ངོས་འཛིན་ཕྱག་བྲིས།

༄༅།། རིག་གནས་ཆེན་པོ་ལྔའི་ནང་ཚན་བཟོ་རིག་པ་ནི་རྗེ་བློ་གྲོས་མཐའ་ཡས་ཀྱིས། དོན་གཉེར་རྗེས་འཛིན་བཟོ་རིག་མཐའ་ཡས་ཀྱང༌།། སྒོ་གསུམ་བཟོ་ལ་ཤེས་བྱ་ཀུན་ཀྱང་འདུ།། ཞེས་གསུངས་པ་ལྟར་ཤེས་བྱ་ཀུན་ལ་ཁྱབ་པའི་རིག་གནས་ཤིག་ཡིན་ཞིང༌། དེ་ལའང་ལུས་ངག་ཡིད་གསུམ་གྱི་བཟོ་ཡི་གནས་གསུམ་དང༌། དེ་དག་རེ་རེ་ལའང་མཆོག་དམན་གཉིས་རེ་ཡོད་པ་ལས། ལུས་བཟོའི་མཆོག་ནི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་ཉིད་ཡིན་པར་མདོ་རྒྱུད་གཞུང་ལུགས་རྣམས་ཞལ་མཐུན་པ་དང༌། དེ་ལའང་གནའ་རབས་འཕགས་པའི་ཡུལ་གྱི་སྲོལ་རྒྱུན་དུ་བྲིས་འབུར་གཉིས་སུ་དབྱེ་ཞིང༌། བྲིས་སྐུ་ལའང་རྩིག་ངོས་སུ་བྲིས་པའི་ལྡེབས་རིས་དང༌། རས་གཞིར་བྲིས་པའི་ཐང་ཀ་གཉིས་ཡོད་པ་དེ་དག་གི་རིག་པའི་གཞུང་ལུགས་དང༌། ལག་ལེན་གྱི་རྣམ་གཞག་རྒྱ་གར་ཤར་ནུབ་ལྷོ་གསུམ་གྱི་ཕྱག་རྒྱུན་དུ་མ་ཞིག་བཞུགས་པ་རྣམས་དཔལ་ནཱ་ལནྡའི་ཕྱག་སྲོལ་རྒྱ་གར་དབུས་འགྱུར་འཆང་ནས་བལ་ཡུལ་བརྒྱུད་བོད་དུ་འབྱོར་བ་དང༌། དཔལ་ཏཀ྄ཥཤིལཱའི་ཕྱག་སྲོལ་ཁ་ཆེའི་ཡུལ་གྱི་བརྒྱུད་བོད་དུ་འབྱོར་བ་བཅས་ཕྱག་སྲོལ་ཆུ་བོ་གཉིས་འདྲེས་ཀྱི་ཐོག་ནས་བོད་དུ་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པའི་སྲོལ་རྒྱུན་མདོ་རྒྱུད་བསྟན་བཅོས་ནས་ཇི་ལྟར་གསུངས་པ་བཞིན་ཚང་ལ་མ་ནོར་བ་དར་རྒྱས་དང་རྒྱུན་འཛིན་གྱིས་བོད་བརྒྱུད་ནང་ཆོས་ཉམས་ལེན་གྱི་ཆ་ལག་གལ་ཆེ་ཞིག་ཏུ་གྱུར་ཏེ། བོད་ཀྱི་ཐུན་མིན་ཁྱད་ཆོས་དུ་མ་ཡར་ལྡན་གྱི་ཚུལ་དུ་བཞུགས་ཀྱང༌། ནག་ཕྱོགས་ཀླ་ཀློའི་དཔུང་གིས་བོད་ལྗོངས་རྒྱལ་བསྟན་ཆབ་སྲིད་རིག་གཞུང་མི་རིགས་དང་བཅས་པ་རྩ་བརླག་ཏུ་གཏོང་རྒྱུའི་བསམ་སྦྱོར་ངན་གཤོམ་མི་བཟད་པ་བྱུང་བའི་སྐབས་སུའང༌། འཕགས་མཆོག་འཇིག་རྟེན་མགོན་པོ་མིའི་གཟུགས་སུ་བཟློ་བ་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་རླབས་ཆེན་གྱི་འཕྲིན་ལས་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཙམ་མ་ཟད། འཇིག་རྟེན་ཤར་ནུབ་ཀྱི་ཡུལ་གྲུ་དུ་མར་དར་ཁྱབ་ཀྱི་དུས་རབས་གསར་པ་ཞིག་ཤར་ཡང༌། ལུས་བཟོ་རྟེན་གསུམ་བཞེངས་སྐྲུན་གྱི་ཡ་གྱལ་འཚེམ་དྲུབ་དང་ལྷན་དྲུབ་ཀྱི་སྒྱུ་རྩལ་ངོ་མཚར་ཅན་འདི་དག་འཛིན་སྐྱོང་སྤེལ་བའི་བྱ་བ་ལ་འཇུག་མཁན་ཉུང་ཤས་ལས་མེད་པའི་ནང་དབུ་ཆེན་རྡོ་རྗེ་དབང་འདུས་མཆོག་ནི་རྒྱུད་དང་རྒྱ་གཞུང་ནས་བཤད་པའི་བཟོ་བོའི་སྐྱོན་དང་བྲལ་ཞིང༌། ཡོན་ཏན་གྱིས་ཕྱུག་པ་མ་ཟད། དཔལ་དུས་ཀྱི་འཁོར་ལོ་དང༌། བདེ་མཆོག་སྡོམ་བྱུང་སོགས་ནས་ཇི་ལྟར་གསུངས་པའི་སྐུའི་ཆ་ཚད་དང༌། ས་བོན་འགོད་ཚུལ། ཕྱག་མཚན། རྣམ་འགྱུར། རས་གཞིའི་སྦྱོར་བ། ཚོན་གྱི་འགྲོ་ཚུལ། སྤྱན་དབྱེ་སོགས། བླ་མ་ཡི་དམ། སངས་རྒྱས་བྱང་སེམས། དཔའ་བོ་མཁའ་འགྲོ། འདས་དང་མ་འདས་ཀྱི་ཆོས་སྐྱོང་སྲུང་མ་བཅས་ཞི་ཁྲོ་བར་གསུམ་གྱི་ཉམས་དང་རྣམ་འགྱུར་འགྱིངས་བག་སོགས་ཞིབ་ཅིང་ཕྲ་བའི་གནད་གསང་མཐའ་དག་ཇི་བཞིན་བསྐྲུན་ནུས་པའི་རྨད་བྱུང་གི་བཟོ་བོ་ཚད་ཐུབ་འགྲན་བྲལ་ཞིག་ཡིན་འདུག་པར་སྙིང་ནས་ཡི་རངས་བསྔགས་བརྗོད་ཡོད།

ཁོང་གིས་ད་བར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་མཁོའི་ཞལ་ཐང་དང༌། དེ་བཞིན་དགོན་སྡེ་གྲྭ་ཚང་ཁག་གི་སྒྲུབ་རྟེན་དང༌། མང་ཚོགས་སྤྱི་སྒེར་མང་པོའི་དད་རྟེན་དུ་འཚེམ་དྲུབ་དང་ལྷན་དྲུབ་ཀྱི་ཞལ་ཐང་ཧ་ཅང་མང་པོ་གསར་བཞེངས་དང༌། རིག་གཞུང་རྒྱུན་འཛིན་སླད་སློབ་ཕྲུག་མང་པོར་སློབ་ཁྲིད་མཛད་པ་བཅས་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་བཅས་པའི་ཞབས་འདེགས་བླ་མེད་བསྒྲུབས་དང་སྒྲུབ་བཞིན་པ་འདི་ལ་ཀུན་གྱིས་མཐུན་འགྱུར་དང་ངོས་འཛིན་གནང་བའི་རེ་སྐུལ་བཅས་བཙན་བྱོལ་བོད་གཞུང་བཀའ་ཁྲི་ཟམ་གདོང་པས་༢༠༡༠ ཕྱི་ཟླ་༨ ཚེས་༦ ལ།། །།

འདི་ནི་དབུ་ཆེན་རྡོ་རྗེ་དབང་འདུས་ལགས་ནས་བསྐུལ་ངོར་གནང་བའི་ངོས་འཛིན་ཕྱག་བྲིས་ཤིག་ཡིན།