ཆེས་མཐོའི་སློབ་ཡོན་ཚོགས་ཆུང་དང་འབྲེལ་བའི་གྲོས་འཆར་ཐོག་གསལ་བཤད།

སྤྱིར་བཏང་སྤྱི་འཐུས་སྒེར་གྱི་གྲོས་འཆར་ལ་འཛིན་སྐྱོང་ངོས་ནས་གལ་གནད་ཆེན་པོ་བྱུང་ན་མ་གཏོགས་བསམ་ཚུལ་ཞུ་དགོས་པ་མེད་པའི་བཟོ་འདྲ་པོ་ཞིག་ཆགས་ཀྱི་ཡོད། ཡིན་ནའང་འདི་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས་ཤིག་དང་ཐད་དཀར་འབྲེལ་བ་ཡོད་པ་དང༌། ཆེས་མཐོའི་སློབ་ཡོན་ཚོགས་ཆུང་གི་ཚོགས་གཙོ་ཡང་བཀའ་བློན་ཁྲི་པའི་མཚན་གནས་རྗེས་འབྲེལ་ཐོག་ནས་གནང་དགོས་པའི་སྒྲིག་གཞི་ཡོད་ཙང༌། འདི་དང་འབྲེལ་བའི་ཐོག་ལ་གྲོས་འཆར་ཕེབས་ཙང་མཐོང་ཚུལ་ཁ་ཤས་མ་ཞུས་ན་མི་འགྲིག་པའི་བཟོ་འདྲ་པོ་ཆགས་ཀྱི་འདུག
བཀུར་འོས་སྤྱི་འཐུས་མཆོག་གིས་སྡེ་ཁག་དེ་དག་གི་ལས་དོན་དྲང་བདེན་མེད་པ་ཡོང་མི་སྲིད་ཀྱང་ཞེས་ཞབས་ཞུ་མཁན་ཚོར་ཧ་ཅང་ཡིད་ཆེས་དང༌། གདེང་ཚོད་ཆེན་པོ་འཇོག་གནང་བ་དེར་ཧ་ཅང་དགའ་པོ་བྱུང༌། ཐུགས་རྗེ་ཆེ་གནང་ཞུ་རྒྱུ་ཡིན། མང་ཚོགས་ནང་སྐད་ཆ་འདྲ་མིན་ཡོང་བ་དེ་ཚོ་སེལ་དགོས་པ་དེ་ཡང་དགོངས་ཚུལ་བྱུང་འདུག དེ་ཡང་དངོས་གནས་ལས་ཀ་བྱེད་མཁན་ལ་ཤ་ཚ་གནང་ནས་སྤྱི་ཚོགས་ནང་ལས་ཀ་བྱེད་མཁན་ཐོག་ལ་དྲང་བདེན་མིན་པའི་གནས་ཚུལ་མང་པོ་ཞིག་ཁྱབ་བསྡད་ཡིན་ན་ཡག་པོ་མི་འདུག དེ་མེད་པ་ཞིག་དགོས་རེད་དགོངས་པའི་ཤ་ཚ་དང་ལྷག་བསམ་གྱི་དགོངས་ཚུལ་ཡིན་པ་སྨོས་མེད་ཡིན་པ་གྲོས་ཆོད་རང་ནས་ཐོན་གྱི་ཡོད་རེད། ཡིན་ཡང་འདི་དངོས་སུ་ལག་ལེན་བསྟར་བའི་སྐབས་སུ་ལག་ལེན་འཁེལ་སླད་དང་སྟབས་བདེ་སླད་དེ་ད་ལྟ་ནས་གཟིགས་དགོས་རེད་བསམ་གྱི་འདུག ཟུར་དཔང་ཞེས་པའི་ཚིག་དེའི་ཐོག་ནས་དཔེར་ན་གྲོས་ཆོད་འདི་འདྲ་ཞིག་བཞག་སྟེ་ཟུར་དཔང་བཏང་ན་ཟུར་དཔང་དེ་ཚོགས་ཆུང་ནང་ལ་ཐུགས་འགན་བཞེས་ཕྱོགས་དང་ཕྱག་ལས་གནང་ཕྱོགས་དེ་གང་འདྲ་གནང་གི་རེད། ཟུར་དཔང་ཡིན་པའི་ཆ་ནས་ཚིག་གཅིག་གསང་རྒྱུ་མེད་པར་ཚོགས་ཆུང་གིས་གང་བྱས་པ་དེ་གཟིགས་བཞུགས་པ་དང༌། ཚོགས་ཆུང་གྲལ་དུ་ཕེབས་འགྲོ་བའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད། ཡང་ཚོགས་ཆུང་ནང་ལ་ཆ་ཤས་བླངས་ནས་ཐག་གཅོད་བྱེད་པའི་སྐབས་སུ་འདི་འདྲ་པོ་བྱུང་སོང༌། འདི་འདྲ་པོ་བྱུང་མ་སོང་ཟེར་ནས་ལམ་སེང་སྟངས་འཛིན་གནང་གི་རེད། དེ་འདྲ་བྱེད་ནས་སྟངས་འཛིན་གནང་རྒྱུ་ཡོད་པ་ཞིག་ཡིན་ན། དེ་ཚོགས་ཆུང་གི་ཚོགས་མི་ཆགས་ཀྱི་རེད། ཟུར་དཔང་ཆགས་ཀྱི་རེད། ཆ་ཤས་ལེན་རྒྱུ་མེད་པ་གཅིག་ཡིན་ན་དེས་མ་འོངས་པར་ཕན་ཐོགས་དང་བེད་སྤྱོད་གང་འདྲ་ཡོང་གི་རེད། དཔེར་ན་མི་གཅིག་གིས་དྲང་པོ་བྱས་མ་སོང་ཟེར་ནས་ཕྱི་ལོགས་ལ་ཁྱབ་གཏམ་འདྲ་བཀྲམ་པ་ཡིན་ན། ཟུར་དཔང་གིས་དེ་འདྲ་མ་རེད། དྲང་པོ་བྱས་ཡོད་རེད་ཟེར་ཏེ་ཁྱབ་གཏམ་དེ་སེལ་རྒྱུར་ལས་འགུལ་འདྲ་སྤེལ་གནང་གི་རེད་དམ། ཡང་མིན་ན་མི་གཅིག་ཁྲིམས་ཁང་ནང་ཕྱིན་པ་ཡིན་ན་ཟུར་དཔང་དེ་ཁྲིམས་ཁང་ནང་ཕེབས་ནས་དེ་དེ་འདྲ་མ་རེད། འདི་འདྲ་རེད་ཅེས་དཔང་པོ་འཐོན་གནང་གི་རེད། ཕྱག་ལས་གནང་སྟངས་གང་འདྲ་རེད། མ་འོངས་པར་དེ་ཕན་ཐོགས་ག་རེ་ཡོད། དེ་ཚོ་ཚང་མ་ཞིབ་ཚགས་བྱས་ནས་དགོངས་པ་བཞེས་ཏེ་གྲོས་ཆོད་བཞག་ན་དེའི་རྗེས་ལ་གྲོས་ཚོགས་ནས་ཡིན་ནའང་རེད། ཚོགས་གཙོ་རྣམ་པ་གཉིས་ཡིན་ནའང་རེད། དེའི་འགྲོ་ལུགས་འགྲོ་སྟངས་གསལ་པོ་མེད་ན་དངོས་སུ་ཉིན་རེ་ཉིན་རེར་ལག་ལེན་བསྟར་དུ་ཕྱིན་པའི་སྐབས་སུ་ཕན་ཐོགས་ཞེ་དྲགས་མེད་པ་འདྲ་པོ་དང༌། དེ་ཚོ་སྔོན་ཚུད་ནས་ཚོད་དཔག་གནང་རྒྱུ་དེ་ཐུགས་འགན་ཆེན་པོ་འདུག་ཅེས་ཞུ་རྒྱུའི་དོན་དག་གཅིག་དེ་ཡིན།
ཞུ་རྒྱུའི་དོན་དག་གཉིས་པ་དེ་དྲང་པོ་བྱེད་བཞིན་མེད་པ་ཡོངས་གྲགས་རེད་ཅེས་གསུངས་སོང༌། ཡང་ཚང་མས་ཤེས་ཀྱི་ཡོད་རེད་གསུངས་སོང༌། ཡོངས་གྲགས་ཡིན་པའི་དྲང་པོ་མ་བྱུང་བ་དེ་གང་ཡིན་པ་དེ་ད་ལྟའང་བཏོན་གནང་མ་སོང༌། སྔོན་མ་ཡང་ཚར་མང་པོ་ཞུས་པ་ཡིན། དེ་ད་ལྟ་ཞུ་ན་ཕན་ཐོགས་མིན་མི་ཤེས་མ་གཏོགས། དྲང་པོ་མ་བྱུང་བ་དང༌། ཁྲིམས་དང་མ་མཐུན་པ། སྒྲིག་གཞི་དང་འགལ་བ་ཞིག་ཡོད་ན་དོན་གནད་དེ་ཆ་ཚང་གསལ་པོ་བྱེད་ནས་བསྟན་དགོས་རེད་དྲན་གྱི་འདུག དེ་མ་བསྟན་པར་གྲོས་ཚོགས་ནང་འགན་འཁུར་མེད་པར་སྤྱི་ཡོངས་ཀྱི་ཐོག་ནས་ཤེས་ཤེས་པ་རེད། གོ་གོ་བ་རེད། མ་ཤེས་མདོག་མདོག་བྱེད་རྒྱུ་ཡོད་མ་རེད་གསུངས་པ་ཡིན་ན། དོན་དག་དམིགས་སུ་མ་བཀར་བའི་ཐོག་ལ་ང་ཚོས་མ་ཤེས་མདོག་མདོག་བྱེད་ཀྱི་ཡོད་མ་རེད། དེ་ཤེས་ཀྱི་ཡོད་མ་རེད། ཡང་འདི་འདྲ་ཞིག་གསུངས་སོང༌། ཨ་རིར་གཏོང་རྒྱུར་ལག་པ་འཆང་ས་མེད་པར་ཆགས་སོང༌། ད་ལྟ་ཨ་རིས་མཚོན་པའི་ཕྱི་ལོགས་སློབ་ཡོན་གཏོང་རྒྱུ་ཚང་མ་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་དང་ཤེས་རིག་ལས་ཁུངས་ནས་གཏོང་སྡོད་ཡོད་རེད་ལ། ལག་པ་འཆང་ས་མེད་པ་ཆགས་ཡོད་མ་རེད། དེ་ཚོ་གང་འདྲ་ཞིག་གསུང་གི་ཡོད་ན་ཤེས་ཀྱི་མི་འདུག ཁྲིམས་ཁང་ནང་གཏུགས་པ་རེད་ཟེར། ཏན་ཏན་རེད་ཁྲིམས་ཁང་ནང་གཏུགས་པ་རེད། ཁྲིམས་ཁང་ནང་གཏུགས་པའི་རྗེས་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཆུ་དང་འོ་མ་དབྱེ་བ་ཕྱེ་ནས་ཐག་གཅོད་གནང་ཡོད་རེད་མ་གཏོགས་ཐག་གཅད་མ་གནང་བར་བཞག་ཡོད་མ་རེད། ཐག་གཅོད་གནང་བའི་སྐབས་སུ་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་དང་ཤེས་རིག་ལས་ཁུངས་ཀྱི་ཐོག་ནས་མ་དྲང་བ་མ་བདེན་པ་བྱུང་བའི་གནས་སྟངས་གཅིག་ཐག་གཅོད་དེའི་ནང་དུ་ཡོད་པ་ངས་མཐོང་མ་སོང་དྲན་གྱི་འདུག བྱས་ཙང་དེ་སྤྱི་ཡོངས་ཀྱིས་དེ་འདྲ་གསུངས་པ་ཡིན་ན་བཀའ་གནང་མཁན་ལ་ཐུགས་ཁྱད་ཡོད་མདོག་ཁ་པོ་མ་རེད་དེ། ང་ཚོ་ཉན་མཁན་ཚོར་གྲོས་ཚོགས་ཀྱི་སྡིངས་ཆའི་ནང་དུ་མི་མང་གི་སྐུ་ཚབ་མཚོན་པའི་བཀུར་འོས་སྤྱི་འཐུས་གཅིག་གིས་གསུངས་པའི་བཀའ་མོལ་དེ་ལ་ལྗིད་ཁོག་འདྲ་པོ་ཞིག་སྤྲད་ནས་བསམ་བློ་ཞེ་དྲགས་ཤིག་མ་གཏང་ན་མི་འགྲིག དེ་ལྗིད་ཁོག་ཞིག་སྤྲད་ནས་བསམ་བློ་གཏོང་བར་ཕྱིན་ན་མཛུབ་མོ་འཛུགས་ས་མེད་པ་དེ་འདྲ་བྱེད་དུས་རང་བཞིན་གྱིས་བཀུར་འོས་སྤྱི་འཐུས་ཀྱིས་གསུངས་པ་དེ་སྣང་མེད་ལ་མ་བཏང་ཐབས་མེད་ཅིག་བཀའ་མོལ་གསུང་སྟངས་ཐོག་ནས་ཆགས་འགྲོ་གྱི་འདུག་བསམ་གྱི་ཡོད། དེ་དོན་དག་གཉིས་པ་དེ་ཡིན།
དོན་དག་གསུམ་པ་དེ་ལ་དེ་ཡང་ལྷག་བསམ་རྣམ་དག་བྱས་ནས་ཞུ་ཡི་ཡོད། ཟུར་ཟ་རེད་མ་དགོངས་རོགས་གནང༌། འདས་པའི་ལོ་ལྔ་དྲུག་གི་ཉམས་མྱོང་དང༌། ལྷག་པར་དུ་ཡང་འདས་པའི་ལོ་གཅིག་གཉིས་ཤིག་གི་ནང་ལ་བཀུར་འོས་སྤྱི་འཐུས་རྣམ་པ་ཚོ་འཛིན་སྐྱོང་གི་ལས་དོན་ཐོག་ལ་མཉམ་ཞུགས་གནང་རྒྱུ་ཐུགས་ལ་ཡོད་ཡོད་པའི་བཟོ་ཞིག་ང་རང་ལ་ཚོར་སྣང་སླེབས་སོང༌། གཅིག་བྱེད་ན་ང་རང་ནོར་བ་ཡིན་གྱི་རེད། དཔེར་ན་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་གིས་དྲང་པོ་བྱེད་ཀྱི་མེད་པའི་སྐད་ཆ་སྤྱི་ཚོགས་ནང་ཁྱབ་དུས་སྐད་ཆ་དེ་ཚོ་མ་ཡོང་བའི་ཆེད་དུ་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་ལ་ཟུར་དཔང་གཏོང་རྒྱུའི་དགོངས་པ་བཞེས་པ་རེད། རྒྱུ་མཚན་དེ་རིགས་ལ་བརྟེན་ནས་བཀའ་ཤག་གིས་ལས་དོན་བྱེད་ཕྱོགས་དྲང་པོ་ཡོད་མ་རེད་ཅེས་རྟག་ཏུ་བཤད་ཀྱི་ཡོད་རེད། ཁ་སང་རང་འདིར་གསུངས་སོང༌། ྋརྒྱལ་བ་རིན་པོ་ཆེས་བཀའ་གནང་གི་འདུག་ཟེར་ལབ་པ་རེད་ཟེར་བ་འདྲ་པོ། ཕྱི་རྒྱལ་ལ་བསྐྱོད་རྒྱུའི་ཐོངས་མཆན་མ་སྤྲད་པ་བཀའ་ཤག་གིས་བཀག་པ་རེད་ཟེར་བ་འདྲ་པོ། དེ་འདྲ་མང་པོ་ཡོད་རེད། དེ་ཚོ་སེལ་རྒྱུའི་ཆེད་དུ་སྤྱི་འཐུས་ལྷན་ཚོགས་ནས་བཀའ་ཤག་ཚོགས་སར་ཟུར་དཔང་གཉིས་གསུམ་གཏོང་དགོས་པའི་བཟོ་འདྲ་པོ། རྒྱུན་ལས་ལྷན་ཚོགས་ཚོགས་པའི་སྐབས་སུ་མི་ཚོས་ཁོ་ཚོས་ཡར་ལོག་པ་ཞུ་ཡི་རེད། རྒྱལ་བ་རིན་པོ་ཆེ་ལ་གཅིག་གཅིག་ཞུས་པ་རེད་ཅེས་བཤད་ཀྱི་ཡོད་རེད། རྒྱུན་ལས་ལྷན་ཚོགས་ཚོགས་པའི་སྐབས་སུ་གྲོས་ཚོགས་ཀྱི་ཟུར་དཔང་གཅིག་གཏོང་ན་མ་གཏོགས་སྤྱི་ཚོགས་ནང་སྐད་ཆ་ཡོང་གི་རེད་གསུང་རྒྱུ་བཟོ་འདྲ་པོ། དེ་འདྲ་བྱེད་དུས་མཚན་ཉིད་པས་རིགས་འགྲེ་གཏང་རྒྱུ་ཞིག་ཡོད་རེད། རིགས་འགྲེ་ཐག་རིང་པོའི་བར་དུ་སླེབས་ཀྱི་རེད་བསམ་གྱིན་འདུག དེ་འདྲ་སོང་ཙང་གནས་ཚུལ་འདི་ཚོའི་ཐོག་ལ་ངེས་པར་དུ་དགོས་གལ་གཟིགས་ན་ཐབས་ལམ་ཡག་ཤོས་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ངེས་པར་དུ་བསྐྱར་ཞིབ་གནང་ན་ཡག་པོ་ཡོད་རེད་བསམ་གྱི་འདུག
བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་ནས་ལོ་ ༡༧ འགྲོ་ཡི་ཡོད་རེད། ལོ་ ༡༧ རིང་ལ་ཆབ་སྲིད་ཀྱི་གནས་སྟངས་དང༌། སྤྱི་ཚོགས་ཀྱི་གནས་སྟངས་གང་གི་ཆ་ལ་འགྱུར་བ་ཆེན་པོ་ཕྱིན་ཚར་རེད། སྐབས་དེ་དུས་དགོས་འཁོ་ཡོད་པ་ད་ལྟ་དགོས་འཁོ་མེད་པ། སྐབས་དེ་དུས་འོས་ཤིང་འཚམས་པ་ད་ལྟ་འོས་ཤིང་མ་འཚམས་པ་ཆགས་པ་དེ་འདྲ་མང་པོ་ཡོད་རེད། དེ་འདྲ་སོང་ཙང་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་མཐུན་གྱི་ཐོག་བཅའ་ཁྲིམས་བསྐྱར་ཞིབ་ཚོགས་ཆུང་ཞིག་བཙུགས་ནས་བཅའ་ཁྲིམས་འགོ་ནས་མཇུག་བར་བསྐྱར་ཞིབ་གནང༌། དེ་ནས་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་འབྲེལ་བ་བྱེད་སྟངས་དེ་བསྐྱར་བཅོས་གནང་སྟེ་དེ་འདྲ་མ་ཆགས་པ་མ་རེད་ལ་མི་སྲིད་པ་མ་རེད། སྔོན་མ་དྲུག་ཅུ་རེ་གྲངས་ནང་ལ་སྤྱི་འཐུས་རྣམ་པ་ཚོས་སྤྱི་འཐུས་ཚོགས་འདུའི་སྐབས་སུ་སྤྱི་འཐུས་ཚོགས་འདུར་ཕེབས་ཀྱི་ཡོད་རེད་མ་གཏོགས། སྤྱི་འཐུས་ཚོགས་འདུ་མེད་དུས་སྐབས་སུ་ལས་ཁུངས་སོ་སོར་བགོས་ནས་ཕྱག་ལས་གནང་གི་ཡོད་རེད། དེ་འདྲ་ཡིན་དུས་སྟབས་བདེ་པོ་ཞིག་གནང་རྒྱུ་ཡོད་རེད། སྤྱི་འཐུས་ ༤༣ ཡོད་ཙང༌། ང་ཚོར་དྲུང་ཆེ་མ་འདང་བ་དང༌། གཞིས་འགོ་མ་འདང་བ་དེ་འདྲའི་དཀའ་ངལ་མང་པོ་ཡོད་དུས་ཚོགས་འདུར་ཕེབས་དུས་ཚོགས་འདུར་ཕེབས། ལསཁུངས་ནང་དྲུང་ཆེ་གནང་དུས་དྲུང་ཆེ་གནང་རྒྱུ་ཡོད་པ་བྱེད་ན། དེ་འདྲའི་ལམ་སྲོལ་བྱུང་མ་མྱོང་བ་མ་རེད། དེ་འདྲ་གནང་ན་བཅའ་ཁྲིམས་ཀྱི་སྒྲིག་གཞི་ཕྲན་བུར་བསྐྱར་བཅོས་གནང་ནས་དེ་འདྲ་བྱེད་པ་ཡིན་ན་ད་ལྟ་བཀུར་འོས་སྤྱི་འཐུས་རྣམ་པ་ཚོའི་ཐུགས་འདོད་དང་མཐུན་པ་དང༌། དེ་བཞིན་གཞུང་ཞབས་ནང་ལ་བསྲི་ཚགས་ཡོང་བ་སོགས་གནས་ཚུལ་མང་པོ་ཞིག་ལ་ཕན་ཐོགས་ཡོང་གི་རེད་བསམ་གྱིན་འདུག་ལ་དེ་འདྲ་གནང་མི་ཆོག་པ་མ་རེད།
དེ་འདྲ་བྱུང་ན་ཉིན་ལྟར་ཡིག་འབྲེལ་ཤ་སྟག་བྱེད་མི་དགོས་པ་དང༌། འཛིན་སྐྱོང་དང་གྲོས་ཚོགས་གཉིས་ཁ་གཏད་ཤ་སྟག་བྱེད་མི་དགོས་པ་མཉམ་རུབ་ཡོང་བ་ལ་ཕན་ཐོགས་ཆེན་པོ་ཡོད་རེད་བསམ་གྱི་འདུག་ཞུ་རྒྱུ་གཅིག་དེ་ཡིན། དྭོགས་པ་དེ་འདྲ་ཡོད་ན་ཐབས་ལམ་གཞན་ཞིག་ལ་ད་ལྟའི་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་དེ་མི་དགོས་པ་བྱེད། སློབ་ཡོན་འདེམས་སྒྲུག་གནང་རྒྱུའི་ལས་དོན་ཆ་ཚང་གྲོས་ཚོགས་ནས་བཞེས་ནས་ཚོགས་ཆུང་ཞིག་བཙུགས་ན་ཤེས་རིག་ལས་ཁུངས་ཀྱིས་ལས་ཀ་བྱེད་རྒྱུ་ཆ་ཚང་བྱེད་འགྲོ་གི་རེད། ད་ལྟའི་ཤེས་ཡོན་སློབ་ཡོན་ཚོགས་ཆུང་འདི་མི་དགོས་པར་དེའི་ཚབ་ཏུ་གྲོས་ཚོགས་ཀྱི་བཀུར་འོས་སྤྱི་འཐུས་རྣམ་པ་རང་ལས་གྲུབ་པའི་མི་ལྔ་དྲུག་ག་ཚོད་དགོས་ན་ཚོགས་གཙོ་ཚོགས་གཞོན་གང་རུང་ཞིག་གི་གཙོ་སྐྱོང་གནང་ནས་ཚོགས་ཆུང་ཞིག་ཡོད་ན་དངོས་གནས་ཕན་ཐོགས་ཞེ་དྲགས་ཡོང་ས་རེད། ད་ལྟ་མི་ཚོས་སྤྱི་ཚོགས་ནང་གཅིག་བཤད་རྒྱུ་དེ་འཛིན་སྐྱོང་གི་ཐོག་རྩ་མེད་འགྲོ་ཡི་རེད། གལ་ཆེ་བཤད་རྒྱུ་ཡོད་ན་ཚོགས་ཆུང་ལ་འགྲོ་ཡི་རེད། དེར་ང་ཚོ་ཟུར་དཔང་འདྲ་བཅར་དགོས་བྱུང་ན་འཛིན་སྐྱོང་ངོས་ནས་བཅར་རྒྱུ་བྱེད། དེ་འདྲ་གནང་ན་ཐུགས་སྟབས་བདེ་པོ་དང་ཕྱག་ལེན་འཁེལ་བ་ཡོད་རེད། དེ་འདྲ་གནང་ན་འཛིན་སྐྱོང་ངོས་ནས་དགག་བྱ་སྤུ་ཙམ་མེད་པ་མ་ཟད་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་ཅེས་ཞུ་རྒྱུ་ཡིན།

ཚོགས་དུས་ལྔ་པ། ༢༠༠༨།༣།༤ ནས་ ༢༠༠༨།༤།༡༥