གཱཾནྡཱི་དང་གོ་ལ་གཅིག་སྒྱུར་རིང་ལུགས་སོགས་ཀྱི་སྐོར་གསུང་བཤད།

༄༅།། ༢༠༡༤ ཕྱི་ཟླ་ ༡༡ ཚེས་ ༢༡ ནས་ ༢༩ བར་དེཧརཱདཱུན་ཉེ་འགྲམ་དུ་གནས་པའི་ནབ་དྷཱནྱ་ (Navdanya) ཡང་ན་བཱིཇ་བིདྱཱཔཱིཋ་ (Bija Vidyapeeth) ཞེས་འབུམ་རམས་པ་བནྡནཱ་ཤིབ་ (Dr. Vandana Shiva) མཆོག་གིས་འཛིན་སྐྱོང་གནང་བའི་གྲགས་ཅན་གྱི་སོན་དང་སྐྱེ་ལྡན་སོ་ནམ་ཉམས་ཞིབ་ཁང་དུ་Gandhi and Globalization 4“གཱཾནྡཱི་དང་གོ་ལ་གཅིག་སྒྱུར་རིང་ལུགས་” (Gandhi and Globalization) ཐོག་ཟབ་སྦྱོང་ཞིག་ཚུགས་ཤིང་། དེར་རྒྱ་གར་དང་འབྲུག་བཅས་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་གནད་ཡོད་དོན་གཉེར་བ་མང་དག་ཅིག་མཉམ་ཞུགས་གནང་ཡོད།
Gandhi and Globalization 3༢༠༡༤ ཕྱི་ཟླ་ ༡༡ ཚེས་ ༢༩ དང་ ༣༠ བཅས་ཉིན་གཉིས་རིང་སློབ་དཔོན་ཟམ་གདོང་རིན་པོ་ཆེས་བརྗོད་གཞི་དེའི་ཐོག་གསུང་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་ཞིང་། དེ་ཡང་ཚེས་ ༢༩ ཉིན་སྔ་དྲོ་རིན་པོ་ཆེས་གོ་ལ་གཅིག་སྒྱུར་གྱི་རིང་ལུགས་སྐོར་དང་། འཇིག་རྟེན་ནང་ཀླན་ཀ་ཆེན་པོ་ཁག ལྷག་པར་དེང་རབས་ཀྱི་སྤྱི་ཚོགས་དཔལ་ཡོན་ལས་བྱུང་བའི་དཀའ་རྙོག་ཁག དེ་ལ་གདོང་ལེན་གནང་ཐབས་སོགས་ལས་བརྩམས་ཏེ་གསུངས་རྗེས། དྲི་བ་གནད་ཡོད་མང་པོ་ཕུལ་བར་ལན་འདེབས་ཀྱང་གནད་སྨིན་གནང་།
Gandhi and Globalization 1ཕྱི་དྲོའི་ཚོགས་ཐུན་ནང་རིན་པོ་ཆེས་སྔ་དྲོའི་བརྗོད་གཞི་དེ་ལས་འཕྲོས་ཏེ། མི་ཚེ་སྐྱིད་པོ་དང་དོན་ལྡན་ཇི་ལྟར་སྐྱེལ་ཚུལ་སོགས་རྒྱས་པར་གསུངས་རྗེས། དྲི་བ་དང་། དྭོགས་གཞི། དགོངས་འཆར་ཁག་ལ་ལན་འདེབས་དང་གསལ་བཤད་ཁ་གསལ་གཏིང་ཟབ་གནང་།
༢༠༡༤ ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་མུ་མཐུད་དེ་སྔ་དྲོ་རིན་པོ་ཆེས་དེང་རབས་དང་སྲོན་རྒྱུན་གཉིས་ཀྱི་ངོ་བོའི་སྐོར་ལ་རྒྱས་ཙམ་གསུངས་རྗེས། འབུམ་རམས་པ་བནྡནཱ་ཤི་བཱ་ནས་ཟབ་སྦྱོང་མཇུག་བསྡོམས་གནང་སྐབས་རིན་པོ་ཆེའི་གསུང་བཤད་ལས་དྲངས་ཏེ་ཀུན་སློང་ཡང་དག་ཡིན་མིན་དང་། བེད་སྤྱོད་དང་བག་མེད་ལོངས་སྤྱོད་གཉིས་ཀྱི་ཁྱད་པར་བཅས་ཀྱི་ཐོག་ནན་བརྗོད་གནང་།
མཐར་རིན་པོ་ཆེས་ཟབ་སྦྱོང་བ་རྣམས་ལ་ཕྱག་འཁྱེར་བསྩལ་བ་བཅས།