གོམ་བགྲོད་པ་བཀག་བསྐྱིལ་ཐོག་བྱ་དགོས་བྱུང་བའི་གསལ་བཤད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལེའུ་ ༡༡ དོན་ཚན་ ༤༡ པའི་འོག་ནས་ད་ལྟ་འདིར་ཛ་དྲག་གི་ཐོག་ནས་དུས་ཚོད་འདི་ཞུ་དགོས་ཐུབ་སོང༌། ཉེ་ཆར་ཕྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་ནས་རྡ་རམ་ས་ལ་ནས་གོམ་བགྲོད་ཐག་རིང་པོ་འགྲོ་རྒྱུའི་ལས་གཞི་ཞིག་འགོ་བརྩམས་ཡོད་རེད། ལས་གཞི་དེ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་རང་དབང་དང་རང་ཁུར་གྱི་ཐོག་ནས་བརྩམས་པ་ཞིག་ཡིན་དུས་འཛིན་སྐྱོང་དང་འབྲེལ་བ་གང་ཡང་ཆགས་ཀྱི་ཡོད་མ་རེད། སྤྱིར་སྟངས་འཛིན་སྐྱོང་གི་ལངས་ཕྱོགས་དེ་ག་རེ་རེད་ཅེ་ན། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་འདི་ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་ལ་ཡོད་པ་བཞིན། རྒྱ་ནག་གི་ནང་ལ་ཨོ་ལམ་པིཀ་རྩེད་འགྲན་དེ་བར་ཆད་མེད་པའི་ཐོག་ནས་འགྲོ་ཐུབ་པ་ཞིག་དང༌། དེ་ལ་ྋསྐྱབས་མགོན་རིན་པོ་ཆེས་ཐོག་མཐའ་བར་གསུམ་དུ་བཞེངས་ཕྱོགས་དེ་ཐོག་མར་རྒྱ་ནག་ལ་ཨོ་ལམ་པིཀ་རྩེད་འགྲན་གྱི་མགྲོན་བདག་གི་གོ་སྐབས་མ་སྤྲད་པའི་གོང་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་གསུངས་པ་ཡིན་ཙང༌། ྋརྒྱལ་བ་རིན་པོ་ཆེས་ག་དུས་ཡིན་ནའང་བཞེངས་ཕྱོགས་གཅིག་པ་ཞིག་མ་གཏོགས། སྐབས་དང་དུས་ལ་བརྟེན་ནས་བཞེངས་ཕྱོགས་འགྱུར་བ་གཏོང་མཁན་ཞིག་ཆགས་ཀྱི་ཡོད་མ་རེད། དེ་ད་རེས་གསུང་འཕྲིན་ནང་ལ་བསྐྱར་ལྡབ་བྱས་ནས་གསུངས་ཡོད་པར་བརྟེན། བཀའ་ཤག་གིས་གཏམ་བཤད་ནང་ལ་བསྐྱར་ལྡབ་མི་དགོས་པ་བྱས་ནས། གང་ལྟར་ད་རེའི་ཨོ་ལམ་པིཀ་གི་གོ་སྐབས་འདི་རྒྱ་ནག་གི་ནང་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏང་བའི་གོ་སྐབས་ཞེ་པོ་ཞིག་གི་གལ་ཆེན་པོ་ཡིན་པར་བརྩིས་ནས་ལས་འགུལ་རྣམ་པ་སྣ་ཚོགས་རྩོམ་མཁན་གྱི་གཞུང་དང༌། སྒེར། གྲོས་ཚོགས། ཚོགས་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཅི་རིགས་ཤིག་ཡོད་རེད། དེ་ཚོ་ཚང་མ་ལ་ྋསྐྱབས་མགོན་རིན་པོ་ཆེས་ཁོང་ཚོའི་ལྷག་བསམ་ལ་ཡི་རངས་ཡོད་ཅེས་བཀའ་གནང་ཡོད་རེད། ཁོ་རང་ཚོ་ལྷག་བསམ་མ་དག་པ་མ་རེད། ཁོང་ཚོའི་ལྷག་བསམ་དང་ཀུན་སློང་བཅས་ལ་ཡི་རངས་ཡོད་གསུངས་པ་རེད། དེ་འདྲར་སོང་བཀའ་ཤག་གིས་ལས་འགུལ་རྩོམ་མཁན་ཚང་མའི་ལྷག་བསམ་དང་ཀུན་སློང་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་གི་ཡོད་མ་གཏོགས༌། དེ་ལས་གཞན་པ་གང་ཡང་ཞུ་རྒྱུ་མེད། དེ་སྤྱི་ཡོངས་ཀྱི་གནས་སྟངས་ཤིག་རེད། ད་རེའི་གོམ་བགྲོད་པ་དེ་ཚོའི་སྐོར་ལ་བཀུར་འོས་ཚོགས་གཙོ་མཆོག་གིས་གྲོས་ཚོགས་ཀྱི་ནང་ལ་གསལ་བཤད་ཅིག་གནང་སོང༌། དེ་ཡིན་དུས་འཛིན་སྐྱོང་གི་ངོས་ནས་ཚོར་བ་ཁྱོན་ནས་མེད་པ་ཞིག་གིས་བསྡད་ན་མ་འགྲིགས་པ་ཞིག་འདུག དེ་ལས་ལྷག་པ་ཞིག་ལ་དེ་རིང་གི་ཉིན་མོ་འདི་ལ་བྱུང་བའི་གནས་ཚུལ་དེ་ཚོ་ཐད་ཀར་འཛིན་སྐྱོང་དང་འབྲེལ་བ་ཆགས་པ་དང༌། གྲོས་ཚོགས་ཚོགས་བཞིན་པའི་སྐབས་ཡིན་ཙང༌། གྲོས་ཚོགས་ནང་ལ་གསལ་བཤད་ཅིག་མ་ཞུས་ན་འགྲིགས་ཀྱི་མི་འདུག་བསམ་པ་ཞིག་བྱུང༌། ད་རང་སྔ་དྲོ་ཀང་ར་རྫོང་ཁོངས་ཀྱི་སྐོར་རྒྱག་པའི་དབུ་ཁྲིད་རྣམ་པ་ཚོས་གོམ་བགྲོད་ལ་ཕེབས་མཁན་མང་ཆེ་བ་ཞིག་བཀག་བསྐྱིལ་གནང་འདུག ད་ལྟ་འཛིན་བཟུང་བྱ་རྒྱུ་རེད། བཀག་བསྐྱིལ་བྱས་པའི་རྗེས་ལ་ཚོུད་ ༩ པ་ཡས་མས་ཤིག་ལ་ས་གནས་རྫོང་དཔོན་དང་ས་གནས་སྐོར་སྲུང་བའི་སྤྱི་ཁྱབ་གཉིས་པོ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུ་དགོས་ཡོད་ཅེས་སྙན་གསན་གནང་འདུག ྋསྐྱབས་མགོན་རིན་པོ་ཆེ་ཚེས་པ་ ༡༠ ནས་བཟུང་སྟེ་མགུལ་ཆམ་གྱི་རྣམ་པ་བཞེས་ཡོད་སྟབས། བཀའ་ཤག་གིས་ཟླ་བ་འདིའི་ཚེས་ ༢༠ བར་དུ་མཇལ་འཕྲད་གང་ཡང་མེད་པར་སྐུ་བཅད་རྒྱའི་ངོ་བོར་སྐུ་ངལ་གསོས་ནས་བཞུགས་རོགས་གནང་ཞེས་གསོལ་འདེབས་ཞུས་ཙང༌། སྔོན་ནས་གཏན་འཁེལ་བའི་མཇལ་ཁ་ཚང་མ་ཡང་ཕར་འགྱངས་ཕྱིན་པ་རེད་ལ། ད་རིང་རྫོང་དཔོན་དང་སྐོར་སྲུང་སྤྱི་ཁྱབ་གཉིས་ཀྱང་མཇལ་འཕྲད་གནང་མ་ཐུབ་པ་ཡིན་ཙང༌། སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས་དང་སྐུ་སྒེར་དྲུང་ཆེ་སྟག་ལྷ་བསྟན་འཛིན་ལགས་གཉིས་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་འབྲེལ་རྫོང་དཔོན་དང་སྤྱི་ཁྱབ་པ་ཐུག་པར་མར་བཏང་གནང་འདུག མར་བཏང་བའི་སྐབས་ལ་ཁོ་རང་ཚོས་རེ་འདུན་ཞུ་རྒྱུར། རྡ་རམ་ས་ལ་དེ་ཕྱོགས་གཅིག་ནས་ྋསྐྱབས་མགོན་རིན་པོ་ཆེའི་བཞུགས་སྒར་ཡིན་པ་དང༌། ཕྱོགས་གཞན་ཞིག་ནས་རྒྱལ་སྤྱིའི་མི་སྣ་མང་པོ་འཛོམས་སའི་ས་གནས་ཤིག་ཡིན་སྟབས་བོད་མི་སྐྱབས་བཅོལ་བ་དང༌། རྒྱ་གར་གྱི་ཁྲིམས་དང་སྒྲིག་ལམ་སྲུང་སྐྱོབ་བྱེད་མཁན་གཉིས་ཀྱི་བར་ལ་གདོང་ཐུག་གི་རྣམ་པ་ཆེན་པོ་ཞིག་འབྱུང་མི་དགོས་པ་གཙོ་འདོན་གྱིས་ཁ་སང་ཉིན་གཉིས་གསུམ་གྱི་རིང་ལ་བཟོད་བསྲན་བྱས་ནས་བཞུགས་པ་ཡིན། བཀའ་མོལ་མང་པོ་ཞུས་པ་ཡིན། ད་ལྟ་བཀག་བསྐྱིལ་བྱ་དགོས་བྱུང་སོང༌། བཀའ་བསྐྱིལ་བྱས་པའི་རྗེས་ལ་གསོལ་ཇ་དང་ཞལ་ལག་ཀྱང་མ་མཆོད་པ་བཞུགས་ཀྱི་འདུག དེ་ཚོའི་ཐོག་ལ་ྋསྐྱབས་མགོན་རིན་པོ་ཆེའི་ངོས་ནས་བཀའ་སློབ་ལམ་སྟོན་གནང་ནས་གནས་ཚུལ་དེ་སྡུག་ཏུ་མི་འགྲོ་བ་ཞིག་དགོས་ཀྱི་འདུག་ཅེས་སྙན་གསན་ཞུས་འདུག དེ་འདྲ་ཞུས་པ་ཡིན་ཙང༌། འཛིན་སྐྱོང་གི་ངོས་ནས་ཆོས་རིག་བཀའ་བློན་དང༌། བདེ་སྲུང་དྲུང་ཆེ། ས་གནས་འགོ་འཛིན། སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས་བཅས་ཕེབས་ནས་གོམ་བགྲོད་པ་རྣམ་པར་བཀའ་སློབ་ལམ་སྟོན་གནང་རོགས་གནང་ཞེས་ཉིན་གུང་གསོལ་ཚིགས་བར་གསེང་གི་རྗེས་ལ་ཁོ་རང་ཚོ་མར་ཆེད་གཏོང་ཞུས་པ་ཡིན། དེའི་རྗེས་ལ་ད་ལྟ་ཚོུད་ ༣ པའི་གསོལ་ཇའི་བར་གསེང་གི་རྗེས་དེར་དཔལ་ལྡན་སྐུ་སྒེར་དྲུང་ཆེ་མཆོག་ནས་བཀའ་བསྒྱུར་གནང་རྒྱུ་ལ། མི་མང་གི་ལས་འགུལ་ལ་སོང་གོ་སྐོན་བྱེད་རྒྱུ་དེའང་གྲོས་ཚོགས་ཀྱི་ནང་ན་འོས་ཤིང་འཚམས་པ་ཡོད་རེད། ཚོགས་གཙོ་ཚོགས་གཞོན་གང་ཡང་རུང་བ་ཞིག་མར་ཕེབས་ནས་གོ་སྐོན་གནང་གི་ཡིན་ན་ཡག་པ་ཡོང་གི་རེད། གྲོས་ཚོགས་ཀྱི་ངོས་ནས་གོ་སྐོན་གནང་ནས་མང་ཚོགས་ཀྱིས་མ་ཉན་པ་ཡིན་ན། དེའི་སྙན་གསན་དེའང་གྲོས་ཚོགས་ནས་ྋསྐྱབས་མགོན་རིན་པོ་ཆེར་ཞུ་གནང་ཐུབ་ན་ཡག་པོ་ཡོད་རེད་ཅེས་སྐུ་སྒེར་དྲུང་ཆེ་མཆོག་གིས་བཀའ་ཕེབས་སོང༌། སྐབས་དེར་གྲོས་ཚོགས་དེ་འགྲོ་བཞིན་པ་ཡིན་དུས་ཚོགས་གཙོ་མཆོག་ལ་བཀའ་བསྡུར་ཞུ་རྒྱུའི་གོ་སྐབས་དེ་ལེན་ཐུབ་ཀྱི་ཡོད་མ་རེད། དེ་ཚོགས་གཞོན་ལ་སྐུ་སྒེར་དྲུང་ཆེའི་བཀའ་ལན་དེ་ཚོ་སྙན་གསན་ཞུས་པའི་སྐབས་ལ་སྐུ་ངོ་ཚོགས་གཞོན་ལམ་སེང་ཕེབས་ཆོག་ཅེས་མར་ཕེབས་པ་ཡིན་ཙང༌། ཆོས་རིག་བཀའ་བློན་དང་སྐུ་སྒེར་དྲུང་ཆེ་གཉིས་བཀག་བསྐྱིལ་བྱེད་ས་དེར་ཕེབས་པ་མ་དགོས་པར་ཡར་ལོག་རྒྱུ་དང༌། སྐུ་ངོ་ཚོགས་གཙོ་གཞོན་པས་དབུ་ཁྲིད་པའི་འོག་ལ་དེའི་ཕྱག་རོགས་ལ་བདེ་སྲུང་དྲུང་ཆེ་དང་ས་གནས་འགོ་འཛིན་གཉིས་ཀྱིས་གོ་སྐོན་གནང་བར་བཅར་ཡོད། སྐུ་ངོ་ཚོགས་གཙོ་གཞོན་པ་སྐུ་དངོས་སུ་མར་ཕེབས་པ་ཡིན་ཙང༌། ང་ཚོས་རེ་བ་བྱེད་རྒྱུ་ལ་ཁོ་རང་ཚོས་བསམ་ཞིབ་གོ་ཞིབ་བྱས་ནས་གནས་ཚུལ་དེ་ད་དུང་ཛ་དྲག་པོ་དང་རྒྱུན་རིང་པོར་ཕར་འགྱངས་དགོས་པ་མ་བྱུང་བའི་ཐོག་ནས་ཁྲིམས་དང་མཐུན་པར་མཇུག་གང་འདྲ་སྡོམ་གྱི་ཡོད་ནའང་མཇུག་སྡོམ་ས་ཞིག་གི་ཐོག་ལ་བསླེབ་ཐུབ་པའི་རེ་བ་ཞུ་ཡི་ཡོད། དེ་འདྲ་ཞིག་ལ་སླེབས་མ་ཐུབ་པ་ཡིན་ན། གཞན་པ་ང་ཚོ་ལ་སེམས་འཚབ་བྱེད་དགོས་པ་གང་ཡང་མི་འདུག ང་རང་ཚོ་ཚང་མ་རྒྱ་གར་རང་དབང་ལུང་པའི་ནང་ལ་ཡོད་དུས་ཧ་ཅང་གིས་ཐལ་ཆ་འགྲོ་རྒྱུ་དང་དཀའ་ངལ་ཡོང་བའི་གནས་ཚུལ་གང་ཡང་ཡོད་མ་རེད། གནས་སྐབས་ལ་ང་ཚོའི་སེམས་འཚབ་ཆེ་ཤོས་དེ་ྋསྐྱབས་མགོན་རིན་པོ་ཆེ་ཉིན་ཤས་རིང་ལ་སྐུའི་འཕྲོད་བསྟེན་གྱི་ཆེད་དུ་ཕྲན་བུར་ལྷོད་ལྷོད་གནང་ནས་བཞུགས་པའི་གོ་སྐབས་བསྐྲུན་པ་དེ་གནས་ཚུལ་འདྲ་མི་འདྲ་མང་པོ་ཞིག་ཡར་ཞུ་མར་གནང་བྱེད་དགོས་པའི་ཐོག་ནས་ཐུགས་བག་མ་ཕེབས་པ་ཞིག་ཡོང་གི་རེད་བསམས་ནས་དེའི་ཐོག་ལ་ཕྲན་བུ་སེམས་འཚབ་བྱེད་ཀྱི་ཡོད། སྤྱིར་སྟངས་གནས་ཚུལ་མཇུག་སྡོམ་ག་རེ་ཡོང་གི་ཡོད་མེད་དེ། སྐུ་ངོ་ཚོགས་གཞོན་མཆོག་གིས་བཀའ་བསྡུར་གནང་བའི་རྗེས་ལ་གསལ་པོ་ཆགས་མདོག་ཁ་པོ་རེད་བསམ་གྱི་འདུག
དེ་དང་ཕྱོགས་མཚུངས་པར་ཚེས་ ༡༠ ནས་བཟུང་དེ་རིང་ཚེས་ ༡༣ གྱི་ཉིན་གུང་བར་དུ་བོད་ནང་ལ་བྱུང་བའི་གནས་ཚུལ་མང་པོ་ཞེ་པོ་ཞིག་ཡོད་རེད། གནས་ཚུལ་དེ་ཚོ་ཚང་མའི་ཐོག་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་སེམས་འཚབ་ཆེན་པོ་ཡོད་པ་ཙམ་དུ་མ་ཟད། སེམས་འཚབ་དང་བསྟུན་ཏེ་འཛིན་སྐྱོང་གི་ངོས་ནས་བྱེད་སྒོ་རྣམ་གསུམ་གང་ཡོད་པ་དེ་ཚོ་ཞུས་དང་ཞུ་བཞིན་པ་ཡིན་ཞེས་དེ་གྲོས་ཚོགས་ལ་སྙན་གསན་ཞུ་རྒྱུ་ཡིན། གསལ་བཤད་བྱེད་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ།

ཚོགས་དུས་ལྔ་པ། ༢༠༠༨།༣།༤ ནས་ ༢༠༠༨།༤།༡༥