་མིག་ཅིག་བལྟས་ཏེ། སྡུག་ས་ནས་བསམ་བློ་བཏང་ན། བོད་མི་རིགས་ཀྱི་ལོ་ཉིས་སྟོང་བརྒལ་བའི་བྱུང་རབས་ནང་ཧ་ལམ་བྱུང་མྱོང་མེད། ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་ནང་སོག་པོའི་མངའ་འོག་ལ་ལོ་བདུན་ཅུ་དོན་གྲངས་ཤིག་ལུས་པ་མ་གཏོགས། དེ་མིན་ང་ཚོའི་ལོ་རྒྱུས་ནང་བོད་ས་ཡོངས་རྫོགས་ཕྱི་རྒྱལ་གྱི་བཙན་དབང་འོག་བསྡད་པའི་བྱུང་རབས་མེད། ཕྱི་ལོ་༡༩༥༡ ནས་བཟུང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབང་སྒྱུར་བྱས་རྗེས་ད་བར་བོད་མི་ཧ་ལམ་བརྒྱ་ཆ་ཉི་ཤུ་རྩ་གཉིས་བརྒལ་བ་ཞིག་རྐྱེན་འདས་དང༌། བོད་ཀྱི་ཆོས་དང་རིག་གཞུང་གི་གནས་སྟངས་ཧ་ལས་པའི་ཉམས་ཆག་ཕྱིན་ཡོད། དེ་ཡང་ཕྱི་ལོ་༡༩༥༩ རྗེས་གྱེན་ལངས་གཉའ་གནོན་གྱི་མིང་ཐོག་ནས་མི་མང་པོ་ཞིག་མནར་གཅོད་འོག་འདས་གྲོངས། དེའི་གནས་སྟངས་མཇུག་བསྡོམས་ཟིན་མ་ཟིན་ཞིག་ནས་རིག་གནས་གསར་བརྗེའི་གནས་བབ་འགོ་ཚུགས་ནས་རིག་གཞུང་གི་བསྟི་གནས་དགོན་སྡེ་སྟོང་ཕྲག་མང་པོ་རྩ་མེད་དང་བོད་མི་འབུམ་ཕྲག་མང་པོ་རྐྱེན་འདས། དེ་ནས་བརྒྱད་ཅུ་གྱ་གྲངས་ནང་མཱའོའི་དུས་རབས་རྫོགས་ནས་ཕྲན་བུའི་གུ་ཡངས་ཀྱི་གནས་སྟངས་བྱུང་རྗེས་ཕྱི་ལོ་༡༩༨༧ དང་༡༩༨༨ ནང་སླར་ཡང་དམག་ཁྲིམས་བསྡམས་པ་སོགས་གནས་ཚུལ་མང་པོ་ཞིག་བྱུང་ཞིང༌། ལྷག་པར་དུ་འདས་པའི་ཕྱི་ལོ་༢༠༠༨ ནང་བོད་ཀྱི་ས་ཁུལ་ཚང་མར་མ་བགྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་གནོན་དབང་སྒྱུར་ལ་ཞི་བའི་གྱེན་ལངས་རྒྱ་ཁྱབ་ཅིག་བྱུང་བ་དེའི་སྐབས་ལ་བོད་མི་བརྒྱ་ཕྲག་མང་པོའི་ལུས་སྲོག་ཤོར་བ་དང༌། ད་ལྟའང་བོད་མི་སྟོང་ཕྲག་མང་པོ་བཙོན་ཁང་ནང་མནར་གཅོད་མྱོང་བཞིན་པ། ཁྲིམས་ཐག་བཅད་ཟིན་པ་མང་པོ་ཞིག་ཀྱང་གར་སོང་ཆ་མེད་ཀྱི་གནས་སྟངས་ཡ་ང་བ་ཞིག་ཡོད་མུས་རེད། དེས་ན་འདས་པའི་ལོ་ལྔ་བཅུ་དེ་ང་ཚོ་བོད་མི་རིགས་ལ་ཧ་ཅང་གི་དཀའ་སྡུག་ཆེན་པོའི་གནས་སྟངས་ཤིག་བྱུང་བ་དེ་ངས་འགྲེལ་བཤད་མི་དགོས་པར་ཚང་མའི་ཐུགས་ལ་ངེས་བཞིན་པ་རེད།

བཟང་ཕྱོགས་ནས་བསམ་བློ་བཏང་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་ཤུགས་འོག་འབུ་ཆེས་ཆུང་ཟོས་ཀྱི་གནས་ཚུལ་བསམ་བརྗོད་ལས་འདས་པ་ཞིག་བྱུང་བའི་སྐབས་ལའང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་རྗེ་དང་འཕྲིན་ལས་ལ་བརྟེན་ནས་བཙན་བྱོལ་ནང་བོད་མི་མི་འབོར་གྱི་ཆ་ནས་ཆིག་འབུམ་ལྔ་ཁྲི་ཡས་མས་མ་གཏོགས་མེད་རུང༌། དེས་འཛམ་བུ་གླིང་གི་རང་དབང་ཅན་གྱི་རྒྱལ་ཁབ་ཚང་མའི་ནང་བོད་པའི་གནས་བབ་མངོན་གསལ་དོད་པོ་བཟོ་ཐུབ་པ་དང༌། རྒྱ་བལ་འབྲུག་གསུམ་ནང་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་གདན་ས་ཆེན་པོ་དེ་དག་བསྐྱར་གསོ་གནང་སྟེ་དེ་ཚོའི་ནང་དགེ་འདུན་པ་སྔོན་མ་བོད་ལ་ཡོད་པ་བཞིན་གྲངས་ཚད་མེད་ཀྱང༌། ཧ་ལམ་དེ་དང་མཉམ་པའི་གྲངས་ཚད་ཐོག་ནས་བསླབ་པ་སློབ་གཉེར་སོགས་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་བསམ་གྱིས་མི་ཁྱབ་པ་གནང་ཐུབ་པ། དེ་མཚུངས་བོད་ཀྱི་རིག་གནས་ཡོངས་རྫོགས་མི་ཉམས་རྒྱུན་འཛིན་ཐུབ་པ། ལྷག་པར་དུ་འཛམ་གླིང་ཁྱོན་ཡོངས་སུ་བོད་ཀྱི་ལས་དབང་དེ་ཚང་མས་གསལ་པོ་མཁྱེན་རྟོགས་ཐུབ་པ་ཡོང་བ། བོད་ཀྱི་གནས་བབ་ཐོག་ཧ་ཅང་སེམས་ཐག་ཉེ་པོས་དང་བླངས་ཐོག་ནས་རོགས་སྐྱོར་བྱེད་མཁན་གྲངས་ལས་འདས་པ་ཞིག་བྱུང་བ། བོད་མི་རིགས་ཀྱི་མི་རབས་ནས་མི་རབས་བརྒྱུད་སྲོག་ལས་གཅེས་པར་འཛིན་པའི་ནང་པ་སངས་རྒྱས་པའི་ཆོས་དང༌། དེ་དང་འབྲེལ་བའི་རིག་གཞུང་ལེགས་བྱང་དང་བཅས་པ་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་ནས་ད་ལྟའི་གནས་སྐབས་སུ་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་གང་དུ་ཕྱིན་ནའང༌། བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཞལ་སློབ། བོད་དོན་རྒྱབ་སྐྱོར་བྱེད་མཁན་གྱི་མི་འབོར་དང་ཚོགས་པ་བཅས་མེད་པའི་ས་ཁུལ་མེད་ཅིང༌། ལྷག་པར་དུ་བཙན་བྱོལ་དུ་འབྱོར་བའི་བོད་ཕྲུག་ན་གཞོན་སུའང་གཞི་རིམ་དང༌། མཐོ་རིམ། ཆེས་མཐོའི་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཡོད་པ། ད་ལྟ་བཙན་བྱོལ་ནང་སློབ་གྲྭ་འགྲིམས་པའི་ལོ་ཚད་ཅན་གྱི་བོད་མི་གཅིག་ཀྱང་ཧ་ལམ་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པ་གཅིག་ཀྱང་མེད་ཅིང༌། ཚང་མར་དེང་རབས་ཀྱི་ཤེས་ཡོན་སློབ་སྦྱོང་དང༌། བོད་ཀྱི་གནའ་རབས་ཀྱི་ཆོས་དང་རིག་གཞུང་གི་སློབ་སྦྱོང་བཅས་འདབ་གཤོག་གཉིས་ལྡན་བྱེད་རྒྱུའི་གོ་སྐབས་ཐོབ་པ་སོགས་བཟང་ཕྱོགས་ཀྱི་གནས་ཚུལ་ཡང་མང་པོ་ཞིག་བྱུང་ཡོད། ངས་གོང་དུ་ཞུས་པ་བཞིན་གང་ལྟར་ལོ་ལྔ་བཅུའི་ནང་བོད་ཀྱི་ལོ་ཉིས་སྟོང་བརྒལ་བའི་བྱུང་རབས་སུ་བྱུང་མ་མྱོང་བའི་བཟང་ཕྱོགས་དང་ངན་ཕྱོགས་ཀྱི་གནས་ཚུལ་མང་པོ་ཞིག་ང་ཚོའི་མི་རབས་ཐོག་བྱུང་བ་རེད། དེས་ན་ང་ཚོའི་མི་རབས་དེ་གལ་གནད་ཆེ་བ་ཞིག་ཆགས་ཀྱི་ཡོད།

བོད་མི་ས་ཡ་དྲུག་གི་མ་འོངས་པའི་མདུན་ལམ་གང་འདྲ་ཞིག་ཡོང་མི་ཡོང་དང༌། ལྷག་པར་དུ་འཛམ་གླིང་ནང་ཚང་མས་རེ་སྨོན་དང་བསྔགས་བརྗོད་བྱེད་ཡུལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་གནས་བབ་ཧ་ཅང་བཟང་པོ་ཞིག་ཡོད་པ་དེ་མི་རབས་རྗེས་མ་ཚོར་རྩིས་སྤྲད་ཐུབ་དང་མི་ཐུབ་ནི་ང་ཚོའི་མི་རབས་འདི་ལ་རག་ལུས་པ་ཞིག་རེད། བསྡོམས་བརྒྱབས་ནས་ཞུས་ན་བོད་མི་རིགས་ཀྱི་མ་འོངས་པའི་ཆོས་སྲིད་གཉིས་ཀྱི་མདུན་ལམ་གང་འདྲ་ཆགས་དང་མི་ཆགས་དེ་ད་ལྟའི་མི་རབས་ཚོའི་འབད་བརྩོན་དང་ལས་དོན་བྱེད་སྟངས་ལ་རག་ལུས་པ་ཞིག་རེད། བོད་མི་ས་ཡ་དྲུག་གི་གྲངས་ཚད་ལ་མཚོན་ན་རང་དབང་ལུང་པའི་ནང་བཙན་བྱོལ་དུ་ད་ལྟའང་བོད་མི་ཆིག་འབུམ་ལྔ་ཁྲི་ཡས་མས་མ་གཏོགས་མེད་པར་བརྟེན། བརྒྱ་ཆའི་ཐོག་ནས་བརྩི་ན་ཧ་ཅང་ཉུང་ཉུང་རེད། གཙོ་ཆེ་ཤོས་བོད་ནང་ཡོད་པའི་བོད་མི་ཚོར་འགན་ཆེན་པོ་ཞིག་བབས་པ་བཞིན་ཁྱེད་ཚོས་འགན་དེ་ཧ་ཅང་གིས་ཧ་ལས་དགོས་པའི་སྙིང་སྟོབས་དང་ཆོད་སེམས་ཆེན་པོ་ཞིག་གི་ཐོག་ནས་འཁྱེར་མུས་རེད། དཔེར་ན་སྔ་ལོ་༢༠༠༨ ཀྱི་གནས་སྟངས་ལྟ་བུར་མཚོན་ན། བོད་ཆོལ་ཁ་གསུམ་གྱི་ས་གནས་ཡོངས་སུ་རྫོགས་པ་དང༌། བོད་ཀྱི་ཕྱི་ལ་ཡོད་པའི་ན་གཞོན་སློབ་གཉེར་བ་ཚུན་ཆད་ཀྱིས་དཀའ་ངལ་དང་སྲོག་ལ་ཉེན་ཁ་ཡོད་པ་ཤེས་བཞིན་དུ་ད་དུང་འཛེམས་ཟོན་མེད་པར་འཚེ་མེད་ཞི་བའི་ལམ་ནས་རྒྱ་ནག་དབང་འཛིན་པ་ལ་མོས་མཐུན་མེད་པའི་རྣམ་འགྱུར་བཏོན་ཐུབ་པ་དེ་ཧ་ཅང་གིས་ངོ་མཚར་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་ལྟ་བུའི་འཚེ་མེད་ཞི་བའི་ལས་འགུལ་ནང་ལོ་རྒན་གཞོན་ཚང་མ་ཡོད་ཀྱང་མང་ཆེ་བ་ལོ་གཞོན་པ་ཚོ་རེད། ད་ལྟ་ཡང་མི་རབས་རྒན་གཞོན་བར་གསུམ་ཚང་མ་དང༌། ལྷག་པར་དུ་༡༩༥༩ རྗེས་ལ་སྐྱེས་ནས་རང་དབང་བོད་ཀྱི་གནས་ཚུལ་མཐོང་མྱོང་མེད་པ་དེ་དག་གིས་སྙིང་སྟོབས་ཆེན་པོས་སེམས་ཁུར་བླངས་ཏེ་བློས་བཏང་བྱེད་བཞིན་པ་དེ་ཧ་ཅང་གི་གཟི་བརྗིད་ཆེན་པོ་རེད། བྱུང་རབས་ལོ་རྒྱུས་ནང་ཟུབ་ཏུ་མེད་པར་གནས་ཐུབ་པའི་གྲུབ་འབྲས་འབུར་དུ་ཐོན་པ་ཞིག་རེད། དེའི་ནང་ལུས་སྲོག་ཤོར་བ་དང༌། དབང་པོ་སྐྱོན་ཅན་དུ་གྱུར་པ། ནད་གཅོང་ཆགས་པ། ད་དུང་ཡང་བཙོན་ཁང་ནང་མནར་གཅོད་མྱོང་བཞིན་པ་བཅས་ཁོང་ཚོའི་བློས་བཏང་དང་དཀའ་ལས་བརྒྱབས་པ་དེ་དམིགས་ཡུལ་ལ་ཕན་པ་དང༌། མདའ་འབེན་ལ་འཁྱོལ་ཐབས་ཤིག་ང་ཚོ་གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་ཚང་མས་འབད་རྩོལ་མུ་མཐུད་ནས་བྱེད་དགོས་སྨོས་མེད་རེད།

སྔ་ལོ་ཕྱི་ཟླ་༣ ཚེས་༡༠ ནས་བཟུང་བོད་ས་ཡོངས་ལ་དཀའ་རྙོག་བྱུང་སྐབས་བཙན་བྱོལ་བོད་གཞུང་གིས་རྒྱལ་སྤྱི་དང༌། རྒྱ་གར་ནང་འབད་བརྩོན་གང་དང་གང་བྱས་པ་དང༌། ྋསྐྱབས་མགོན་རིན་པོ་ཆེས་འཛམ་གླིང་ཁྱོན་ཡོངས་ཀྱི་དབུ་ཁྲིད་རྣམ་པ་དང་འབྲེལ་བ་གནང་རྒྱུས་མཚོན་པའི་རྒྱལ་སྤྱི་དང༌། རྒྱལ་ནང༌། ལྷག་པར་དུ་རྒྱ་ནག་གི་མི་རིགས་དང་བོད་རིགས་ཡོངས་རྫོགས་ལ་གསུང་འཕྲིན་རིམ་པས་གནང་བས་མཚོན་མཛད་འཕྲིན་གང་དང་གང་བསྐྱངས་པ་བཅས་དེ་རིང་ཁྱེད་ཚོ་རྒྱ་གར་ལ་དངོས་སུ་ཕེབས་པ་ཡིན་ཙང་མཁྱེན་རྟོགས་ཐུབ་ན་ཡག་པོ་ཡོད་རེད། བཀའ་ཤག་གི་སྔ་རྗེས་ཀྱི་གཏམ་བཤད་དང༌། ྋསྐྱབས་མགོན་རིན་པོ་ཆེའི་གསུང་འཕྲིན་སྔ་རྗེས། ལྷག་པར་དུ་ཉེ་ཆར་ཡུ་རོབ་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་བཅས་ཚང་མ་ཡིག་ཆ་དང༌། དྲ་རྒྱ། དེ་བཞིན་འོད་སྡེར་ནང་ཡོད་མུས་རེད། དེ་ཚོ་བོད་ནང་འཁྱེར་རྒྱུ་སྟབས་བདེ་པོ་མེད་རུང༌། འདི་གར་བཞུགས་རིང་གཟིགས་ཏེ་དེ་ཚོའི་ནང་དོན་མཁྱེན་ཐུབ་པ་བྱུང་ན་ཡག་པོ་རེད། ངས་ད་ལྟ་འདི་གར་ཆུ་ཚོད་གཅིག་ནང་གནས་ཚུལ་ཆ་ཚང་ཞུ་ཐུབ་ཐབས་མེད། ཡིག་ཆ་དེ་ཚོ་གཟིགས་ན་གནས་བབ་དེ་ཆ་ཚང་བ་ཞིག་སོ་སོས་མཁྱེན་ཐུབ་པ་མ་ཟད། བོད་ནང་ཡོད་པའི་བོད་མི་ཚོ་ལའང་གོ་བརྡ་སྤྲོད་རྒྱུར་ཕན་ཐོགས་ཡོང་རྒྱུ་རེད།

སྤྱིར་བཏང་ཁྱེད་ཚོས་མཁྱེན་གསལ་བཞིན་ཕྱི་ལོ་༡༩༧༩ ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོས་དབུ་མའི་ལམ་གྱི་སྲིད་བྱུས་ཕྱག་ལེན་དུ་བསྟར་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཉམ་དུ་འབྲེལ་མོལ་གྱི་ལམ་ནས་བོད་ཀྱི་གནས་བབ་ཐག་གཅོད་ཡོང་རྒྱུའི་འབད་བརྩོན་མུ་མཐུད་གནང་བ་རེད། ཕྱི་ལོ་༡༩༧༩ ནས་༡༩༩༤ བར་སྐུ་ཚབ་དང་ལྟ་སྐོར་ཚོགས་པ་སྔ་རྗེས་ཉི་ཤུ་ལྷག་ཅིག་གཏོང་རེས་ཀྱིས་རྒྱ་ནག་གཞུང་དང་བཀའ་བསྡུར་རིམ་པས་གནང་ཡང་དོན་སྨིན་གང་ཡང་སོན་མེད། ༡༩༩༤ ནས་བོད་རྒྱའི་འབྲེལ་ལམ་ཆད་པར་བརྟེན། ྋགོང་ས་ྋསྐྱབས་མགོན་ཆེན་པོས་མ་འོངས་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ཐད་ཆབ་སྲིད་ཀྱི་ལངས་ཕྱོགས་གང་འདྲ་ཞིག་དགོས་ཀྱི་ཡོད་མེད་ཐོག་མང་མོས་ཐག་གཅོད་འོས་བསྡུ་གནང་རྒྱུའི་དགོངས་པ་བཞེས་ནས་བོད་ཕྱི་ནང་དུ་འཁོད་པའི་བོད་མི་རྣམས་ནས་བསམ་འཆར་བསྡུ་བཞེས་གནང་སྐབས་བརྒྱ་ཆ་༦༤ བརྒལ་བ་ཞིག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུས་སྟབས། དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྩ་འཛིན་གནང་བར་བརྟེན། རྒྱ་ནག་དང་སྐད་ཆ་བཤད་ནས་ཐབས་ལམ་བཙལ་རྒྱུ་ཞིག་མ་གཏོགས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བ་མེད་པར་བོད་དོན་ཐག་གཅོད་ཡོང་རྒྱུའི་ཐབས་ལམ་ཞིག་མེད་པ་ཡིན་ཙང༌། བསྐྱར་དུ་བོད་རྒྱའི་འབྲེལ་ལམ་བསྐྱར་གསོ་ཡོང་རྒྱུའི་འབད་བརྩོན་བྱས་པའི་གྲུབ་འབྲས་ལ་ཕྱི་ལོ་༢༠༠༢ ནས་བསྐྱར་དུ་འབྲེལ་མོལ་འགོ་ཚུགས་སྐབས་བཙན་བྱོལ་གཞུང་གིས་གཞུང་འབྲེལ་གྱི་བརྒྱུད་ལམ་གཅིག་དང་གྲོས་གཞི་གཅིག་གི་ཐོག་ལ་མཐའ་འཁྱོང་བྱེད་རྒྱུའི་སྲིད་བྱུས་བརྟན་པོ་ཞིག་བཟུང་ནས་ཕྱི་ལོ་༢༠༠༢ ནས་༢༠༠༧ བར་འབྲེལ་མོལ་ཐེངས་དྲུག་བྱས་པ་དེའི་རིང་ལ་ཕྱོགས་ཕན་ཚུན་གཉིས་ཀའི་དོགས་པ་རྣམ་རྟོག་བསལ་རྒྱུ་དང་གོ་བརྡ་མ་འཕྲོད་པ་དེ་དག་གོ་བརྡ་འཕྲོད་པ་བཟོ་རྒྱུའི་ལས་ཀ་མང་པོ་ཞིག་བྱུང་བར་བརྟེན། ཕྱོགས་གཉིས་ཀའི་ཐོག་ལ་ཕན་ཐོགས་ཀྱང་གང་ལ་གང་འཚམས་ཤིག་བྱུང་བ་རེད། ལྷག་པར་དུ་ང་ཚོའི་ངོས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པ་ཚོའི་བསམ་བློ་གཏོང་ཕྱོགས་དང༌། འཇིགས་སྣང་དང་རེ་བ་གང་དུ་བྱེད་ཀྱི་ཡོད་པ་བཅས་གསལ་པོ་ཤེས་རྒྱུར་ཕན་ཐོགས་བྱུང་ཡོད། འོན་ཀྱང་ཕྱི་ལོ་༢༠༠༧ ནང་འབྲེལ་མོལ་ཐེངས་དྲུག་པའི་རྗེས་ཕྱི་ལོ་༢༠༠༨ ལོར་འབྲེལ་མོལ་བྱ་རྒྱུའི་འཆར་གཞི་བསྒྲིགས་མེད། འོན་ཀྱང་༢༠༠༨ ཕྱི་ཟླ་༣ ནས་བོད་ནང་ཛ་དྲག་གི་གནས་ཚུལ་རླབས་ཆེན་ཞིག་བྱུང་སྟབས། ཐུགས་ཀྱིས་མ་བཟོད་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་རྒྱལ་སྤྱིའི་ནང་ལ་འབོད་སྐུལ་གནང་ཡོད་ལ། ཐད་ཀར་ཧུའུ་ཅིན་ཐའོ་ལའང་བཀའ་ཡིག་གནང་བས་མཚོན་ཐབས་ལམ་མང་པོ་ཞིག་གནང་བ་ཡིན་ཙང༌། ༢༠༠༨ ཕྱི་ཟླ་༥ ཚེས་༤ ཉིན་ཧྲེན་ཀྲན་ལ་ནང་མོལ་གྱི་གོ་བསྡུར་བྱེད་རྒྱུའི་གོ་སྐབས་ཤིག་མ་ལེན་ཐབས་མེད་བྱུང་བ་རེད། དེ་སྐབས་འབྲེལ་མོལ་ཐེངས་བདུན་པ་དེ་ཕྱི་ཟླ་༦ པའི་ནང་གཏན་འཁེལ་བྱུང༌། དེ་ཚོ་མ་ལན་མ་འགྱོད་པ་ཞིག་དགོས་པར་བརྟེན། ང་ཚོའི་ངོས་ནས་རེ་འདུན་དེ་ཚོ་དང་ལེན་མ་བྱས་ན། རྒྱལ་སྤྱིའི་ནང་གནས་ཚུལ་མང་པོ་ཞིག་ང་ཚོའི་ཐོག་ལ་ལེ་ཁག་འཁྲི་རྒྱུ་སོང་སྟབས། ཕྱི་ཟླ་༦ ནང་འབྲེལ་མོལ་ཐེངས་བདུན་པ་བྱེད་རྒྱུའི་མོས་མཐུན་བྱས་ཀྱང༌། ཟི་ཁྲོན་ལ་ས་ཡོམ་བྱུང་བའི་དབང་གིས་ཕྱི་ཟླ་༦ ནང་གནང་མ་ཐུབ་པར་བརྟེན། ཕྱི་ཟླ་༧ ཚེས་ཤར་ལ་འབྲེལ་མོལ་ཐེངས་བདུན་པའི་སྐབས་ཕྱི་ཟླ་༥ པའི་ནང་ཧྲེན་ཀྲན་ལ་བཀའ་མོལ་བྱུང་དོན་ལྟར་གྱི་གྲུབ་འབྲས་ཤིག་མ་ཐོན་རུང༌། མཐའ་མའི་མདུད་ལ་ཁོང་ཚོའི་ངོས་ནས་ྋསྐྱབས་མགོན་རིན་པོ་ཆེས་རྒྱུན་དུ་དོན་དམ་གྱི་རང་སྲིད་རང་སྐྱོང་ངམ། ཡང་ན་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་བཅས་ཚིག་མང་པོ་ཞིག་བེད་སྤྱོད་གནང་གི་འདུག བཀའ་བློན་ཁྲི་པའི་སྐད་ཆའི་ནང་དུའང་ཚིག་འདྲ་མིན་སྣ་ཚོགས་ཤིག་བེད་སྤྱོད་གཏོང་གི་ཡོད་ཙང༌། དངོས་དོན་ཁྱེད་ཚོར་རང་སྐྱོང་གི་གནས་བབ་གང་འདྲ་ཞིག་དགོས་པ་གསལ་པོ་བཟོས་ན་ང་ཚོ་ཏན་ཏན་ཉན་འདོད་ཡོད་ལ། བསམ་བློ་གཏང་ཆོག་གི་རེད་ཅེས་བཤད་པར་བརྟེན། ཉེ་ཆར་ཕྱི་ཟླ་༡༠ ཟླ་མཇུག་དང༌། ཕྱི་ཟླ་༡༡ པའི་ཚེས་ཤར་ལ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་ང་ཚོས་ཡིག་ཐོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་འགྲེལ་བརྗོད་ཞིབ་ཕྲ་ཞིག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚོར་སྤྲད་པ་རེད། དེ་བོད་ཡིག་དང༌། དབྱིན་ཡིག རྒྱ་ཡིག་བཅས་གསུམ་ཀའི་ནང་ཡོད་པའི་དེབ་གསེར་པོ་དེ་ད་ལྟ་ཁྱེད་ཚོར་བཀྲམས་འདུག དེ་བཀྲམས་དགོས་པའི་རྒྱུ་མཚན་ཡང་དེ་ནི་འཛམ་བུ་གླིང་ལ་ཡོངས་གྲགས་ཆགས་ཟིན་པའི་ཡིག་ཆ་ཞིག་རེད། ང་ཚོའི་དགོས་འདུན་གང་ཡིན་པ་དང༌། དེའི་ཐོག་ལ་རྒྱ་མིའི་ངོས་ནས་ཁ་བྲལ་བ་ཡིན་པའི་སྐྱོན་འཛུགས་བྱེད་རྒྱུའི་གཞི་རྩ་འདུག་དང་མི་འདུག་བཅས་བོད་མི་ཚང་མས་མཁྱེན་དགོས། དངོས་གནས་བྱས་ན་ཡིག་ཆ་དེ་བོད་དུ་བསྣམས་ནའང་ཉེན་ཁ་མེད་དགོས། འོན་ཀྱང་ངས་ཉེན་ཁ་ཡོང་གི་མ་རེད་ཅེས་ཐག་བཅད་ནས་ལབ་ཐུབ་པ་མི་འདུག སོ་སོའི་རྣམ་དཔྱོད་བེད་སྤྱོད་ཀྱིས་ཐག་གཅོད་བྱེད་དགོས། དེའི་ཐོག་ནས་གནས་ཚུལ་ཡང་ལྷག་སྲིད། ང་ཚོས་ཉེན་ཁ་མེད་དགོས་ཞེས་བརྗོད་དགོས་པའི་རྒྱུ་མཚན་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ངོས་ནས་གཟུགས་མཐོང་རླུང་འཕྲིན་དང༌། རླུང་འཕྲིན། གསར་ཤོག་བཅས་ཀྱི་ཐོག་དེའི་སྐོར་ལ་དྲིལ་བསྒྲགས་དང་འཁྱོག་བཤད་མང་པོ་བྱེད་མུས་རེད། ཁོང་ཚོས་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་ཡིག་ཆ་དེ་འཁྱེར་མི་ཆོག་པ་ཨེ་ཡོད་བསམ་པ་རེད། ཕྱོགས་གཞན་ནས་ྋསྐྱབས་མགོན་རིན་པོ་ཆེས་དབུ་ཁྲིད་པའི་བཙན་བྱོལ་གཞུང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་དགོས་འདུན་གང་བཏོན་པ་དེ་བོད་ནང་ཡོད་པའི་བོད་མི་ཚོས་མཁྱེན་ན། དགོས་འདུན་དེ་ཆུང་དྲགས་པའམ་ཆེ་དྲགས་པ། ཡང་ན་དེ་ལ་བཟོ་བཅོས་གཏོང་དགོས་པའི་གནས་ཚུལ་ཡོད་ན་དེ་ཚོའི་ཐོག་དགོངས་འཆར་གནང་རྒྱུ་ཡོང་གི་རེད།

འབྲེལ་མོལ་རིམ་པའི་སྐབས་ང་ཚོས་རེ་འདུན་བཏོན་པ་དེ་དག་ཧ་ལམ་ཡོང་རྒྱུ་མེད་པ་གསལ་པོ་ཆགས་པ་ཡིན་ཙང༌། ཉེ་ཆར་ཕྱི་ཟླ་༡༡ ནང་རྡ་རམ་ས་ལར་བཙན་བྱོལ་བོད་མིའི་གནས་ཡུལ་ཡོངས་རྫོགས་ཀྱི་གཞི་རིམ་མང་ཚོགས་ཀྱི་སྐུ་ཚབ་མཚོན་པའི་ཚོགས་མིའི་དམིགས་བསལ་ཚོགས་ཆེན་ཞིག་བསྡུ་བསྐོང་བྱས་པ་དེའི་སྐབས་སུ་བརྒྱུད་ལམ་སྣ་ཚོགས་ཐོག་ནས་བོད་ནང་ཡོད་པའི་བོད་མི་ཚོའི་བསམ་ཚུལ་བསྡུ་རུབ་བྱ་རྒྱུའི་འབད་བརྩོན་བྱས་པ་ཡིན། དེ་སྐབས་ཀྱང་བོད་ནང་ནས་ྋསྐྱབས་མགོན་རིན་པོ་ཆེས་ཐག་གཅོད་གང་གནང་དང༌། དབུ་མའི་ལམ་གྱི་སྲིད་བྱུས་ལ་མོས་མཐུན་གནང་རྒྱུ་གཉིས་ཀྱི་ཐོག་ལ་དགོངས་ཚུལ་གནང་མཁན་བརྒྱ་ཆ་མང་ཤོས་བྱུང་སོང༌། དེར་བརྟེན་དགོངས་ཚུལ་གནང་མཁན་ཚོ་ལ་མཚོན་ནའང་ང་ཚོས་ཡིག་ཐོག་ལ་སྤྲད་པའི་ཡིག་ཆ་དེ་གསལ་པོ་མཁྱེན་ཐུབ་ན་ཡག་པོ་ཡོང་གི་རེད།

དབུ་མའི་ལམ་གྱི་སྲིད་བྱུས་ཕྱག་བསྟར་གནང་བ་ནས་བཟུང་ྋགོང་ས་ྋསྐྱབས་མགོན་ཆེན་པོས་༡༩༨༨ ལོར་སི་ཏྲས་སི་སྦག་ཏུ་བསྩལ་བའི་གསུང་བཤད་ནང་དབུ་མའི་ལམ་གྱི་འགྲེལ་བརྗོད་རྒྱས་པོ་ཞིག་གནང་ཡོད། རྒྱ་མི་ཚོས་དེ་ལ་དོན་ཚན་བདུན་ཞེས་དང༌། ང་ཚོས་སི་ཏྲས་སི་སྦག་གི་གསུང་བཤད་ཅེས་བརྗོད། དེ་ནི་ང་ཚོའི་དབུ་མའི་ལམ་གྱི་རིག་པའི་གཞུང་ལུགས་ལྟ་བུ་རེད། འབྲེལ་མོལ་ཐེངས་དྲུག་བྱུང་སྐབས་དོན་ཚན་བདུན་ནང་གསལ་བའི་གནས་ཚུལ་མང་པོ་ཞིག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་ངོས་ལེན་ཐུབ་ཀྱི་མེད་པ་དེ་གསལ་པོ་ཆགས་པ་རེད། ལྷག་པར་དུ་དེའི་ནང་གལ་ཆེ་ཤོས་གཅིག་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཁེ་ཕན་དེ་རེད། ཁོང་ཚོས་བོད་ལ་གཞི་རིམ་གྱི་ཁྲིམས་དང་ཆབ་སྲིད་ཀྱི་ལམ་སྲོལ་ལོགས་སུ་ཡོང་ཐབས་མེད་པ་དེ་རྒྱུ་མཚན་མང་པོའི་ཐོག་ནས་གསལ་པོ་བཟོས་ཙང༌། དེ་ལ་དགོངས་བཞེས་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཕྱི་ལོ་༢༠༠༤/༢༠༠༥/༢༠༠༦ བཅས་སོ་སོར་གནང་བའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་སི་ཏྲས་སི་སྦག་གི་གསུང་བཤད་ཀྱི་བཞེངས་ཕྱོགས་ལ་བསྐྱར་བཅོས་དང་འགྱུར་བ་གང་འཚམས་ཤིག་གནང་བ་དེ་དག་ཆ་ཚང་ད་རེས་ང་ཚོས་རྒྱ་ནག་ལ་སྤྲད་པའི་བསམ་འཆར་ཡིག་ཆའི་ནང་གསལ་པོ་ཚུད་ཡོད། མདོ་དོན་སྙིང་པོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི་རྩ་ཁྲིམས་དང༌། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་གཉིས་གཞིར་བཟུང་བོད་རིགས་ཡོངས་ལ་རང་སྐྱོང་གི་སྒྲིག་འཛུགས་གཅིག་གི་འོག་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཆ་ཚང་བ་ཞིག་ངེས་པར་དུ་ལག་བསྟར་དགོས་ཤིང༌། དེ་ཡང་རྩ་ཁྲིམས་ཀྱི་དོན་ཚན་དང༌། བཅའ་ཁྲིམས་ཀྱི་དོན་ཚན་རེ་རེ་བཞིན་གསལ་པོ་བཟོས་ཏེ་བོད་རིགས་ཚོར་རང་སྲིད་རང་སྐྱོང་གི་གནས་བབ་དང༌། རང་ཁྱིམ་རང་བདག་གི་གནས་བབ། མཱ་ཁེ་སེ་ལེ་ཉིན་གྱི་ལྟ་གྲུབ་དང་མཐུན་པའི་མི་རིགས་ས་གནས་རང་སྐྱོང་ངོ་མ་དེ་ངེས་པར་དུ་ལག་བསྟར་བྱེད་དགོས་ཞེས་བཀོད་ཡོད། ང་ཚོས་གཞི་རིམ་གྱི་ཁྲིམས་ལོགས་སུ་དགོས་ཟེར་གྱི་མེད་ལ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཁེ་ཕན་སྤྲད་དགོས་ཞེས་བརྗོད་ཀྱི་མེད། གང་ལྟར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་འགོ་བརྗོད་ནང་གྲངས་ཉུང་མི་རིགས་ལ་སྤྲད་པའི་ཁེ་ཕན་རྣམས་གསལ་ཡོད་ཅིང༌། ལྷག་པར་དུ་མཱ་ཁེ་སེ་ལེ་ཉིན་རིང་ལུགས་ནང་མི་རིགས་གཉའ་གནོན་གྱི་ལམ་སྲོལ་མེད་པ་བཟོས་ཏེ་མི་རིགས་འདྲ་མཉམ་དང་མི་རིགས་མཐུན་བསྒྲིལ་གྱི་ལམ་སྲོལ་བཙུག་དགོས་པ་དང༌། བཙན་རྒྱལ་རིང་ལུགས་ཀྱི་ལམ་སྲོལ་ནང་མི་རིགས་གཉའ་གནོན་གྱི་སྲིད་བྱུས་ལག་བསྟར་དབང་གིས་མི་རིགས་ཁ་བྲལ་དུ་འགྲོ་ཞིང༌། མི་རིགས་ཁ་བྲལ་མི་འགྲོ་ཆེད་མི་རིགས་འདྲ་མཉམ་བཟོ་དགོས་པ། མི་རིགས་འདྲ་མཉམ་བྱུང་ན་མི་རིགས་མཐུན་བསྒྲིལ་ཡོང་རྒྱུ་རེད། མི་རིགས་འདྲ་མཉམ་དང་མི་རིགས་མཐུན་བསྒྲིལ་ཡོང་རྒྱུའི་གཞི་རྩ་གཙོ་བོ་དེ་རྒྱ་རིགས་ཆེན་པོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་གཉིས་མེད་པ་བཟོ་རྒྱུར་ཐུག་ཡོད། མི་རིགས་ཆེན་པོའི་རིང་ལུགས་ནི་གཉའ་གནོན་བྱ་རྒྱུའི་རིང་ལུགས་ཤིག་དང༌། ས་གནས་མི་རིགས་རིང་ལུགས་ནི་གཉའ་གནོན་འོག་མ་བསྡད་པར་ཁ་བྲལ་བྱ་རྒྱུའི་རིང་ལུགས་ཤིག་རེད། དེ་གཉིས་མེད་པའི་ཐོག་ནས་མི་རིགས་འདྲ་མཉམ་དགོས་པར་བརྟེན། གྲངས་ཉུང་མི་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཆ་ཚང་སྤྲད་དགོས་ཟེར་བ་དེ་མཱ་ཁེ་སེ་དང༌། ལེ་ཉིན། མའོའི་ལྟ་གྲུབ་ཀྱི་གཞི་རྩར་བརྟེན་པ་ཞིག་རེད། དེའི་འགྲེལ་བཤད་རྒྱས་པ་ནི་རྩ་ཁྲིམས་ཀྱི་ལེའུ་དྲུག་པར་གསལ་ཞིང༌། དེར་དོན་ཚན་བཅུ་ཡོད་པ་དེ་ཚོའི་ནང་ཆོས་དང་རིག་གཞུང་གི་རང་སྐྱོང་དང༌། སྐད་ཡིག་གི་རང་སྐྱོང༌། ཁྲིམས་ཀྱི་རང་སྐྱོང༌། དཔལ་འབྱོར་ཐོན་སྐྱེད་ཀྱི་རང་སྐྱོང༌། ཡུལ་གྱི་གོམས་པའི་གཤིས་ལུགས་དང་ལེགས་བྱང་སྲུང་སྐྱོབ་ཆེད་གང་བྱེད་དགོས་པ། ཆོས་དད་རང་དབང་གི་རང་སྐྱོང༌། རང་བྱུང་དངོས་རྫས་ཀྱི་ཐོན་སྐྱེད་དེ་དག་བེད་སྤྱོད་བྱེད་སྟངས། ནང་གི་བདེ་འཇགས་དང་སྲུང་སྐྱོབ་ཀྱི་རང་སྐྱོང༌། ཕྱིའི་རྒྱལ་ཁབ་མཉམ་དུ་ཚོང་དང་ཤེས་ཡོན་ཆོས་རིག་སོགས་ཀྱི་ཐོག་ནས་འབྲེལ་ལམ་གྱི་རང་སྐྱོང༌། དེ་བཞིན་མི་རིགས་ས་གནས་རང་སྐྱོང་གི་ས་ཁུལ་ནང་དེའི་མི་རིགས་མ་ཡིན་པའི་ཕྱི་མི་དེ་དག་གི་འགྲུལ་བཞུད་དོ་དམ་གྱི་ཁྲིམས་ལུགས་གང་འདྲ་དགོས་མིན་བཅས་གསལ་པོ་ཡོད་པ་དེ་དག་དོན་ཚན་རེ་རེ་བཞིན་ང་ཚོས་སྤྲད་པའི་བསམ་འཆར་ཡིག་ཆ་དེའི་ནང་བཀོད་ཡོད། མདོར་ན་དབུས་གཞུང་ལ་དོན་ཚན་གཉིས་མ་གཏོགས་ལྷག་གི་མེད་ཅིང༌། རྒྱལ་སྲུང་དམག་སྲིད་དང༌། ཕྱི་རྒྱལ་མཉམ་དུ་གཞུང་ཚབ་གཏོང་ལེན་གྱི་སྲིད་དོན་གྱི་འབྲེལ་ལམ་དེ་གཉིས་རེད། དེ་མིན་མང་ཆེ་བ་ཞིག་ས་གནས་གཞུང་གི་དབང་ཆའི་ནང་དགོས་པ་དང༌། ཁ་ཤས་དབུས་དང་ས་གནས་གཉིས་ཀྱིས་དབང་ཆ་མཉམ་སྤྱོད་དགོས་རྒྱུའི་གནས་ཚུལ་ཡང་ཡོད། ད་ལྟ་བོད་རང་སྐྱོང་ལྗོངས་དང༌། བོད་རང་སྐྱོང་ཁུལ། བོད་རང་སྐྱོང་རྫོང་སོགས་རང་སྐྱོང་གི་མིང་ཡོད་པའི་སྡེ་ཚན་བཅོ་ལྔ་བོད་རིགས་ལ་ཡོད་ཅིང༌། སྤྱིར་བཏང་གྲངས་ཉུང་མི་རིགས་ལ་རང་སྐྱོང་ལྗོངས་དང་ཁུལ་དང་རྫོང་སོགས་ཧ་ལམ་༡༥༠ ཙམ་ཞིག་ཡོད་འདུག དེ་དག་ཚང་མར་རང་སྐྱོང་གི་མིང་ཙམ་མ་གཏོགས་དོན་དུ་རང་སྐྱོང་གི་གནས་བབ་གཅིག་ཀྱང་གྲངས་ཉུང་མི་རིགས་ཀྱི་ལག་པར་མེད། དཔེར་ན་བོད་རང་སྐྱོང་ལྗོངས་ལྟ་བུ་ལ་ཆ་བཞག་ན། བོད་རང་སྐྱོང་ལྗོངས་ཕྱི་ལོ་༡༩༦༥ ལོ་ནས་འགོ་བཙུགས་ཀྱང་ད་བར་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་འཐོབ་ཆེད་གོམ་པ་དང་པོ་རང་སྐྱོང་གི་ཁྲིམས་གཞི་དགོས་པ་དེའང་བཟོ་ཐུབ་མེད། ཁོང་ཚོའི་རྩ་ཁྲིམས་ནང་འཁོད་པའི་རང་སྐྱོང་གི་སྲོལ་ཡིག་ཐོག་ནས་མི་རིགས་ས་གནས་རང་སྐྱོང་ལ་ཁྲིམས་བཟོའི་དབང་ཆ་དང༌། འཛིན་སྐྱོང་གི་དབང་ཆ། ཁྲིམས་ལུགས་དབང་འཛིན་གྱི་དབང་ཆ་བཅས་གཞི་རིམ་གྱི་འཛིན་སྐྱོང་དེ་དག་ཡོང་དགོས། ད་བར་ལོ་དེ་ཙམ་ཕྱིན་ཡང་རང་སྐྱོང་སྲོལ་ཡིག་ཙམ་ཡང་གཏན་ལ་ཕབ་ཐུབ་མེད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལ་རང་སྐྱོང་གི་སྲོལ་ཡིག་གཏན་འབེབས་ཆེད་ཟིན་བྲིས་ཐེངས་གསུམ་སྤྲད་འདུག་ཀྱང༌། དེ་ལ་མོས་མཐུན་དང་བཀའ་འཁྲོལ་རག་མེད། དེས་ན་རང་སྐྱོང་ལྗོངས་ཀྱི་མིང་དེ་བཏགས་ཤིང༌། དེ་ལ་དགོས་མཁོ་ཡོད་པའི་ཚོགས་འདུ་དང༌། ལས་ཁུངས་སོགས་བཙུགས་པ་མ་གཏོགས། དངོས་གནས་རང་སྐྱོང་གི་དོན་སྣེ་གཅིག་ཀྱང་བོད་པས་མཚོན་པའི་གྲངས་ཉུང་མི་རིགས་སུ་ལའང་སྤྲད་མེད། དེར་བརྟེན་དེ་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཡིག་དང་འགལ་གྱི་འདུག དེ་དག་ཁྲིམས་མཐུན་ཐོག་ནས་ལག་ལེན་བསྟར་དགོས་པ་དང༌། ལྷག་པར་དུ་བོད་རིགས་ནི་གྲངས་ཉུང་མི་རིགས་༥༥ ནང་ནས་མི་རིགས་གཅིག་ཡིན་ཙང་དེ་ཁ་འཐོར་མ་བཏང་བར་བོད་རིགས་ཆིག་བསྒྲིལ་གྱི་གནས་བབ་ལ་ངེས་པར་ངོས་ལེན་བྱེད་དགོས་པ་དེ་ང་ཚོའི་བསམ་འཆར་གྱི་ཡིག་ཆ་དེའི་ནང་ཞིབ་གསལ་བཀོད་ཡོད། འོན་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་ཁྱེད་ཚོའི་ཡིག་ཆའི་ནང་འཁོད་པའི་རང་སྐྱོང་གི་གནས་བབ་ཡོངས་རྫོགས་བོད་རིགས་ཚང་མར་རག་གི་ཡོད་ཅེས་བཤད་ཀྱི་རེད་སྙམ་པའི་དྭོགས་པ་བྱུང་སོང༌། སྔོན་མ་ནས་ཁྱེད་ཚོས་རང་སྐྱོང་མི་འདུག་ཟེར་ཡང་རང་སྐྱོང་ཡོད་ཅེས་བརྗོད་མུས་རེད། འོན་ཀྱང་ད་རེས་ང་ཚོའི་ཡིག་ཆ་དེ་ཚོགས་འདུ་མ་ཚོགས་སྔོན་ནས་སྤྲད་པར་བརྟེན། ཁོང་ཚོར་ཉིན་གསུམ་བཞིའི་རིང་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བྱུང་བ་རེད། ད་རེས་ཁོང་ཚོས་ཁྱེད་ཚོའི་ཡིག་ཆ་འགོ་ནས་མཇུག་བར་ཕྱེད་རང་བཙན་དང༌། མངོན་པར་མི་གསལ་བའི་རང་བཙན། རྣམ་པ་འགྱུར་བའི་རང་བཙན་གྱི་བསམ་བློའི་རྒྱབ་ལྗོངས་ཐོག་ནས་བྲིས་པ་ཞིག་རེད་འདུག དེའི་དོན་གནད་གཅིག་ཀྱང་ངོས་ལེན་མི་ཐུབ་ཅེས་བཤད་འདུག དེ་རྗེས་གསར་འགོད་གསལ་བསྒྲགས་ཐོག་ལའང་དེ་རང་བཤད་ཡོད། དེ་བཞིན་ད་ལྟ་བོད་ས་ཡོངས་ལ་ཡིག་ཆ་དེའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་དང༌། ཚོགས་འདུའི་བརྒྱུད་ལམ་ཁག་ནས་འགྲེལ་བརྗོད་བྱེད་མུས་རེད། དེས་ན་བོད་རིགས་ཡོངས་ཀྱིས་ང་ཚོའི་ཡིག་ཆ་དེ་ཕྱེད་རང་བཙན་དང༌། མངོན་པར་མི་གསལ་བའི་རང་བཙན། རྣམ་པ་འགྱུར་བའི་རང་བཙན་གྱི་གཞི་རྩ་ལ་བཞག་པ་ཞིག་རེད་འདུག་གམ། ཡང་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་དང་ཡོངས་སུ་མཐུན་པ་ཞིག་རེད་འདུག དེ་ངེས་པར་དུ་མཁྱེན་དགོས། ལྷག་པར་དུ་འཁྱོག་བཤད་དང་ལོག་བཤད་ཐོག་ནས་བོད་མི་མགོ་སྐོར་གཏང་རྒྱུའི་དྲིལ་བསྒྲགས་དེ་ཚོ་བྱུང་སྐབས། བློ་གཟུ་བོ་དང་སེམས་དྲང་པོ་ཞིག་གི་ཐོག་ནས་ྋསྐྱབས་མགོན་རིན་པོ་ཆེས་དབུ་ཁྲིད་པའི་བཙན་བྱོལ་གཞུང་གིས་གང་བཤད་པ་དང༌། རྒྱ་ནག་གིས་གང་བཤད་པ་དེ་དག་མཚུངས་བསྡུར་གྱིས་གཟིགས་ཐུབ་ན་དགེ་མཚན་ཆེ། ང་ཚོའི་ངོས་ནས་བཤད་པ་དེ་བརྒྱ་ཆ་བརྒྱ་ཐམ་པ་འགྲིགས་པ་དང༌། དེ་ལ་བོད་མི་ཚང་མས་ངོས་ལེན་བྱེད་དགོས་ཞེས་བརྗོད་ཀྱི་མེད། སྤྱིར་ང་ཚོ་ཚང་མ་དང༌། ལྷག་པར་དུ་ྋགོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་ཡིད་ཆེས་བློ་གཏད་བྱ་ཡུལ་དེ་མང་གཙོའི་རིང་ལུགས་རེད། དེའི་ནང་མང་ཚོགས་མི་རེ་ངོ་རེའི་བསམ་ཚུལ་དེ་གལ་ཆེན་པོ་བརྩི་བ་མ་གཏོགས། གཞུང་གཅིག་པུའི་བསམ་ཚུལ་དེ་མི་ཚང་མས་ཁས་ལེན་དགོས་ཞེས་དབང་བྱུས་ཀྱི་ཐོག་ནས་བཀོད་ཁྱབ་བྱ་རྒྱུ་ནམ་ཡང་མེད། དེས་ན་ཁྱེད་ཚོས་ཕྱོགས་སུ་མ་ལྷུང་བར་བློ་གཟུ་བོར་གནས་པའི་ཐོག་ནས་རྒྱ་མིས་བཤད་པ་དང༌། ང་ཚོས་བཤད་པ་གཉིས་ཀར་ཞིབ་ཚགས་པོས་གཟིགས་ནས་བོད་ནང་ཡོད་པའི་བོད་མི་ཚོའི་དགོངས་ཚུལ་དང༌། བཙན་བྱོལ་གཞུང་གི་བསམ་ཚུལ་གཉིས་པོ་དེ་མཐུན་པ་ཞིག་བྱུང་ན། ང་ཚོའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་ཡང་དག་པ་དང་ནུས་ལྡན་ཞིག་ཡོང་རྒྱུ་རེད། དེ་མཐུན་པ་ཡོང་རྒྱུར་བོད་ནང་བཞུགས་མཁན་གྱི་བོད་མི་ཤེས་ཡོན་ཅན་ཚོའི་དགོངས་འཆར་དེ་འདྲ་ཡོད་ན། ང་ཚོས་ངེས་པར་དུ་བསམ་གཞིགས་དང་ལེན་ཞུ་རྒྱུ་ཡིན། དེས་ན་ང་ཚོའི་ཡིག་ཆ་དེའི་གནད་དོན་དེ་དག་མཁྱེན་དགོས་རྒྱུ་གལ་ཆེན་པོ་འདུག་ཅེས་དོན་དག་གཅིག་དེ་ཞུ་རྒྱུའི་འདོད་པ་བྱུང་སོང༌།

སྔ་ལོ་༢༠༠༨ ལ་བོད་ནང་བྱུང་བའི་ཟིང་ཆ་ཡོངས་རྫོགས་ྋརྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་གཞུང་གི་ངོས་ནས་སྐུལ་སློང་བྱས་པ་ཡིན་ཚུལ་གྱི་སྐྱོན་བརྗོད་ཤུགས་ཆེ་བྱས་པ་རེད། དེ་སྐབས་ྋསྐྱབས་མགོན་རིན་པོ་ཆེ་དང་ང་ཚོའི་ངོས་ནས་ཁྱེད་ཚོས་དེ་ལ་ཞིབ་འཇུག་མཐར་ཕྱིན་གྱིས་ར་འཕྲོད་པ་དང་དན་རྟགས་ཡོད་པ་ཞིག་དགོས་ཞེས་རྒྱལ་སྤྱིའི་ནང་ཡིག་ངག་གཉིས་ཐོག་ནས་ཤུགས་ཆེ་བཤད་པ་རེད། ལྷག་པར་ཧྲེན་ཀྲན་དུ་ནང་ལུགས་ཀྱི་གྲོས་མོལ་བྱེད་སྐབས་སུའང་ཁོང་ཚོར་ནན་བརྗོད་བྱས་ཡོད། ཁོང་ཚོའི་ངོས་ནས་རྒྱལ་སྤྱིའི་ནང་བཤད་པ་དེ་གནས་ཚུལ་ངོ་མ་ཡིན་པ་ར་མ་འཕྲོད་ཙང༌། ྋརྒྱལ་བ་རིན་པོ་ཆེས་བོད་ནང་རྙོག་དྲྭ་བསླངས་པ་མིན་པར་རྙོག་དྲྭ་སློང་མཁན་ཚོར་རྒྱབ་སྐྱོར་གནང་གི་འདུག རྙོག་དྲྭ་སློང་མཁན་དེ་དག་སྡུག་ཅག་རེད་ཅེས་སྐྱོན་བརྗོད་དང་དགག་བྱ་གནང་དགོས། དེས་ན་རྒྱབ་སྐྱོར་མི་བྱེད་པ་བཞི་ཞེས་པ་མ་གཏོགས་མཚམས་འཇོག་བྱེད་དགོས་པ་གསུམ་ཞེས་པའི་གནས་ཚུལ་དེ་བཤད་ཀྱི་མེད་ཅེས་ཁོང་ཚོས་དངོས་སུ་སྐུ་ཚབ་རྣམ་པ་དང་འབྲེལ་མོལ་སྐབས་དེ་འདྲ་ཞིག་བརྗོད་འདུག ཡིན་ནའང་དྲ་རྒྱ་དང་གསར་འཕྲིན་སོགས་བརྒྱུད་ལམ་ཁག་ཏུ་ྋསྐྱབས་མགོན་རིན་པོ་ཆེ་དང་བཙན་བྱོལ་སྤྱི་ཚོགས་ལ་སྐྱོན་བརྗོད་དང༌། ཉེས་མེད་ནག་འཛུགས་ཀྱི་གནས་སྟངས་མུ་མཐུད་འགྲོ་མུས་རེད། འོན་ཀྱང་ང་ཚོའི་ངོས་ནས་བསྐྱར་ལྡབ་ཡང་ལྡབ་ཀྱིས་རྒྱལ་སྤྱིའི་ནང་སྐད་གསངས་མཐོན་པོས་དེ་འདྲའི་དོགས་པ་རྣམ་རྟོག་ཡོད་ན་ངེས་པར་དུ་རང་དབང་ལྡན་པའི་རྒྱལ་སྤྱིའི་དབང་ཚད་ཡོད་པའི་ཚོགས་པས་བཙན་བྱོལ་སྤྱི་ཚོགས་དང་བོད་ནང་ཞིབ་འཇུག་གནང་དགོས་ཤིང༌། ལྷག་པར་དུ་ལོ་རེ་བཞིན་གསར་འབྱོར་མང་པོ་ྋསྐྱབས་མགོན་རིན་པོ་ཆེར་མཇལ་ཁར་བཅར་སྐབས་ཀྱི་བཀའ་སློབ་རྣམས་སྒྲ་འཛིན་འཁོར་ཐག་དང་ཡིག་ཆའི་ནང་ཡོད་མུས་དེ་དག་དང༌། རྡ་རམ་ས་ལའི་ལས་ཁུངས་ཀྱི་ཡིག་སྣོད་ཡོངས་རྫོགས་བསྔོག་ན་འགྲིག་གི་རེད། གང་ལྟར་ཧམ་བཤད་མིན་པར་ཞིབ་འཇུག་གནང་ནས་ངེས་པར་དུ་ར་སྤྲོད་གནང་དགོས་ཞེས་རྒྱལ་སྤྱིའི་ནང་ཤུགས་ཆེན་པོས་བཤད་བཞིན་པ་ཡིན།

ད་ལྟ་ངས་གོང་དུ་ཞུས་པ་བཞིན་འདི་ལོ་ཕྱི་ཟླ་༣ ཚེས་༡༠ ནས་ང་ཚོ་བཙན་བྱོལ་དུ་འབྱོར་ཏེ་ལོ་༥༠ དང༌། ༡༩༥༩ ལོར་བོད་མིའི་ཞི་བའི་གྱེན་ལངས་ཀྱི་ལོ་༥༠ འཁོར་བའི་དུས་ཚོད་ཅིག་འཁེལ་བ་དེའི་ཐོག་འདི་ལོ་ཕྱི་ཟླ་༣ ཚེས་༡༠ ནས་རྗེས་ལོའི་ཕྱི་ཟླ་༣ ཚེས་༡༠ བར་ལོ་འཁོར་གཅིག་རིང་ལོ་ལྔ་བཅུའི་རྗེས་དྲན་ཞིག་བཙན་བྱོལ་ནང་བྱེད་རྒྱུ་རེད། དེའི་ནང་གཙོ་ཆེ་བ་དེ་གནས་ཡུལ་རྒྱལ་ཁབ་སོ་སོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག་ང་ཚོའི་ལོ་ལྔ་བཅུའི་བྱུང་རབས་ལ་བསྐྱར་ཞིབ་ཀྱིས་ང་ཚོས་ནོར་འཁྲུལ་དང་ཞན་ཆ་འཐུས་ཤོར་གང་སོང་བ་དང༌། མ་འོངས་པར་དེ་དག་མི་ཡོང་བའི་ཐབས་ལམ་གང་དགོས། ང་ཚོར་བཟང་ཕྱོགས་ཀྱི་གནས་ཚུལ་བྱུང་བ་དེ་དག་མུ་མཐུད་གནས་ཐུབ་པར་གང་བྱེད་དགོས་པ་བཅས་ལ་བསམ་ཞིབ་བྱེད་དགོས་པའི་བོད་ཕྱི་ནང་གཉིས་ལ་གལ་གནད་ཆེ་བའི་ལོ་གཅིག་ཆགས་ཡོད། གང་ལྟར་ང་ཚོས་འདས་པའི་ཉམས་མྱོང་ལ་གཞིགས་པའི་མ་འོངས་པའི་འཆར་གཞི་འགོད་སྟངས་ཤིག་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་ཅེས་ཞུ་རྒྱུ་ཡིན།

དེ་ནས་མཐའ་མ་དེ་ལ་ད་ཕན་འདས་པའི་ལོ་༥༠ རིང་བོད་ཀྱི་དཀའ་རྙོག་དེ་འཛམ་གླིང་ནང་མ་ཡལ་བར་ལོ་རེ་ནས་ལོ་རེར་རྒྱལ་སྤྱིའི་རྒྱབ་སྐྱོར་ཇེ་མཐོ་ཇེ་བཟང་དུ་འགྲོ་བ་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུའི་མཛད་འཕྲིན་དང༌། གང་ཉིད་ཀྱི་དབུ་ཁྲིད་ལམ་སྟོན་འོག་གཞིས་བྱེས་བོད་མི་ཡོངས་ཀྱིས་འཚེ་མེད་ཞི་བའི་ལམ་ལ་མཐའ་གཅིག་ཏུ་རྩ་འཛིན་བྱས་པ་དེའི་དབང་གིས་བྱུང་བ་ཞིག་རེད། དཔེར་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཅིག་པུར་མཚོན་ནའང་མན་ཇུ་དང༌། སོག་པོ། ཡུ་གུར་བཅས་དང༌། དེ་མིན་གྲངས་ཉུང་མི་རིགས་མང་པོ་ཞིག་ཡོད་རུང༌། ཚང་མ་ང་ཚོ་དང་གནས་སྟངས་ཧ་ལམ་གཅིག་པ་རེད། འོན་ཀྱང་ད་ལྟ་མན་ཇུའི་མི་རིགས་ལྟ་བུར་མཚོན་ན་བཙལ་ནའང་ཧ་ལམ་མ་རྙེད་པ་ལྟ་བུ་ཞིག་ཆགས་ཟིན། དེ་ནི་རྒྱུན་རིང་བར་རྒྱ་ནག་ལ་དབང་སྒྱུར་བྱེད་མཁན་གྱི་མི་རིགས་ཤིག་རེད། དེ་བཞིན་ཡུ་གུར་ལྟ་བུར་མཚོན་ན་འཛམ་གླིང་ནང་ཁོང་ཚོའི་ཆོས་ལུགས་གཅིག་པའི་སྤྱི་ཚོགས་མང་པོ་ཡོད་པ་མ་ཟད། མི་འབོར་གྱི་ཆ་ནས་ཤུགས་ཆེ་རུང༌། ད་ལྟ་འཛམ་གླིང་ནང་ཧ་ལམ་གོ་རྒྱུ་མེད། སྔ་ལོ་ཕྱི་ཟླ་༣ ནས་བཟུང་འཛམ་གླིང་གི་བརྒྱུད་ལམ་ནང་མ་ཡན་མར་དང༌། ལང་ཀ པཱ་ལི་སེ་ཐན། ཨི་ཛི་རལ་བཅས་ལས་བོད་ཀྱི་གནས་ཚུལ་དེ་མང་བ་སླེབས་འདུག་ཅེས་བཤད་མུས་རེད། ཕྱོགས་གཅིག་ནས་ྋརྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་དང༌།

གཉིས་ནས་འཚེ་མེད་ཞི་བའི་ལམ་གྱི་ལྟ་གྲུབ་དེ་གཉིས་ལ་ཐུག་པར་བརྟེན། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚེ་ྋཞབས་པད་བརྟན་པ་དང་ཐུགས་ཀྱི་བཞེད་དོན་འགྲུབ་ཆེད་གཞིས་བྱེས་བོད་མི་ཡོངས་ཀྱིས་ཅི་གསུང་བཀའ་བསྒྲུབ་ཞུ་དགོས་པ་དང༌། དངོས་ཤུགས་བརྒྱུད་གསུམ་ནས་འཚེ་མེད་ཞི་བའི་ལམ་དང་མི་འགལ་བ་གནང་དགོས་རྒྱུ་དེ་ང་ཚོའི་རྩ་དོན་སྙིང་པོའི་ནང་ནས་སྙིང་པོ་ཞིག་ཆགས་ཡོད། ཕ་རོལ་པོའི་ངོས་ནས་ཧ་ཅང་གནས་ཚུལ་ཛ་དྲག་པོ་དང༌། སྡུག་པོ། ཁོང་ཁྲོ་སློང་རྒྱུའི་ལས་འགུལ་སྣ་ཚོགས་སྤེལ་སྐབས་དངོས་གནས་ང་ཚོ་འཚེ་མེད་ཞི་བའི་ཐོག་ལ་གནས་ཐུབ་མི་ཐུབ་ཀྱི་རྒྱུགས་སྤྲོད་དང་ཚོད་བལྟ་ལྟ་བུ་དེ་རེད། དཀའ་ངལ་ཇི་ཙམ་ཡོད་རུང་ང་ཚོ་འཚེ་མེད་ཞི་བའི་ཐོག་ལ་གནས་དགོས་པ་དང༌། ལྷག་པར་དུ་སྔ་ལོ་བོད་ནང་བྱུང་བའི་གནས་ཚུལ་དེ་ཚོའི་ཐོག་ང་ཚོའི་ངོས་ནས་ཆ་ཚང་འཚེ་མེད་ཞི་བའི་ཐོག་ལ་གནས་པ་ཤ་སྟག་ངོས་ལེན་བྱེད་ཀྱི་ཡོད། ཁོང་ཚོས་འཚེ་བ་བྱས་འདུག་ཟེར་བ་རྣམས་མང་ཆེ་བ་ཁོང་ཚོས་བཟོས་པ་མ་གཏོགས། བོད་མིའི་ངོས་ནས་དང་བླངས་ཀྱིས་འཚེ་བ་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། མ་འོངས་པར་ང་ཚོས་ངེས་པར་དུ་འཚེ་མེད་ཞི་བའི་ལྟ་གྲུབ་དེ་ཤུགས་ཆེན་པོའི་ཐོག་ནས་འཛིན་དགོས་པ་དང༌། ྋརྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་འོག་གཅིག་གྱུར་གྱིས་འགྲོ་ཐུབ་དགོས་པ་དེ་བོད་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་དང་བདེན་མཐའ་གསལ་རྒྱུའི་རྒྱུ་རྐྱེན་བླ་མེད་དེ་ཡིན་སྟབས། དེ་སྔའང་ཁྱེད་ཚོས་རྡོག་རྩ་ཆིག་བསྒྲིལ་ཐོག་ནས་ྋརྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་འོག་འཚེ་མེད་ཞི་བའི་ལམ་གྱི་ཐོག་གནས་ཐུབ་པ་རེད། མ་འོངས་པར་ད་དུང་ཛ་དྲག་ཆེ་རུ་ཕྱིན་ནའང་འཚེ་མེད་ཞི་བའི་ལམ་གྱི་ལྟ་གྲུབ་དང་མི་འགལ་བ་དགོས་རྒྱུ་དེ་གལ་ཆེན་པོ་རེད།

དེ་ནས་ང་ཚོའི་ཆབ་སྲིད་ཀྱི་གནས་བབ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ཁ་བྲལ་འགྲོ་རྒྱུ་ཞིག་ནམ་ཡང་བཤད་ཀྱི་མེད། འོན་ཀྱང་ང་ཚོ་ལ་ཁ་བྲལ་བ་རེད་ཟེར་རྒྱུ་དེ་བརྒྱ་ཆ་བརྒྱ་ཐམ་པ་རྫུན་བཤད་ཀྱི་ཡོད་པ་དང༌། ཁོང་ཚོའི་ངོས་ནས་ཁ་བྲལ་བ་ཞེས་མིང་བཏགས་ས་ཞིག་དགོས་པ་དེ་མེད་དུ་མི་རུང་བ་ཡིན་ཙང༌། ང་ཚོར་བཏགས་པ་མ་གཏོགས། ང་ཚོའི་ངོས་ནས་ཁ་བྲལ་བྱེད་ཀྱི་ཡོད་མེད་དེ་འཛམ་གླིང་ཡོངས་རྫོགས་ལ་གསལ་པོ་ཆགས་ཡོད། དེ་ལ་དོགས་པ་རྣམ་རྟོག་བྱེད་མཁན་སུའང་མེད། བོད་ནང་ཡོད་པའི་བོད་མིའི་ཁྲོད་དེ་འདྲའི་དོགས་པ་རྣམ་རྟོག་ཡོད་མཁན་ཧ་ལམ་མེད་རུང༌། རྒྱ་མིའི་དྲིལ་བསྒྲགས་ཧ་ཅང་ཤུགས་ཆེ་བར་བརྟེན། དེ་འདྲ་རྩ་ནས་དགོངས་པ་མ་བཞེས་རོགས་གནང༌། ང་ཚོའི་ངོས་ནས་ལྷག་བསམ་རྣམ་དག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ང་ཚོའི་མ་འོངས་པའི་མདུན་ལམ་བཙལ་རྒྱུ་མ་གཏོགས། དེ་ལས་གཞན་པའི་གནས་ཚུལ་སྣ་གཅིག་མེད་པ་དེ་ངེས་པར་དུ་ཚང་མས་ཐུགས་འཇགས་གནང་རོགས་གནང་ཞུ་རྒྱུ་ཡིན།

དེ་ནས་དེང་སང་བོད་པའི་སྤྱི་ཚོགས་ནང་ཆོས་ཀྱི་མིང་ཐོག་ནས་ཁ་བྲལ་དང་རྙོག་དྲྭ་བཟོ་རྒྱུའི་གནས་སྟངས་གཅིག་ཡོད་པ་ནི་དོལ་རྒྱལ་བསྟེན་གསོལ་དེ་རེད། བོད་ནང་ཡོད་པའི་བོད་མི་མང་ཆེ་བས་ྋརྒྱལ་བ་རིན་པོ་ཆེའི་བཀའ་དགོངས་གཞིར་བཟུང་སྤང་བླང་ཞུས་ཏེ་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་གནང་ཡོད། དེ་ཚོ་ནི་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་ཡུལ་ཞིག་རེད། འོན་ཀྱང་རྒྱ་མིས་དེ་ཆབ་སྲིད་ཀྱི་ལག་ཆ་ཞིག་ལ་ངོས་འཛིན་གྱིས་བཙན་དབང་ཐོག་ནས་དོལ་རྒྱལ་བསྟེན་འཇུག་རྒྱུའི་གནས་ཚུལ་ཤུགས་ཆེན་པོ་ཞིག་བོད་ནང་ཡོད་པའི་དགོན་སྡེ་ཁག་དང༌། ལྷག་པར་དུ་དགེ་ལུགས་ཀྱི་དགོན་སྡེ་ཁག་ནང་ཡོང་མུས་དེ་ནི་དངོས་གནས་དཀའ་ངལ་གྱི་རང་བཞིན་ཞིག་རེད། བཙན་བྱོལ་སྤྱི་ཚོགས་ནང་དོལ་རྒྱལ་གྱི་དཀའ་རྙོག་དེ་ཤུགས་ཆེན་པོ་དང་རྒྱ་ཆེན་པོ་གང་ཡང་མེད། སྦར་མོ་གང་མ་གཏོགས་མེད་རུང་གང་ཡོད་པ་དེ་ཚོ་མངོན་གསལ་གང་དོད་ཀྱི་ཐོག་ནས་བོད་པའི་སྤྱི་ཚོགས་ལ་མཚན་ཤས་བཟོ་རྒྱུ་དང༌། ྋསྐྱབས་མགོན་རིན་པོ་ཆེའི་དགོངས་བཞེད་དཀྲུག་རྒྱུའི་གནས་ཚུལ་ཞིག་ཡོང་དང་ཡོང་མུས་རེད། དེ་ལ་ཚང་མས་དངོས་ཤུགས་བརྒྱུད་གསུམ་ནས་དོགས་ཟོན་དང་གདོང་ལེན་གནང་དགོས་རྒྱུ་དེ་ཧ་ཅང་གལ་ཆེ། ལྷག་པར་དུ་བོད་ནང་དྲིལ་བསྒྲགས་ཤུགས་ཆེ་ཞིག་ནི་དོལ་རྒྱལ་བཀག་འགོག་བྱ་རྒྱུ་དེ་ྋརྒྱལ་བ་རིན་པོ་ཆེའི་གཡས་གཡོན་ལ་ཡོད་པའི་མི་ཁ་ཤས་ཀྱིས་བཟོས་པ་མ་གཏོགས། ྋསྐྱབས་མགོན་རིན་པོ་ཆེའི་དགོངས་བཞེད་ངོ་མ་མ་རེད་ཅེས་དང༌། ཡང་ན་དོལ་རྒྱལ་བསྟེན་གསོལ་བཀག་འགོག་བྱ་རྒྱུ་དེ་ཆོས་དད་རང་དབང་ལ་འགལ་ཟླ་འགྲོ་གི་ཡོད་ཅེས་པ་དེ་རེད། དེ་འདྲའི་ལོག་པའི་དྲིལ་བསྒྲགས་ལ་མགོ་བོ་མི་འཁོར་བ་དགོས། ནང་པ་སངས་རྒྱས་པའི་ཆོས་ནང་འོས་པ་དང་མ་འོས་པ། རུང་བ་དང་མ་རུང་བ་གསུང་རྒྱུ་དེ་ཆོས་དད་རང་དབང་དང་འབྲེལ་བ་གང་ཡང་མེད། དཔེར་ན་སངས་རྒྱས་པའི་ཆོས་ནང་སྲོག་མ་གཅོད། རྐུ་མ་མ་རྐུ། རྫུན་མ་ཤོད་ཅེས་གསུངས་པ་དེ་དག་ཆོས་པའི་རྗེས་འཇུག་ཚོར་བཤད་ན། དེ་ཆོས་དད་རང་དབང་ལ་བཀག་འགོག་བྱས་པ་ཞིག་རེད་དམ། ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོར་ཕག་ཤ་མ་ཟ་ཞེས་བཤད་ན། ངའི་ཁ་ཟས་ཀྱི་རང་དབང་ལ་བཀག་འགོག་བྱེད་ཀྱི་འདུག་ཅེས་བརྗོད་དམ། ཧིན་རྡུ་ཆོས་ལུགས་པ་ཞིག་ལ་བ་ཕྱུགས་ཀྱི་ཤ་མ་ཟ་ཞེས་ཁོང་ཚོའི་བླ་མས་བཤད་ན། དེ་ནི་ཁོའི་ཆོས་དད་རང་དབང་ལ་གནོད་ཅེས་སྨྲ་ཐུབ་བམ། དེ་བཞིན་ནང་པ་སངས་རྒྱས་ཀྱི་སྐྱབས་འགྲོའི་བསླབ་བྱ་དང་མི་འགལ་བའི་དོན་དུ་འཇིག་རྟེན་པའི་དྲེགས་པ་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོར་བསྟེན་གསོལ་བྱ་རྒྱུ་མི་འགྲིགས་གསུང་རྒྱུ་དེ་ཆོས་དང་མཐུན་པ་ཞིག་རེད་མ་གཏོགས། དེ་དང་འགལ་ཟླའི་གནས་ཚུལ་ཞིག་མིན། དེས་ན་ལོག་པའི་དྲིལ་བསྒྲགས་ལ་དབུ་མ་འཁོར་བ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་འདུག་ཅེས་ཞུ་རྒྱུ་ཡིན།

ད་ལྟ་བོད་ནང་གནས་ཚུལ་ཧ་ཅང་ཛ་དྲག་པོ་དང་བཟོད་བསྲན་ཁག་པོ་ཇི་ཙམ་ཡོད་རུང༌། ཕྱོགས་གཅིག་ནས་འཚེ་མེད་ཞི་བའི་ལམ་ལ་རྟག་ཏུ་ཡིད་ཆེས་བློས་འགེལ་བྱ་རྒྱུ་དང༌། ཕྱོགས་གཞན་ནས་མིའི་ཚེ་སྲོག་ཤོར་རྒྱུ་དང་བཙོན་ཁང་དུ་མི་འགྲོ་བ་གཙོ་འདོན་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་འདུག ད་ལྟ་བོད་ནང་བཙན་གནོན་དང་དྲག་ཤུགས་ཆེ་རུ་ཕྱིན་པའི་དབང་གིས་མི་མང་པོ་ཞིག་ཆུད་ཟོས་འགྲོ་བའི་ཉེན་ཁ་ཡོད་མུས་རེད། སྲོག་བཏང་ནས་ལམ་སེང་འབྲས་བུ་ཆེན་པོ་ཞིག་འཐོན་རེ་ཡོད་ན། བསྟན་པ་ཆབ་སྲིད་དང་མི་རིགས་ཀྱི་དོན་དུ་སྲོག་བཏང་ཡང་གཏོང་གོ་ཆོད་པ་མ་གཏོགས། དེ་ལ་བློ་ཕམ་བྱེད་དགོས་གང་ཡང་མེད། ཡིན་ནའང་མི་མང་པོ་ཞིག་གི་སྲོག་གི་འགྲོ་སོང་བཏང་ནས་ལམ་སེང་འབྲས་བུ་ཐོན་པ་ཞིག་མ་བྱུང་ན། མི་གཅིག་ཡིན་ཡང་གསོན་གནས་ཐུབ་ཚེ་དེ་བོད་མི་རིགས་ལ་ཕན་ཐོགས་ཆེ། དེས་ན་དོན་མེད་གནས་ཚུལ་མ་ལྷག་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན།

ཁྱེད་ཚོ་རྒྱུན་རིང་པོ་འདིར་ཚོགས་ཁང་ནང་བཞུགས་ཏེ་སྐུ་མཉེལ་ཡོད་ཀྱི་རེད། ངས་བཤད་ཀྱིན་བསྡད་ན་གནས་ཚུལ་འདྲ་མིན་མང་བས་ཞུ་ཚད་ཀྱང་མེད། གཙོ་ཆེ་ཤོས་ཁྱེད་ཚོ་མཇལ་རྒྱུ་དང༌། ཁྱེད་ཚོའི་བརྒྱུད་ནས་བོད་ནང་གི་གཞིས་བཞུགས་བོད་མི་ཚོ་ལ་འཚམས་འདྲི་ཞུ་རྒྱུ་དེ་ཡིན། ད་རེས་ཁྱེད་ཚོ་འདིར་ཕེབས་ཐུབ་པ་དེ་སྐལ་བ་བཟང་པོ་རེད། ྋསྐྱབས་མགོན་རིན་པོ་ཆེ་མཇལ་རྒྱུ་དང་གསུང་ཆོས་ཉན་རྒྱུ་བཅས་བྱུང་བ་རེད། ཕར་ཕེབས་ནས་མུ་མཐུད་མི་རིགས་ཀྱི་ལས་དོན་རྒྱུན་འཁྱོངས་ཐུབ་རྒྱུའི་རེ་བ་དང་སྨོན་ལམ་ཡོད། ཚང་མ་སྐུ་ཚེ་རིང་པོ་དང༌། སྐུ་གཟུགས་བདེ་པོ། ཐུགས་སེམས་སྤྲོ་པོ་ཡོང་རྒྱུ། དེ་བཞིན་ཚང་མས་སྤྱི་མཐུན་གྱི་བསོད་ནམས་བསགས་པ་ལ་བརྟེན་ནས་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བ་དང༌། བོད་གཞིས་བྱེས་མཉམ་འཛོམས། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་ལ་ྋཞབས་སོར་འཁོད་ཐུབ་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།

ཕྱི་ལོ་༢༠༠༩ ཟླ་༡ ཚེས་༡༣ ཉིན་གནས་མཆོག་ཝཱ་རཱ་ཎ་སིའར་ྋགོང་ས་མཆོག་གི་གསུང་ཆོས་སུ་ཕེབས་པའི་གཞིས་བཞུགས་བོད་མི་རྣམས་ལ་གནང་བའི་གསུང་བཤད།