གྲོས་ཚོགས་ཀྱི་ཁང་ཁུངས་རྣམས་ཀྱི་སྐོར།

སྤྱི་ཡོངས་མང་གཙོའི་རིང་ལུགས་དང་ལྡན་པའི་གྲོས་ཚོགས་ཁག་གི་འགྲོ་སྟངས་ཀྱི་ཆ་ནས་གྲོས་ཚོགས་ལ་དགོས་ངེས་ཅན་གྱི་ཁང་ཁུངས་ཇི་ཙམ་དགོས་སྐོར་རྒྱལ་ཁབ་ཁ་ཤས་ཀྱི་རྩ་ཁྲིམས་ནང་དུའང་གསལ་ཡོད། གལ་ཏེ་མ་གསལ་ནའང་ལམ་ལུགས་སྲོལ་རྒྱུན་ཞིག་གི་ཐོག་ནས་གྲོས་ཚོགས་ལ་ངེས་པར་དུ་དགོས་པའི་ཁང་ཁུངས་རྣམས་གཏན་ལ་ཕབ་སྟེ་ཡོད་བསྡད་པ་ཞིག་རེད། གྲོས་ཚོགས་དངོས་གཞི་ཚོགས་སའི་ཚོགས་ཁང༌། ཚོགས་དྲུང་ལས་ཁུངས་དང༌། ཚོགས་གཙོའི་ལས་ཁུངས་ཁག གྲོས་ཚོགས་ཀྱི་དཔེ་མཛོད། གྲོས་ཚོགས་ཀྱི་ཚོགས་ཆུང་ཁག་ཚོགས་ས། གྲོས་ཚོགས་ཀྱི་བར་ཁྱམས་དང༌། ཚོགས་མི་རྣམ་པ་ཚོ་ཟུར་དུ་བཀའ་བསྡུར་གནང་ས་རྣམས་ངེས་པར་དུ་དགོས་པ་ཞིག་དང༌། གྲོས་ཚོགས་ཀྱི་ཚོགས་ཁང་དངོས་གཞིའི་ནང་ཟུར་ཉན་རྣམས་གདན་འདྲེན་ཞུ་སའི་བཞུགས་སྟེགས་བཅས་སྤྱི་ཡོངས་ཀྱི་འགྲོ་སྟངས་ཀྱི་ཆ་ནས་མེད་དུ་མི་རུང་བ་རེད། ང་ཚོ་སྐབས་བཅུ་གཅིག་པ་དང་བཅུ་གཉིས་པ་གཉིས་ཀའི་ཐོག་ནས་རྒྱས་སྤྲོས་མི་དགོས་པ་འགྲོ་སོང་ཆུང་ཆུང་དང་སྟབས་བདེ་བདེ་ཞིག་ཡོང་རྒྱུར་འབད་བརྩོན་ཞུས་པ་རེད། རྒྱས་སྤྲོས་ཆུང་ཆུང་གི་ཐོག་ནས་དགོས་ངེས་ཀྱི་མཐུན་རྐྱེན་རྣམས་གྲོས་ཚོགས་ཀྱི་མེད་དུ་མི་རུང་བའི་ཡན་ལག་ཅིག་ཆགས་ཀྱི་ཡོད་ཙང༌། དེ་དགོས་ཀྱི་འདུག་ཅེས་ང་ཚོས་ཁྲིམས་ཡིག་གི་ཐོག་ནས་ཁང་པ་སྟེང་ཤོར་ཡོངས་སུ་རྫོགས་པ་གྲོས་ཚོགས་ཀྱི་ཁང་པར་གསལ་བསྒྲགས་བྱས་ཏེ་ད་ལྟ་གྲོས་ཚོགས་ལ་བདག་པའི་ཁུལ་རེད། དེ་ཡིན་ཙང་དུས་ཚོད་ངེས་ཅན་གྱི་ནང་དུ་བཀའ་ཤག་གིས་གྲོས་ཚོགས་ཀྱི་ས་ཁོངས་སུ་ཡོད་པའི་ལས་ཁུངས་རྣམས་སྤོ་དགོས་རྒྱུ་དང༌། ཇི་སྲིད་མ་སྤོས་ཀྱི་བར་ལ་གྲོས་ཚོགས་ཀྱི་ཁང་པ་ཡིན་པ་མཚོན་བྱེད་དུ་སྣེ་སེལ་ཁང་གླ་དགོས་རྒྱུ་བཅས་ཁྲིམས་ཡིག་ཐོག་ནས་གཏན་ལ་ཕབ་པའི་གནས་སྟངས་ཤིག་རེད། ཁྲིམས་ཡིག་ཐོག་ནས་གཏན་ལ་ཕབ་པའི་གནས་སྟངས་འདིའི་འོག་ནས་འཛིན་སྐྱོང་བཀའ་ཤག་གིས་ཐུགས་འགན་ག་རེ་ཆགས་ཀྱི་ཡོད་ཅེ་ན། གྲོས་ཚོགས་ཀྱི་ལས་རིམ་ཡོངས་སུ་རྫོགས་པ་ཆ་ཚང་ཞིག་བྱེད་ཐུབ་པ་ཞིག་དགོས་ཀྱི་ཡོད་ན། གྲོས་ཚོགས་ཀྱི་དགོས་ངེས་ཐིང་ངེས་ཀྱི་མཐུན་རྐྱེན་རྣམས་བསྒྲུབ་དགོས་རྒྱུ་ནི་འཛིན་སྐྱོང་གི་ལས་འགན་ཞིག་ཆགས་ཀྱི་ཡོད། ཡིན་ནའང་བཀའ་ཤག་ལ་ཐུགས་ཁག་ཡོད་ཀྱི་མ་རེད། རྡ་རམ་ས་ལའི་ཁུལ་ལ་ཁང་ཁུངས་དཀོན་པོ་ཡིན་ཙང་ད་ལྟ་བར་དུ་ལོ་ནས་ལོ་བསྟུད་བཀའ་འགྱངས་ཞུས་ནས་གྲོས་ཚོགས་ཀྱི་ཁང་པ་རྣམས་སྟོང་པ་བཟོས་ཏེ་གྲོས་ཚོགས་ལ་ཚུར་སློག་གནང་ཐུབ་པ་ཞིག་བྱུང་མེད། ད་ལྟ་སྐབས་བཅུ་གཉིས་པས་ཁང་པ་ཆ་ཚང་ཞིག་སྐབས་བཅུ་གསུམ་པར་རྩིས་སྤྲད་ཐུབ་པ་ཞིག་ཆགས་མེད། སྐབས་བཅུ་གསུམ་པའི་གྲོས་ཚོགས་དང་སྐབས་བཅུ་གསུམ་པའི་བཀའ་ཤག་ག་འདྲ་ཞིག་ཕེབས་པ་ཡིན་ནའང༌། དེ་དུས་གྲོས་ཚོགས་ནུས་པ་ཆེ་བ་ཡོང་ན་སྟོང་པ་བཟོ་བ་གནང་གི་རེད། བཀའ་ཤག་ནུས་པ་ཆེ་བ་ཡོང་གི་ཡོད་ན། ད་ལྟ་བཞིན་མཁྲེགས་བཟུང་གནང་ནས་བཞུགས་མདོག་ཁ་པོ་རེད། ཡིན་ནའང་ད་ལྟ་གནས་ཚུལ་འདི་ཡང་ཡང་ཐུགས་བསྙེལ་འགྲོ་རྒྱུ་ཡིན་ཙང༌། བསྐྱར་ལྡབ་བྱས་ཏེ་གྲོས་ཚོགས་དང་བཀའ་ཤག་ཆ་ཚང་ལ་ཐུགས་དྲན་གསོ་རྒྱུའི་ཆེད་ཞུས་པ་ཡིན། གོང་དུ་ཞུས་པ་བཞིན་གྲོས་ཚོགས་ལ་དཔེ་མཛོད་ཅིག་ངེས་པར་དགོས་རྒྱུ། གྲོས་ཚོགས་སུ་རྒྱུན་ལས་ཀྱི་ཚོགས་ཁང་ཞིག་ངེས་པར་དུ་དགོས་རྒྱུ། གྲོས་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་གཏན་འཇགས་གསུམ་ཡོད་པ་དེ་རྣམས་ཚོགས་ས་གསུམ་ངེས་པར་དུ་དགོས་རྒྱུ། བྱུང་བ་ཡིན་ན་གྲོས་ཚོགས་རང་གི་ཁང་པའི་ནང་བཀའ་བློན་རྣམ་པ་ཚོའི་ཁང་མིག་གཅིག་དགོས་ཀྱི་ཡོད། རྒྱལ་ཁབ་རང་བཙན་ཡོད་པའི་གྲོས་ཚོགས་རྣམས་ལ་ཆ་བཞག་ན་བཀའ་བློན་ཡོངས་རྫོགས་ཀྱི་ལས་ཁུངས་རེ་རེ་གྲོས་ཚོགས་ཁང་པའི་ནང་ཟིན་ཏེ་ཡོད། ད་ལྟ་ང་ཚོ་དེ་འདྲའི་རྒྱས་སྤྲོས་ཡོང་གི་མ་རེད་དེ། བཀའ་བློན་ཚོར་གྲོས་ཚོགས་ཀྱི་ནང་ལ་ཚོགས་ས་ཞིག་བྱུང་བ་ཡིན་ན་གྲོས་ཚོགས་ནང་དྲི་བ་ཡོང་བའི་སྐབས་ལམ་སེང་ཕྱི་ལོགས་སུ་ཕེབས་ཏེ་བཀའ་བགྲོས་གནང་ས་དང༌། གསོལ་ཇའི་བར་མཚམས་ལ་བཀའ་བློན་རྣམ་པ་ཚོ་བཞུགས་ས་ཞིག་ཡོད་པ་ཡིན་ན། གྲོས་ཚོགས་སུ་བྱུང་བའི་གནས་ཚུལ་རྣམས་ཀྱི་ཐོག་ལ་ལམ་སེང་བཀའ་བསྡུར་གནང་རྒྱུ་དང༌། བཀའ་དྲུང་ལས་ཁུངས་དང་ལས་ཁུངས་ཁག་གི་དྲུང་ཆེ་ཚོས་བཀའ་ཤག་ལ་སྙན་འཇགས་ཞུ་རྒྱུ་རྣམས་ལམ་སེང་ཁང་མིག་དེའི་ནང་ཡོང་སྟེ་ཞུ་རྒྱུ་དང༌། བཀའ་བློན་རྣམ་པ་ཚོས་ཡིག་ཆ་འདྲ་བཞག་རྒྱུ་ཡོད་ནའང་བཞག་སའི་ཁང་པ་ཞིག་ངེས་པར་དུ་དགོས་ཀྱི་ཡོད་ཀྱང༌། ད་ལྟ་ང་ཚོར་ཡོད་པ་མ་རེད། སོང་ཙང་མ་འོངས་པར་སྔ་མ་ང་ཚོས་ཁྲིམས་ཡིག་ཐོག་ནས་གཏན་ལ་ཕབ་པ་ནང་བཞིན་ཁང་པ་འདིའི་སྟེང་ཤོད་བར་གསུམ་ཡོངས་སུ་རྫོགས་པ་གྲོས་ཚོགས་ལ་རྩིས་སྤྲོད་གནང་ཐུབ་པ་བྱུང་བ་ཡིན་ན། ཕྲན་བུའི་བཟོ་བཅོས་འདྲ་པོ་བརྒྱབས་ཏཻ་གྲོས་ཚོགས་ཀྱི་མེད་དུ་མི་རུང་བའི་དགོས་མཁོ་རྣམས་ཚང་བ་ཞིག་བཟོས་ཐུབ་ན་སྐབས་བཅུ་གསུམ་པའི་གྲོས་ཚོགས་སྐབས་ཕྲན་བུའི་ད་ལྟ་ལས་དྲག་པ་ཞིག་ཡོང་གི་རེད། དེ་ཞར་བྱུང་ཚོགས་གཅོའི་ཟུར་བརྗོད་ཅིག་རེད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ། ༢༠༠༡/༠༣/༡༥ ་་་ ༢༠༠༡/༠༣/༢༦