དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ་གྲུབ་འབྲས་བཅས་ཀྱི་ངོ་སྤྲོད།

༈ ཆེད་བརྗོད། ༄༅།། ཕྱི་ལོ་༡༩༤༩ ལོར་རྒྱ་ནག་ཏུ་དམར་ཤོག་གི་གཅིག་སྡུད་དབང་འཛིན་རིང་ལུགས་བྱུང་འཕྲལ་བོད་དུ་དྲག་དམག་གིས་བཙན་འཛུལ་དང༌། མཐར་བོད་ལྗོངས་ཡོངས་རྫོགས་ཕྱི་ལོ་༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་བརྒྱུད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འོག་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ངོས་ལེན་བྱ་དགོས་བྱུང་ཞིང༌། ྋགོང་ས་མཆོག་དང་བོད་ས་གནས་གཞུང་ནས་ལྷག་བསམ་རྣམ་དག་གིས་གྲོས་མཐུན་གཞི་བཟུང་རང་སྐྱོང་གནས་བབ་ཅིག་ཡོང་ཐབས་འབད་བརྩོན་ཡོད་རྒུ་རྩལ་སྤྲུགས་གནང་རུང་དོན་ཕན་མ་བྱུང་བར། ཕྱི་ལོ་༡༩༥༩ ལོར་བོད་གཞུང་མང་འུ་ཐུག་ཐབས་ཟད་ཀྱིས་ཞི་བའི་གྱེན་ལངས་དང༌། ྋགོང་ས་མཆོག་གིས་དབུས་གཞུང་མང་བཙན་བྱོལ་དུ་ཕེབས་དགོས་བྱུང་རྗེས་ལོ་ཤས་རིང་རང་བཙན་བསྐྱར་གསོའི་ཐུགས་རེ་གནང་རུང༌། རིམ་བཞིན་རྒྱལ་སྤྱི་དང་རྒྱལ་ནང་གཉིས་ཀའི་དངོས་ཡོད་གནས་ཚུལ་ལ་བསྟུན་པའི་སྲིད་བྱུས་ཤིག་མ་བཟུང་ཐབས་མེད་གྱུར་སྟབས། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་ལམ་སྟོན་འོག་བཙན་བྱོལ་བོད་གཞུང་བཀའ་ཤག་དང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་སོགས་མང་གཙོའི་སྒྲིག་འཛུགས་ཀྱི་གྲོས་ལ་དབང་བ་རྣམས་ཀྱིས་དགོངས་དཔྱད་བཀའ་བསྡུར་རིམ་གནང་རྗེས། ཕྱི་ལོ་༡༩༧༤ ལོར་རང་བཙན་བསྐྱར་གསོའི་ཚབ་ཏུ་ཆོལ་གསུམ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ཡོང་ཐབས་གནང་རྒྱུའི་མཛད་བྱུས་གཏན་འབེབས་བྱུང་བ་དེ་ལ་རྗེས་སུ་༼དབུ་མའི་ལམ་གྱི་སྲིད་བྱུས་༽ཞེས་རྒྱལ་སྤྱིའི་ནང་ཡོངས་གྲགས་སུ་གྱུར་པ་དང༌། ཕྱི་ལོ་༡༩༧༩ ལོར་རྒྱ་གཞུང་གི་ཆེས་མཐོའི་དབུ་ཁྲིད་དེང་ཞའོ་ཕིང་གིས་ྋགོང་ས་མཆོག་ལ་འབྲེལ་མོལ་གྱི་གྲོས་འཆར་འདོན་སྐབས་རང་ཕྱོགས་ནས་ཐག་གཅོད་སྔར་ཡོད་ལ་བརྟེན་འཕྲལ་དུ་བཀའ་ལན་གནང་བདེ་བྱུང་ཡོད། དེ་ནས་བཟུང་ད་བར་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ནང་དོན་ཞིབ་ཆ་ལ་འགྱུར་འགྲོས་ཅི་རིགས་སོང་ཡང་སྤྱི་སྒྲོམ་ཁ་བྲལ་མི་རྩོད་ཅིང༌། ད་ལྟའི་གནས་བབ་ལ་འགྱུར་བ་དགོས་པའི་བཞེངས་ཕྱོགས་དེར་གཞིས་བྱེས་བོད་མི་མང་ཚོགས་དང༌། གྲོས་ཚོགས་ནས་མང་མོས་སྤྱི་མོས་ཀྱི་རྒྱབ་སྐྱོར་རིམ་བྱུང་ལ་བརྟེན་འགྱུར་མེད་བརྟན་བཟུང་མཛད་པས། རྒྱལ་སྤྱི་དང་རྒྱ་ནག་མང་ཚོགས་ནས་རྒྱབ་སྐྱོར་ཤུགས་ཆེ་ཐོབ་པ་སོགས་དགེ་མཚན་རླབས་ཆེན་བྱུང་ཡོད་གཤིས། ྋགོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་དང༌། མང་ཚོགས་ཀྱི་རྣམ་དཔྱོད་ལ་ཡི་རངས་བསྔགས་བརྗོད་བྱེད་ཀྱི་ཡོད། འོན་ཀྱང་བར་སྐབས་ཀྱི་འགྱུར་འགྲོས་འགའ་ཤས་གསལ་རྟོགས་མེད་མཁན་ཡང་ཉུང་ཤས་ཡོད་ཁར། འགའ་རེས་གསལ་རྟོགས་མེད་ཁུལ་དུ་བμུས་པ་སོགས་ཅི་རིགས་ལ་བརྟེན་མང་ཚོགས་སུ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་སྒྲོ་སྐུར་དང་འཁྱོག་བཤད། ཐེ་ཚོམ་སོགས་ཇི་སྙེད་ཅིག་བྱུང་བ་རྣམས་ྋགོང་ས་མཆོག་དང་བཀའ་ཤག་གིས་འགྲེལ་བརྗོད་སྔ་རྗེས་དང༌། གྲོས་ཚོགས་ཀྱི་ལས་རིམ་སོགས་ནས་གསལ་བཀྲོལ་ཟིན་པ་དེ་ལྟར་ཡང༌། ད་དུང་གལ་ཆེ་ནན་དཔེར་གལ་ཆེའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ། ཞིབ་གནས་འགྱུར་འགྲོས་བཅས་མང་ཚོགས་ཀྱིས་གོ་རྟོགས་སྒྲོ་འདོགས་ཆོད་ངེས་ཤིག་ཡོང་ཐབས་སུ་བཀའ་ཤག་གིས་༼དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ་གྲུབ་འབྲས་བཅས་ཀྱི་ངོ་སྤྲོད།༽ ཅེས་པའི་འགྲེལ་བརྗོད་ཡིག་ཆ་ཕྱོགས་བསྒྲིགས་ཀྱིས་པར་བསྐྲུན་ཞུས་ཡོད། ཡིག་ཆ་འདིས་བོད་མིའི་སྤྱི་ཚོགས་ཁྲོད་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གནད་དོན་ངོ་མ་གོ་རྟོགས་ཐུབ་པ་ཡོང་རྒྱུ་དང༌། དེ་ལ་བརྟེན་ནས་སྲིད་བྱུས་འདི་ལ་རྒྱབ་སྐྱོར་དང་དགག་བྱ་གནང་མཁན་སུ་ཡིན་རུང་མུན་ནག་མདའ་འཕེན་ལྟ་བུ་མ་ཡིན་པར་དངོས་དོན་རྟོགས་པའི་ཐོག་ནས་རྒྱབ་སྐྱོར་རམ་དགག་བྱ་གནང་ཐུབ་པའི་རེ་བ་ཡིན། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཕྱི་ལོ་༢༠༡༠ ཟླ་༨ ཚེས་༡༥ ལ།། །།

༡ སྔོན་གླེང༌།

དབུ་མའི་ལམ་གྱི་སྲིད་བྱུས་ནི་རང་རྒྱལ་གཞན་ཕམ་མ་ཡིན་པར་རིས་སུ་མ་ཆད་པའི་སྐྱེ་འགྲོ་ཡོངས་ཀྱི་བདེ་ཐབས་ཆེད་དྲང་བདེན་དང༌།༼མས་བརྩེ། འཚེ་བ་མེད་པ། མཛའ་མཐུན་དང་གུ་བཤངས་བཅས་གཉིས་ཕན་རང་བཞིན་ཅན་གྱི་དགོངས་ཡངས་དཀྱེལ་ཆེའི་སྲིད་བྱུས་ཤིག་ཡིན།

ཕྱི་ལོ་༡༩༥༩ ལོར་ྋསྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་བརྒྱད་ཁྲི་བརྒལ་བ་བཙན་བྱོལ་དུ་ཡོང་དགོས་བྱུང་རྗེས་ལོ་ཤས་རིང་བོད་མི་ན་གཞོན་རྣམས་ལ་ཤེས་ཡོན་སློབ་གསོ་དང༌། ཆོས་དང་རིག་གཞུང་གི་བདག་གཅེས། མང་ཚོགས་ཀྱི་གཞིས་ཆགས་གསར་འཛུགས་སོགས་ཛ་དྲག་གི་གནས་ཚུལ་འོག་འབྱུང་འགྱུར་བོད་མིའི་ཆབ་སྲིད་ཀྱི་གནས་བབ་སྐོར་ངེས་གཏན་རྙེད་པའི་སྲིད་བྱུས་ཤིག་གཏན་འབེབས་གནང་མ་གྲུབ་ཀྱང༌། ཕྱི་ལོ་༡༩༦༧་་་༦༨ ཙམ་ནས་ྋསྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་ཚུལ་ཡོངས་ལ་ཐུགས་ཞིབ་དགོངས་བཞེས་གཏིང་ཟབ་དང་འབྲེལ། སྐབས་དེའི་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་དང༌། བཀའ་ཤག་སོགས་གྲོས་ལ་དབང་བ་རྣམས་དང༌། མཁས་མྱོང་ལྡན་པའི་བོད་ཀྱི་གྲོགས་པོ་རྣམས་ལ་གོ་བསྡུར་བགྲོ་གླེང་དང་དཔྱད་ཞིབ་གཏིང་ཟབ་རྒྱུན་རིང་གནང་འབྲས་སུ་ཕྱི་ལོ་༡༩༧༤ ལོར་ནམ་ཞིག་བོད་རྒྱ་གཉིས་དབར་འབྲེལ་མོལ་གྱི་གོ་སྐབས་ཤིག་ཤར་ཚེ་རང་བཙན་རྩོད་གླེང་མི་གནང་བར་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་འཐོབ་ཐབས་གནང་རྒྱུའི་ནང་དོན་སྲིད་བྱུས་གཏན་འབེབས་གནང་ཡོད་པ་ལྟར། ཕྱི་ལོ་༡༩༧༩ ལོར་སྐབས་དེའི་རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་ཏེང་ཞའོ་ཕིང་གིས་བོད་རྒྱ་འབྲེལ་མོལ་གྱི་གྲོས་འཆར་བཏོན་སྐབས་རང་ཕྱོགས་ནས་བཀའ་ལན་གནང་བདེའི་གོ་སྒྲིག་སྔོན་ཡོད་ལ་བརྟེན་འཕྲལ་དུ་འབྲེལ་ལམ་འགོ་ཚུགས་ཐུབ་པ་བྱུང་ཞིང༌། དེ་ནས་བཟུང་དབུ་མའི་ལམ་གྱི་སྲིད་བྱུས་བརྟན་བཟུང་གིས་བོད་ཀྱི་གནད་དོན་འགྲིག་ཆགས་ཡོང་ཐབས་འབད་བརྩོན་ལན་དགུ་ཆད་མཐུད་ཀྱི་ཚུལ་དུ་གནང་ཡང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པའི་ངོས་ནས་བཟང་ཕྱོགས་ཀྱི་ཡ་ལན་གང་ཡང་མ་བྱུང་བའི་ཁར། བོད་ནང་གི་གནས་ཚུལ་ད་དུང་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཏེ་ཕྱི་ལོ་༡༩༨༧ ནས་༡༩༨༩ བར་བོད་མིའི་ཞི་བའི་གྱེན་ལངས་དང༌། དེ་ལ་དྲག་གནོན། དེའི་རྗེས་སུའང་རྒྱུན་དུ་མང་ཚོགས་སྤྱི་དང༌། ལྷག་པར་ཆོས་བྱེད་དགེ་འདུན་པ་རྣམས་ལ་དོ་དམ་བཏང་འཛིན་དང༌། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སོགས་བཟོད་དཀའི་བསུན་བཙེར་བར་མེད་ཀྱིས་མཐའ་མཇུག་ཕྱི་ལོ་༢༠༠༨ ལོར་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་བོད་ས་ཡོངས་སུ་ཞི་རྒོལ་ཆེན་མོ་བྱུང་བ་དང༌། དེ་ཡང་མི་སྤྱོད་ལས་འདས་པའི་དྲག་གནོན་གྱིས་གསོད་རྡུང་བཙོན་འཇུག་མནར་གཅོད་ཚད་མེད་ད་བར་རྒྱུན་ཆད་མེད་པར་གཏོང་བཞིན་པ་དང༌། བར་སྐབས་ལོ་དགུ་ཙམ་རིང་ཆད་པའི་བོད་རྒྱའི་ཐད་འབྲེལ་ཕྱི་ལོ་༢༠༠༢ ནས་བསྐྱར་གསོ་བྱུང་བ་ནས་བཟུང་འབྲེལ་མོལ་ཐེངས་དགུ་བྱས་རུང༌། རྩ་དོན་ཐོག་གྲུབ་འབྲས་མ་ཐོན་པ་བཅས་ལ་བརྟེན། གཞིས་བྱེས་བོད་མིའི་སྤྱི་ཚོགས་ནང་བཟོད་བསྲན་དང་རེ་བ་ཇེ་ཆུང་དུ་ཕྱིན་ཏེ་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཐེ་ཚོམ་དང༌། ཐབས་ལམ་གཞན་འཚོལ་ལེགས་ཀྱི་བསམ་ཚུལ་འདོན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད།

སྤྱིར་བཏང་ཕྱི་ལོ་༢༠༠༨ ལོར་དམིགས་བསལ་ཚོགས་ཆེན་སྐབས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཚད་མཐོའི་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་པ་དང༌། ༢༠༡༠ ཟླ་༣ ཚེས་༢༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་རྒྱབ་སྐྱོར་བྱུང་བ་ལྟར་བཙན་བྱོལ་སྒྲིག་འཛུགས་ཀྱིས་གདེང་སྤོབས་ཆེན་པོས་སྲིད་བྱུས་འདི་ཉིད་རྒྱུན་སྐྱོང་ལག་བསྟར་བྱེད་མུས་ཡིན་ཞིང༌། བོད་ནང་གི་དངོས་ཡོད་གནས་ཚུལ་དང་རྒྱ་གཞུང་དབང་འཛིན་པའི་བྱེད་ཕྱོགས་ལ་གཞིགས་ཏེ་བཟོད་བསྲན་ངང་སྒུག་མ་ཐུབ་མཁན་ཚོ་ཡང་ཐུགས་ཁག་མེད་པ་གོ་རྟོགས་ཐུབ་ངེས་ཀྱང༌། ཁྱོན་ཡོངས་ཀྱི་གནས་ཚུལ་གཞི་རྒྱ་ཆེ་ས་ནས་བལྟས་ན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གྲུབ་འབྲས་གང་ལེགས་ཐོན་ཡོད་གཤིས། སྲིད་བྱུས་འདིའི་ངོ་བོ་དང་བྱུང་རིམ་གྲུབ་འབྲས་བཅས་མང་ཚོགས་ལ་སླར་ཡང་ཞིབ་གསལ་ངོ་སྤྲོད་བྱ་རྒྱུ་དུས་ཀྱི་དགོས་མཁོར་མཐོང༌།

༢ དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ལྟ་གྲུབ་ཀྱི་གཞི་རྟེན།

ྋགོང་ས་ཆེན་པོས་སྙིང་རྗེའི་སྙིང་པོ་ཅན་གྱི་ལྷག་བསམ་(Universal Responsibility) གྱི་དགོས་པ་དང༌། དེ་བཞིན་དཀའ་རྙོག་གང་ཡིན་ཡང་གཉིས་མོས་མཛའ་མཐུན་ལམ་ནས་སེལ་དགོས་པའི་ལམ་སྟོན་འཇིག་རྟེན་ཡོངས་ལ་མཛད་དེ། དུས་རབས་ཉི་ཤུ་པ་ནི་དམག་འཁྲུག་འཐབ་རྩོད་ཀྱི་དུས་རབས་ཤིག་ཏུ་འདས་ཀྱང༌། ད་ཆ་དུས་རབས་ཉེར་གཅིག་པ་འདི་དཀའ་རྙོག་རྣམས་བགྲོ་གླེང་གི་ལམ་ནས་སེལ་བའི་དུས་རབས་གསར་པ་ཞིག་ཏུ་བསྐྲུན་དགོས་པའི་སློབ་སྟོན་གནང་བཞིན་ཡོད། དེ་ཡང་ྋགོང་ས་མཆོག་གིས་ཕྱི་ལོ་༡༩༨༤ ལོའི་གསུམ་དུས་གསུང་འཕྲིན་ནང་༼ཡར་རྒྱས་ཆེ་ཆུང་དང༌། དཔལ་འབྱོར་བཟང་ཞན་ལ་མ་ལྟོས་པར་འཛམ་གླིང་འདིའི་སྟེང་གི་རྒྱལ་ཁབ་རྣམས་དང༌། ཡུལ་སྡེ་ཕན་ཚུན། ཐ་ན་གྲོང་པ་ཁྱིམ་མཚེས། མདོར་ན་ལས་གྲྭའམ། ཁྱིམ་ཚང་གཅིག་གི་ནང་མི་ཚུན་ཆད། མིའི་རིགས་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་སྒོ་ནས་འཚོ་ཞིང་གནས་དགོས་པ་དང༌། ཐམས་ཅད་ཀྱང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་བསམ་ཚུལ་གཅིག་གྱུར་ཡིན་པ་བཅས་ཤེས་རྟོགས་གསལ་པོ་ཐུབ་པ་བྱས་ཏེ། མི་དང་མིའི་བར་ཕན་ཚུན་བྱམས་པ་དང་བརྩེ་བའི་བསམ་ཚུལ་འཛིན་པ་དང༌། དྲང་བདེན་རྩ་བར་བཟུང་བའི་ཉན་ཤེས་གོ་ཤེས་བཅས་བྱས་ན། ཆེ་ས་རྒྱལ་སྤྱིའི་ནང་གི་དཀའ་རྙོག་ནས། ཆུང་ས་ཁྱིམ་ཚང་གཅིག་ནང་གི་དཀའ་རྙོག་ཐམས་ཅད་ངང་གིས་སེལ་ཏེ་གཞི་ནས་མི་རྣམས་ཞི་བདེ་བག་ཕེབས་སུ་གནས་ཐུབ་པའི་རེ་བ་ཡོད།༽ཅེས་གསུངས་ཡོད། འཇིག་རྟེན་སྤྱི་ལ་དེ་འདྲའི་སློབ་སྟོན་གནང་བ་བཞིན་བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱང་དེ་དང་དོན་མཐུན་པ་ཞིག་གནང་བཞེད་དང༌། རང་བཙན་རྩོད་ན་གཉིས་མོས་བགྲོ་གླེང་ཡོང་ཐབས་བྲལ་ཞིང༌། བགྲོ་གླེང་དང་གུ་བཤངས་ཀྱི་ལམ་ནས་རྩ་དོན་བསྒྲུབ་དགོས་ན་གཉིས་སྨན་གྱི་ལམ་ཕྱོགས་ཤིག་མ་བཟུང་ཐབས་མེད་ཡིན་པའི་ལྟ་གྲུབ་ལ་གཞི་བཅོལ་བ་ཡིན།

༣ དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ།

བོད་ཀྱི་རྩ་དོན་སྒྲུབ་ཐབས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་ནི། བོད་རང་བཙན་བསྐྱར་གསོ་བྱས་ཏེ་རྒྱ་ནག་ནས་ཁ་བྲལ་དུ་འགྲོ་རྒྱུའི་མཐའ་དང༌། ད་ལྟའི་བོད་ཀྱི་གནས་བབ་རང་འཇགས་བསྡད་རྒྱུའི་མཐའ་གཉིས་དང་བྲལ་བའི་དབུས་ནས་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུའི་སྲིད་བྱུས་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཞེས་བརྗོད་པ་ཡིན། བོད་དོན་འགྲིག་ཆགས་ཡོང་བ་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་ཆ་རྐྱེན་རྣམས་གཅིག་ཀྱང་མ་ལུས་པ་མིང་དོན་མཚུངས་པར་ལག་བསྟར་བྱེད་དགོས་པ་དང༌། བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་ངེས་པར་དུ་ཚུད་དགོས་པ། དེའི་སྒྲུབ་ཐབས་འཚེ་བ་མེད་པའི་ལམ་འབའ་ཞིག་ལ་བརྟེན་རྒྱུ་བཅས་ནི་སྲིད་བྱུས་འདིའི་འདོར་ཐབས་མེད་པའི་སྙིང་དོན་ཡིན། དེ་བཞིན་བོད་ཀྱི་བྱུང་རབས་ཀྱི་ཐད་འདས་པའི་དོན་ལ་བསྐྱར་བཟོ་བྱེད་ཐབས་མེད་པས་སྲིད་དོན་གྱི་དམིགས་ཡུལ་བཟུང་ནས་འཁྱོག་བཤད་བྱས་པའི་བྱུང་རབས་ལ་ངོས་ལེན་བྱ་ཐབས་མེད་ཀྱང༌། འབྱུང་འགྱུར་གྱི་འགྲིག་ཆགས་འཚོལ་སྐབས་འདས་པའི་བྱུང་རབས་ཀྱིས་འགལ་རྐྱེན་ཡང་མི་འབྱུང་བ་བྱ་རྒྱུ་སྲིད་བྱུས་འདིའི་ཁྱད་ཆོས་ཡིན།

༤ དབུ་མའི་ལམ་གྱི་སྲིད་བྱུས་གཟུང་དགོས་པའི་རྒྱུ་མཚན།

ཀ ད་ལྟའི་འཇིག་རྟེན་འདི་སྲིད་བྱུས་གང་ཡང་དངོས་དོན་གནས་ཚུལ་དང་མཐུན་པའམ། དངོས་དོན་རིང་ལུགས་(Pragmatic)ལྟར་མ་འཛིན་ཐབས་མེད་ཀྱི་དུས་སྐབས་ཡིན།

ཁ དེར་བརྟེན་རྒྱལ་ཁབ་རང་ཉིད་ཁེར་རྐྱང་གི་ཐོབ་ཐང་གཅིག་པུར་ལྟ་བའི་དུས་ཚོད་ཡོལ་ཏེ་ཡོ་རོབ་སྤྱི་མཐུན་ལྟ་བུའི་ནང་སྤྱིའི་ཁེ་ཕན་གཙོ་བཟུང་གིས་རྒྱལ་ཁབ་མང་པོས་རང་བཙན་གྱི་ཁེ་ཕན་མི་ཉུང་བ་ཞིག་བློས་བཏང་གིས་མཉམ་མཐུན་སྒྲིག་འཛུགས་ནང་ཞུགས་བཞིན་པ་སོགས། ད་ལྟའི་དུས་རབས་འདིར་གཅིག་ལ་གཅིག་བརྟེན་མ་བྱས་པར་ཁེར་རྐྱང་སྡོད་ཐབས་མེད་པ་དངོས་ཡོད་ཀྱི་གནས་ཚུལ་ཆགས་ཡོད།

ག རྒྱལ་ཁབ་མང་པོའི་ནང་མི་རིགས་དང༌། ལེགས་བྱང༌། སྐད་ཡིག་ལ་བརྟེན་པའི་ཚད་མཐོའི་རང་སྐྱོང་ས་ཁུལ་མང་པོ་ཡོད་པ་རྣམས་ལེགས་གནས་ཐུབ་པ་མ་ཟད།

རྒྱལ་ཁབ་ཀྱི་མངའ་རིས་ཆིག་བསྒྲིལ་དང་བརྟན་ལྷིང་ལ་ཕན་ཐོགས་ཆེན་པོ་ཡོང་བཞིན་པ་ཡིན།

ང ཁྱད་པར་དུ་བོད་རིགས་མི་འབོར་ས་ཡ་དྲུག་ཙམ་ལས་མེད་པ་དེ་ཡང་མདོ་སྟོད་སྨད་ཀྱི་ས་ཁྱོན་མང་པོ་མཐའ་ནས་རིམ་ཟོས་ཀྱིས་དགའ་ལྡན་ཕོ་བྲང་གི་མངའ་འོག་ནས་ཟུར་དུ་གྱེས་ཏེ་ཕྱི་ལོ་༡༩༥༡ ལོར་བོད་རང་བཙན་ཤོར་སྐབས་བོད་ཀྱི་ས་ཁྱོན་ནི་ད་ལྟ་བོད་རང་སྐྱོང་ལྗོངས་ཟེར་བ་དེ་ཙམ་ལས་མེད་པར་གྱུར་ཟིན་པས། ལོ་རྒྱུས་དང་སྦྲེལ་ཏེ་རང་བཙན་བསྐྱར་གསོ་བྱུང་ཡང་བོད་མི་བརྒྱ་ཆ་ལྔ་བཅུ་ལྷག་ཅིག་དེའི་ཕྱི་རོལ་ཏུ་ཡོད་སྟབས་བོད་སའི་ཆ་ཤས་ཤིག་རྒྱ་ནག་ནས་ཁ་བྲལ་བ་ལས་བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱིས་རང་སྐྱོང་མིང་དོན་མཚུངས་པ་ཞིག་བྱུང་ན་འཕྲལ་ཕུགས་དགེ་མཚན་ཆེ་བའི་རྒྱུར་མངོན་པས་འདི་ཡང་བསམ་ཞིབ་དགོས་པ་ཡིན།

ཅ བོད་ནི་སྐམ་སས་བསྐོར་བའི་ཡུལ་ལུང་ཞིག་ཡིན་སྟབས། སྟོབས་ཆེན་ཁྱིམ་མཚེས་ལ་མ་བརྟེན་པར་དཔལ་འབྱོར་དང༌། དངོས་པོའི་ཡར་རྒྱས། དེང་རབས་ཀྱི་དཔལ་ཡོན་རྣམས་འཐོབ་དཀའ་བས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་གནས་རྒྱུར་ཕྱི་དངོས་པོའི་ཁེ་ཕན་ཡོད།

ཆ བོད་དོན་བདེན་མཐའ་གསལ་ཐབས་ཀྱི་གཞི་རྒྱ་ཆེ་བའི་ལས་དོན་རྒྱལ་སྤྱིའི་ནང་རྒྱུན་སྐྱོང་ཐུབ་པར་གཞུང་དང་སྒྲིག་འཛུགས་ཁག་གི་རྒྱབ་སྐྱོར་ངེས་པར་དུ་འཐོབ་དགོས་པ་མ་ཟད། བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་སྒྲིག་འཛུགས་ཀྱང་རྒྱུན་གནས་ཐུབ་པ་ཞིག་མེད་དུ་མི་རུང་བ་ཡིན།

ཇ ལྷག་པར་བོད་ནང་ལེགས་བྱང་དང༌། ཁོར་ཡུག མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་གཏོར་འགྲོ་གཞིའི་ཛ་དྲག་གི་དཀའ་ངལ་ལས་སྐྱོབ་ཐབས་བྱེད་དགོས་པ་སོགས་རྒྱུ་མཚན་རྣམ་གྲངས་མང་པོ་ཡོད།

༥ དབུ་མའི་ལམ་གྱི་སྲིད་བྱུས་མང་གཙོའི་ལམ་སྲོལ་གྱི་བརྒྱུད་རིམ་ནས་གཏན་འབེབས་བྱུང་ཚུལ།

ཀ དབུ་མའི་ལམ་གྱི་སྲིད་བྱུས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་འཆར་ཡིན་ཡང་དེའི་གཏན་འབེབས་ྋགོང་ས་མཆོག་གིས་ཐད་ཀར་གནང་བ་མིན། མང་གཙོའི་ལམ་སྲོལ་གཞི་བཟུང་སྐབས་དེའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཀའ་བློན་སོགས་མང་ཚོགས་ཀྱི་སྐུ་ཚབ་མཚོན་པའི་གང་ཟག་དང་སྒྲིག་འཛུགས་ཡོངས་ལ་གོ་བསྡུར་གནང་བ་བརྒྱུད་སྤྱི་མོས་ཀྱིས་གཏན་འབེབས་དང་ཕྱག་བསྟར་གནང་ཡོད། རྒྱ་གཞུང་མཉམ་འབྲེལ་མོལ་ཐེངས་མང་གནང་བའི་རྗེས་གྲོས་འཆར་ཆ་ཚང་ཞིག་དགོས་མཁོ་བྱུང་བ་དང་བསྟུན་ཏེ། ཕུགས་ཀྱི་འཆར་སྣང་ཞི་བའི་དོན་ཚན་ལྔ་ཕྱི་ལོ་༡༩༨༧ ལོར་ཨ་རི་གྲོས་ཚོགས་སུ་གསལ་བསྒྲགས་དང༌། དེའི་དོན་ཚན་ལྔ་པའི་རྒྱས་བཤད་དུ་སི་ཏྲས་སྦག་གི་གྲོས་འཆར་ཕྱི་ལོ་༡༩༨༨ ལོར་ཡོ་རོབ་གྲོས་ཚོགས་སུ་གསལ་བསྒྲགས་བསྐྱངས་ཡོད། གྲོས་འཆར་འདི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་རྒྱས་བཤད་དང་པོ་ཡིན་སྟབས། གསལ་བསྒྲགས་མ་གནང་གོང་ཕྱི་ལོ་༡༩༨༨ ཟླ་༦ ཚེས་༦ ནས་ཚེས་༩ བར་ཉིན་བཞིའི་རིང་དྷ་སར་བཀའ་ཤག་དབུ་བཞུགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང༌། གཞུང་ཞབས་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག རང་སྐྱོང་སྡེ་ཚན་ཁག གསར་འབྱོར་བོད་མིའི་འཐུས་ཚབ། དམིགས་བསལ་སྐུ་མགྲོན་རྣམ་པ་བཅས་བཙན་བྱོལ་མང་ཚོགས་ཀྱི་སྐུ་ཚབ་མཚོན་པའི་དམིགས་བསལ་ཆབ་སྲིད་ཚོགས་ཆེན་ནང་བགྲོ་གླེང་མཐིལ་ཕྱིན་རྗེས་གྲོས་འཆར་དེ་རང་གསལ་བསྒྲགས་གནང་རྒྱུ་སྤྱི་མོས་ཀྱིས་རྒྱབ་གཉེར་གནང་ཡོད། འདི་ནི་བཀའ་སྤྱི་གཉིས་ཙམ་མ་ཟད། མང་ཚོགས་ཀྱི་ངོ་ཚབ་མཚོན་པའི་འཐུས་མི་རྣམས་ནས་ཐད་ཀར་བསམ་ཚུལ་བསྡུས་ཏེ་མང་གཙོའི་བརྒྱུད་ལམ་ནས་གཏན་འབེབས་གནང་བའི་རིམ་པ་དང་པོ་དེ་ཡིན།

ཁ ཕྱི་ལོ་༡༩༩༣ ནས་བོད་རྒྱའི་འབྲེལ་ལམ་ཆད་པར་བརྟེན་ཕྱི་ལོ་༡༩༩༥ དང་༡༩༩༦ སོ་སོའི་ྋགོང་ས་མཆོག་གི་གསུམ་དུས་གསུང་འཕྲིན་དུ་འབྱུང་འགྱུར་ལངས་ཕྱོགས་ཇི་དགེ་མང་མོས་ཐག་གཅོད་འོས་བསྡུ་བྱ་དགོས་ཕེབས་པ་བཞིན་བཀའ་སྤྱི་ཐུན་མོང་གིས་མང་མོས་ཐག་གཅོད་འོས་བསྡུའི་སྔོན་འགྲོའི་ལས་རིམ་འགོ་འཛུགས་ཀྱིས་གདམ་བྱ་དོན་ཚན་བཞིའི་ཐོག་བགྲོ་གླེང་སོགས་བྱེད་སྐབས་བོད་མི་གཞིས་བྱེས་མང་ཚོགས་ཀྱི་བསམ་ཚུལ་བརྒྱ་ཆ་༦༤ བརྒལ་བས་མང་མོས་ཐག་གཅོད་འོས་བསྡུ་མ་དགོས་པར་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཛིན་ནམ། ྋགོང་ས་ྋསྐྱབས་མགོན་ཆེན་པོས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་དུས་ནས་དུས་སུ་ཐག་གཅོད་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུ་དགོས་གསལ་བ་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་༡༩༩༧ ཟླ་༩ ཚེས་༡༨ ཉིན་ྋགོང་ས་ཆེན་པོས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་གཟིགས་ཏེ་དུས་ནས་དུས་སུ་ཐག་གཅོད་མཛད་གནང་ཡོང་བ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཐག་གཅོད་གང་གནང་ལ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་ཐག་གཅོད་བྱུང་བ་དང་གཅིག་གྱུར་བརྩི་རྒྱུ་ཡིན་པའི་སྤྱི་མོས་གྲོས་ཆོད་བཞག་སྟེ་མང་ཚོགས་ཀྱི་མང་མོས་དང་སྤྱི་ལྷན་གྱི་སྤྱི་མོས་ཀྱི་ཐོག་ནས་ྋགོང་ས་མཆོག་ལ་གསོལ་འདེབས་ཞུས་དོན་ལ་ྋགོང་ས་ཆེན་པོས་ཕྱི་ལོ་༡༩༩༨ ལོའི་གསུམ་དུས་གསུང་འཕྲིན་ནང་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་གནང་རྒྱུའི་ཁྱབ་བསྒྲགས་གནང༌། འདི་ནི་མང་ཚོགས་ཀྱིས་མང་མོས་དང་སྤྱི་ལྷན་གྱིས་སྤྱི་མོས་ཀྱི་ལམ་ནས་མང་གཙོའི་བརྒྱུད་ལམ་གྱི་གཏན་འབེབས་རིམ་པ་གཉིས་པ་དེ་ཡིན།

ག ཕྱི་ལོ་༢༠༠༢ ནས་བོད་རྒྱའི་ཐད་འབྲེལ་བསྐྱར་གསོའི་རྗེས་འབྲེལ་མོལ་ཐེངས་བདུན་གནང་ཡང་རྩ་དོན་ཐོག་གྲུབ་འབྲས་མ་བྱུང་ཁར། ཕྱི་ལོ་༢༠༠༨ ལོར་བོད་ས་ཡོངས་སུ་ཞི་རྒོལ་བྱུང་བ་དང༌། བཙན་བྱོལ་སྤྱི་ཚོགས་སུའང་ཛ་དྲག་གི་ཚོར་སྣང་བྱུང་བ་བཅས་ལ་གཟིགས་ཏེ་སླར་ཡང་ཕྱི་ལོ་༢༠༠༨ ཟླ་༡༡ ཚེས་༡༧ ནས་ཚེས་༢༢ བར་ཉིན་དྲུག་རིང་དྷ་སར་བཅའ་ཁྲིམས་དོན་ཚན་ང་དགུ་པའི་ཆ་རྐྱེན་འོག་དམིགས་བསལ་ཚོགས་ཆེན་བསྐྱངས་པར་བོད་མི་གནས་ཡུལ་ཡོངས་ནས་མང་ཚོགས་ཀྱི་ངོ་ཚབ་མཚོན་ངེས་ཀྱི་ཚོགས་མི་༦༠༠ མ་ཟིན་ཙམ་དང༌། ཚོགས་མི་སོ་སོའི་ཡོང་ཁུངས་མང་ཚོགས་ཀྱི་བསམ་ཚུལ་ཡིག་ཐོག་ཏུ་ཕུལ་བ། གཞིས་བཞུགས་བོད་མིའི་ཁྲོད་ནས་བསམ་འཆར་བསྡུ་ལེན་བྱས་པ་བཅས་ཁྱོན་བསམ་ཚུལ་བརྒྱ་ཆ་བརྒྱད་ཅུ་བརྒལ་བའི་ཚད་མཐོའི་མང་མོས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཞུས། འདི་ནི་མང་ཚོགས་ཀྱིས་ཐད་ཀར་མང་གཙོའི་བརྒྱུད་ལམ་གྱི་གཏན་འབེབས་རིམ་པ་གསུམ་པ་དེ་ཡིན།

ང དེ་བཞིན་ཕྱི་ལོ་༢༠༡༠ ཟླ་༣ ཚེས་༢༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་འཕྲིན་ལ་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་ཐོག་བགྲོ་གླེང་དང་གསན་ཞིབ་རྗེས་སླར་ཡང་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་ཡོད། འདི་ནི་མང་གཙོའི་བརྒྱུད་ལམ་གྱི་གཏན་འབེབས་རིམ་པ་བཞི་པ་དང་གསར་ཤོས་དེ་ཡིན།

དེ་ལྟར་ཕྱི་ལོ་༡༩༧༤ ནས་བཟུང་ཕྱི་ལོ་༢༠༡༠ བར་འདས་པའི་ལོ་ངོ་སོ་དྲུག་ནང་ྋགོང་ས་མཆོག་ནས་ཡང་ཡང་མང་ཚོགས་ལ་གོ་བསྡུར་བསྐྱངས་པ་དང༌། མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རང་དབང་ལྡན་པའི་རྣམ་དཔྱོད་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཚད་མཐོའི་མང་མོས་ཀྱིས་རྒྱབ་སྐྱོར་ཞུས་ཤིང༌། ལྷག་པར་སྔ་རྗེས་སུ་བོད་ནང་གི་མི་རིགས་ཀྱི་བདེ་དོན་ལ་ལོ་མང་འབད་བརྩོན་བྱས་མྱོང་བའི་རྒྱུས་ཅན་དང༌། ད་ལྟ་འབད་བརྩོན་བྱེད་བཞིན་པའི་ཆོལ་ཁ་གསུམ་གྱི་མཁས་དབང་དང་ལས་འགུལ་བ་མང་པོས་རྒྱབ་སྐྱོར་བློ་མོས་ཤུགས་ཆེན་ཞུས་ཡོད།

༦ དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཞིབ་ཆའི་ནང་དོན་ལ་འགྱུར་འགྲོས།

ཕྱི་ལོ་༡༩༧༩ ནས་༡༩༨༨ བར་འབྲེལ་མོལ་གྱི་བྱུང་རིམ་ནང་ཁ་བྲལ་མིན་པའི་རང་སྐྱོང་གི་གནས་བབ་སྤྱི་སྤུང་ཙམ་ལས་ཞིབ་ཆའི་འགྲེལ་བརྗོད་མེད། ཕྱི་ལོ་༡༩༨༨ ལོར་བསྩལ་བའི་སི་ཏྲས་སྦག་གི་གྲོས་འཆར་ནང་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་ལ་གཞི་རྩའི་ཁྲིམས་ཡིག་ཟུར་དུ་ཡོད་པའི་མང་གཙོའི་ལམ་སྲོལ་ཅན་གྱི་རང་སྲིད་རང་སྐྱོང༌། དམག་སྲིད་དང་གཞུང་ཚབ་གཏོང་རེས་ཀྱི་ཕྱི་འབྲེལ་ལས་གཞན་པའི་དོན་གནད་ཡོངས་རྫོགས་ས་གནས་གཞུང་གི་དབང་ཚད་དུ་དགོས་པ་དང༌། དེ་འདྲའི་རང་སྐྱོང་གཞུང་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་གནས་བྱ་རྒྱུ་གསལ་ཡོད།

སི་ཏྲས་སྦག་གི་གྲོས་འཆར་ལ་རྒྱ་གཞུང་གིས་རང་བཙན་དང༌། ཕྱེད་རང་བཙན་ནམ་རྣམ་པ་འགྱུར་བའི་རང་བཙན་ཡིན་ཚུལ་དང༌། ལོ་རྒྱུས་དང་དངོས་ཡོད་གནས་ཚུལ་ལ་འཁྱོག་བཤད། བོད་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་དང་བདག་དབང་ཁས་ལེན་མ་བྱས་པའི་སྐྱོན་བརྗོད་བྱས། ཁྱད་པར་སྐབས་དེའི་སྲིད་བློན་ཀྲའོ་ཙི་དབྱང་གིས་ཏཱ་ལའི་བླ་མ་གལ་སྲིད་རྒྱལ་ནང་དུ་ཕྱིར་ཕེབས་གནང་འདོད་ཡོད་ན་བོད་རང་བཙན་གྱི་བྱ་གཞག་མཚམས་འཇོག་དགོས་ཀྱང་ཁོང་ལ་དེ་ལྟར་གནང་རྒྱུའི་གྲ་སྒྲིག་རྟགས་མཚན་གང་ཡང་མཐོང་གི་མི་འདུག་ཅེས་གསར་འགོད་པར་བཤད། ཕྱི་ལོ་༡༩༨༨ ཟླ་༩ ཚེས་༢༡ ཉིན་ལྡི་ལི་རྒྱ་ནག་གཞུང་ཚབ་ཀྱིས་བཀའ་ཤག་ལ་དོན་ཚན་གསུམ་ཅན་གྱི་བརྡ་ལན་འབྱོར་བའི་ནང༌། སི་ཏྲས་སྦག་གི་གྲོས་འཆར་ནང་བོད་རང་བཙན་གྱི་ལྟ་བ་དོར་མི་འདུག་པས་དེ་སྐད་ཆ་བཤད་རྒྱུའི་རྨང་གཞི་ཡོང་ཐབས་མེད་ཚུལ་བཤད་པ་དང༌། དེ་དོན་ཚེས་༢༢ ཉིན་གསར་འགོད་པར་གསལ་བསྒྲགས་བྱས། སླར་ཡང་༡༩༨༨ ཟླ་༡༡ ཚེས་༡༨ ཉིན་ལྡི་ལི་རྒྱ་ནག་གཞུང་ཚབ་ནས་བྱབྱཀྲུང་དབྱང་གིས་བསྐྱར་བཤད་བྱ་རྒྱུ་ཞིག་ལ་སི་ཏྲས་སྦག་གི་གསུང་བཤད་དེ་བཀའ་མོལ་གནང་རྒྱུའི་རྨང་གཞི་རྩ་བ་ནས་ཡོང་གི་མ་རེད། བཀའ་མོལ་གནང་རྒྱུའི་སྔོན་འགྲོའི་ཆ་རྐྱེན་དེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ་བྱ་རྒྱུ་ངོས་ལེན་དང༌། དེ་འོག་ནས་གནང་དགོས་ཀྱི་རེད།༽ཅེས་ནན་བརྗོད་བྱས་པ་སོགས་སི་ཏྲས་སྦག་གི་གྲོས་འཆར་ལ་རྒྱ་ཕྱོགས་ནས་འབྲེལ་མོལ་བྱ་ཐབས་མེད་པའི་ལན་འདེབས་སྔ་རྗེས་བྱུང་བར་བརྟེན། ཕྱི་ལོ་༡༩༩༡ ལོའི་ྋགོང་ས་མཆོག་གི་གསུམ་དུས་གསུང་འཕྲིན་དུ་དུས་ཚོད་ངེས་ཅན་ནང་རྒྱ་ཕྱོགས་ནས་བཟང་ཕྱོགས་ཀྱི་ཡ་ལན་མ་བྱུང་ན་གྲོས་འཆར་དུ་གསལ་བའི་དོན་གནད་ཁག་ལ་འགན་བཞེས་གནང་དགོས་མེད་པ་དང༌། ཕྱི་ལོ་༡༩༩༢ ལོའི་ྋགོང་ས་ཆེན་པོའི་གསུམ་དུས་གསུང་འཕྲིན་དང༌། ཡེལ་གཙུག་ལག་སློབ་ཁང་དུ་བསྩལ་བའི་གསུང་བཤད་བཅས་ཀྱི་ནང་གྲོས་འཆར་རང་བཞིན་ནུས་མེད་དུ་གྱུར་ཚུལ་གསལ་བསྒྲགས་བསྐྱངས། གྲོས་འཆར་དེ་ཕྱི་ལོ་༡༩༩༢ ལོར་རང་བཞིན་ནུས་མེད་དུ་གསལ་བསྒྲགས་བསྐྱངས་པ་ནས་བཟུང་ཕྱི་ལོ་༢༠༠༨ བར་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཞིབ་ཕྲའི་འགྲེལ་བརྗོད་གསར་པ་བཟོས་མེད།

ཕྱི་ལོ་༢༠༠༢ ནས་འབྲེལ་མོལ་ཐེངས་བདུན་བྱས་པའི་ལས་རིམ་དུ་རྒྱལ་སྤྱིའི་དངོས་ཡོད་གནས་བབ་དང༌། རྒྱ་གཞུང་གི་ལངས་ཕྱོགས། བོད་མིའི་མངོན་འདོད་བཅས་དང་བསྟུན་ཏེ་ྋགོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་གུ་བཤངས་བྱས་ཏེ་བོད་ཀྱི་དཀའ་རྙོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་འོག་བསལ་རྒྱུའི་འབད་བརྩོན་གནང་རྒྱུའི་དགོངས་ཚུལ་རྣམས་བར་སྐབས་དེའི་ྋགོང་ས་མཆོག་གི་གསུམ་དུས་གསུང་འཕྲིན་ཁག་དང༌། བཀའ་ཤག་གི་གཏམ་བཤད་ཁག་གི་ནང་རིམ་གསལ་བྱས་ཡོད་པ་མ་ཟད། འབྲེལ་མོལ་སྐབས་སུའང་གོ་སྐབས་སྨིན་མཚམས་ྋགོང་ས་མཆོག་གིས་དབུ་མའི་ལམ་གྱི་ཞིབ་ཆའི་འགྲེལ་བརྗོད་གསར་པ་གནང་རྒྱུའི་གོ་སྒྲིག་ཡོད་ཚུལ་བརྗོད་ཡོད། ཕྱི་ལོ་༢༠༠༨ ལོར་འབྲེལ་མོལ་བདུན་པའི་སྐབས་རྒྱ་ཕྱོགས་ནས་ང་ཚོའི་དགོས་འདུན་གྱི་རང་སྐྱོང་གི་གནས་བབ་གསལ་པོ་དགོས་ཞེས་བརྗོད་པ་ལྟར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་རྣམས་བོད་རིགས་ཡོངས་ལ་དངོས་སུ་ལག་བསྟར་བྱེད་ཕྱོགས་ཀྱི་བསམ་འཆར་ཡིག་ཆའི་ནང་ཞིབ་རྒྱས་བཀོད་ཡོད། དེའི་ནང་བོད་རིགས་གཅིག་གྱུར་གྱི་ངོ་བོ་ལ་བརྩི་བཀུར་དགོས་པ་དང༌། བོད་མིའི་མངོན་འདོད། བོད་མིའི་གཞི་རྩའི་དགོས་མཁོ་རང་སྲིད་རང་སྐྱོང་བྱེད་རྒྱུའི་གནད་དོན་ཁག་བཅུ་གཅིག བོད་ལ་གཅིག་གྱུར་གྱི་འཛིན་སྐྱོང་དགོས་པ། རང་སྐྱོང་གི་ངོ་བོ་དང་སྒྲོམ་གཞི། མ་འོངས་མདུན་བསྐྱོད་བྱེད་ཐབས་བཅས་ཞིབ་ཕྲ་བཀོད་ཡོད། བསམ་འཆར་འདི་ནི་སི་ཏྲས་སྦག་གི་གྲོས་འཆར་དང་ཁྱད་པར་ཆེན་པོ་ཡོད་ཅིང༌། འདི་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་ཆ་རྐྱེན་ཁག་གཞི་བཟུང་ཐོག་བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་དགོས་རྒྱུ་གཙོ་བོར་བྱས་ཏེ་བཀོད་ཡོད།

གྲོས་འཆར་དེ་ལ་རྒྱ་གཞུང་གིས་འགྲེལ་བརྗོད་ལོག་པ་ཇི་སྙེད་ཅིག་བྱས་པར་བརྟེན་དེའི་འགྲེལ་བརྗོད་ཅིག་ཕྱི་ལོ་༢༠༡༠ ཟླ་༡ ཚེས་༢༦ ཉིན་འབྲེལ་མོལ་ཐེངས་དགུ་པའི་སྐབས་སྤྲད་པའི་ནང་རྒྱ་མིའི་འཁྱོག་བཤད་ལ་འགྲེལ་བརྗོད་བྱས་ཡོད། ཡིག་ཆ་འདི་གཉིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་འགྲེལ་བརྗོད་རྗེས་ཤོས་དེ་ཡིན།

བསམ་འཆར་ཡིག་ཆ་འདི་ལ་རྒྱལ་སྤྱིའི་ནང་གཞུང་དང༌། གྲོས་ཚོགས། སྒྲིག་འཛུགས། མི་སྒེར་བཅས་མང་པོས་ཧ་ཅང་འོས་འཚམས་དང་ཁྲིམས་མཐུན་ཡིན་པའི་བསྔགས་བརྗོད་དང༌། རྒྱ་གཞུང་གིས་འདི་ལ་ངོས་ལེན་མ་བྱས་པར་ཡ་མཚན་དང༌། འོས་འཚམས་མིན་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་མ་ཟད། གྲོས་གཞི་འདིའི་ཐོག་འབྲེལ་མོལ་གྲུབ་འབྲས་ཐོན་པ་གནང་དགོས་པའི་སྐུལ་ལྕག་ཀྱང་ནན་པོ་གནང་བཞིན་ཡོད།

༧ དབུ་མའི་ལམ་གྱི་སྲིད་བྱུས་ཕྱག་བསྟར་གནང་བའི་གྲུབ་འབྲས།

གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཕྱག་བསྟར་གནང་བ་ལ་བརྟེན་ནས་རླབས་ཆེན་གྱི་གྲུབ་འབྲས་མང་པོ་ཐོན་ཡོད།

ཀ༽ ཕྱི་ལོ་༡༩༧༩ ལོར་བོད་རྒྱའི་འབྲེལ་ལམ་དབུ་ཚུགས་ཏེ་བོད་ས་མང་པོར་སྐུ་ཚབ་དང་གཟིགས་སྐོར་ཚོགས་པ་སྔ་རྗེས་ཕེབས་པས་གཞིས་བྱེས་ཤི་གསོན་འཕྲད་པ་ལྟ་བུའི་ཚོར་བ་དང༌། དེའི་དབང་གིས་གཞིས་བཞུགས་བོད་མིའི་སྙིང་སྟོབས་བླ་ལྷག་ཏུ་འཕེལ་བ་དང༌།

ཁ༽ གཞིས་བྱེས་གཉིས་དབར་གཉེན་འཕྲད་དང་འགྲོ་འོང་གི་གོ་སྐབས་དང༌། ལྷག་པར་སློབ་ཕྲུག་དང་གྲྭ་བཙུན་ཁྲི་ཚོ་མང་པོ་བཙན་བྱོལ་དུ་སློབ་སྦྱོང་དང་ཐོས་བསམ་གྱི་གོ་སྐབས་ཐོབ་པ།

ག བཙན་བྱོལ་དུ་ཡོད་པའི་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང༌། དགེ་བཤེས། མཁས་དབང་མང་པོ་བོད་དུ་ཕེབས་ཏེ་ཆོས་དང་རིག་གཞུང་ལེགས་བྱང་གི་མཛད་འཕྲིན་རླབས་ཆེན་བསྐྱངས་ཐུབ་པ།

ང༽ གཞིས་བཞུགས་བོད་མི་ཤེས་ཡོན་ཅན་མང་པོས་བཙན་བྱོལ་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་མོས་མཐུན་རྒྱབ་སྐྱོར་རླབས་ཆེན་ཐོབ་པ། དཔེར་ན་ད་ལྟ་འཚོ་བཞུགས་ཡོད་པའི་བོད་རིགས་འགོ་ཁྲིད་རྒན་གྲས་ཕུན་ཚོགས་དབང་རྒྱལ་གྱིས་༼ཏཱ་ལའི་བླ་མས་༽རང་བཙན་བརྩོན་ལེན་མི་བྱེད་པར། མིང་དོན་མཚུངས་པའི་རང་སྐྱོང་ཁོ་ན་བྱབརྩོན་ལེན་གནང་བའི་༼དབུ་མའི་ལམ་༽ནི་དེ་རིང་གི་ལོ་རྒྱུས་ཆ་རྐྱེན་འོག བོད་དང་དེ་བཞིན་བོད་མི་རིགས་ཡོངས་ཀྱི་རྩ་བའི་ཁེ་ཕན་དང༌། དེ་བཞིན་མདུན་ལམ་དང་ལས་དབང་ལ་ཐུགས་བསམ་ནན་ཏན་བཞེས་པ་དང༌། རང་གཞན་གཉིས་ཀའི་གནས་ཚུལ་མཁྱེན་པ། དུས་གནས་དཔྱོད་ཞིབ་ཏན་ཏིག་བཅས་གནང་བའི་ཐུགས་འགན་ནན་ཏན་ཁུར་བའི་རྣམ་འགྱུར་ཞིག་ཡིན་པ་དང༌། བདེན་འཛིན་དངོས་སྒྲུབ་དང་གཟིགས་རྒྱང་རིང་བའི་དགོངས་ཚུལ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཅེས་དང༌། དེ་བཞིན་མཁས་དབང་གཞན་ཞིག་གིས་༼དབུ་མའི་ལམ་ནི་བོད་མི་སེམས་པ་སྐྱིད་པ་དང༌། རྒྱ་མི་བློ་སེམས་བདེ་པོ་ཡོང་བའི་གཉིས་སྨན་ཐ་ན་མང་སྨན་གྱི་གནས་བབ་གསར་གཏོད་བྱེད་རྒྱུ་དང༌། བོད་ཀྱི་གནད་དོན་ཐག་གཅོད་མཐར་ཕྱིན་པ་བྱེད་རྒྱུའི་ལག་བསྟར་བྱས་ན་ཆོག་པའི་དགོངས་པ་ཉག་གཅིག་དེ་ཡིན། ལྷག་པར་དུ་རྒྱལ་ནང་གི་བོད་མི་མང་ངོས་ནས་བཤད་ན། དབུ་མའི་ལམ་ནི་རང་བཙན་དང་གཅིག་གྱུར་འཐབ་རྩོད་ཀྱི་དཀའ་ངལ་དང་དྭོགས་པའི་རྒྱ་ལས་བརྒལ་ཞིང༌། རིག་པའི་གཞུང་ལུགས་དང་བསམ་བློའི་ཐད་ནས་བཤད་ན། དབུ་མའི་ལམ་གྱིས་མང་ཚོགས་མཉམ་ཞུགས་ནུས་པ་དང༌། རང་སྟོབས་ཀྱི་ནུས་པ། གསར་གཏོད་ཀྱི་ནུས་པ་འདོན་རྒྱུར་བཅིངས་འགྲོལ་བཏང་ཡོད། ལག་ལེན་གྱི་ཁྱབ་ཁོངས་ནས་བཤད་ན། དབུ་མའི་ལམ་གྱིས་གོང་སྤེལ་གཏོང་ས་རྒྱ་ཆེ་རུ་བཏང་ཡོད་པ་དང༌། ཞིབ་ཕྲའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ཡོད་ཅིང༌།༽ ཞེས་གསུངས་ཡོད།

ཅ༽ ཁྱད་པར་རྒྱ་རིགས་ཤེས་ཡོན་ཅན་དང༌། མང་གཙོ་དོན་གཉེར་བ། གསར་འགོད་པ། རྩོམ་པ་པོ་སོགས་དྲང་བདེན་ལ་དགའ་བ་ཧ་ཅང་མང་པོས་རྒྱབ་སྐྱོར་གྱིས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་བྱ་རིམ་ནང་ཆ་ཤས་བླངས་ཐུབ་པ་དཔེར་ན། རྒྱ་རིགས་མཁས་དབང་གྲགས་ཅན་མང་པོས་མངོན་གསལ་དོད་པོས་༼རྒྱལ་ཕྲན་མཉམ་འབྲེལ་གྱི་ལམ་ལུགས་ནི་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ལམ་ཁ་ཡག་ཤོས་རེད།༽

ཅེས་དང༌། ༼ཏཱ་ལའི་བླ་མ་ནི་བོད་ཀྱི་དཀའ་རྙོག་སེལ་བའི་ལྡེ་མིག་རེད།༽ ཅེས་དང༌། ༼དབུ་མའི་ལམ་ནི་མི་རིགས་ཀྱི་འགལ་ཟླ་བསལ་བའི་སྨན་མཆོག་ཡིན།༽ ཞེས་དང༌། ༼ཏཱ་ལའི་བླ་མའི་དབུ་མའི་ལམ་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ལམ་ཡང་དག་ཡིན།༽ ཞེས་དང༌། ༼དབུ་མའི་ལམ་ནི་གསེར་གྱི་བསླབ་བྱ་རེད།༽ ཅེས་པ་ལྟ་བུའི་དོན་སྙིང་ལྡན་པའི་རྩོམ་ཡིག་ཧ་ཅང་མང་པོ་སྤེལ་ཡོད་ཅིང༌། ཉེ་བའི་ལོ་ཤས་ནང་བོད་དོན་རྒྱབ་སྐྱོར་གྱི་རྩོམ་ཡིག་༩༠༠ ཙམ་མཐོང་ཐོས་བྱུང་བ་དེ་དག་མང་ཆེ་བ་དབུ་མའི་ལམ་གྱི་རྒྱབ་སྐྱོར་ཤ་སྟག་རེད། དེ་མཚུངས་གཞི་རིམ་རྒྱ་ཆེའི་རྒྱ་རིགས་མི་མང་དང་མཉམ་གོ་རྟོགས་དང་མཐུན་འབྲེལ་གོང་མཐོར་སོང་སྟེ་ས་གནས་མང་པོར་རྒྱ་བོད་མཛའ་འབྲེལ་ཚོགས་པ་བཙུགས་ཐུབ་པ་བྱུང་ཡོད།

ཆ༽ ཁྱད་པར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་འཇིག་རྟེན་ཡོངས་སུ་ལུགས་གཉིས་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་པར་འགོག་རྐྱེན་མ་འཕྲད་པ་དང༌། བོད་དོན་འགྲིག་ཆགས་ཡོང་ཆེད་བཙན་བྱོལ་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་ནང་འགོ་ཁྲིད་ཀྱི་ལས་འགན་གཏོད་ཅིང་ནུས་ཤུགས་བསྒྲིལ་ཐུབ་པ་བྱུང་ཡོད།

ཇ༽ དབུ་མའི་ལམ་གྱི་སྲིད་བྱུས་འཛིན་པ་ནས་བཟུང་རྒྱལ་སྤྱིའི་ནང་ྋགོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱིས་མཚོན་ཆེ་བསྟོད་དང༌། གཟེངས་རྟགས། ཆེས་མཐོའི་དབུ་ཁྲིད་ཁག་གི་མཇལ་འཕྲད། གྲོས་ཚོགས་ཁག་ཏུ་གྲོས་ཆོད་དང་རྒྱབ་སྐྱོར་ཚོགས་པ་བཙུགས་པ་སོགས་གཞུང་དང་གྲོས་ཚོགས་ཀྱི་རྒྱབ་སྐྱོར་མངོན་གསལ་དོད་པོ་ཐོབ་དང་འཐོབ་བཞིན་པ།

ཉ༽ རྒྱལ་སྤྱིའི་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་ཁག་ལ་ཁྲིམས་དང་ཆབ་སྲིད་ཀྱི་འགོག་རྐྱེན་མེད་པ་མ་ཟད། སྲིད་གཞུང་མང་པོས་བོད་རྒྱ་ཞི་མོལ་ལ་དོ་སྣང་དང་གྲོས་མོལ་དོན་འབྲས་སོན་པ་ཡོང་ཆེད་དོན་སྙིང་ལྡན་པའི་ཆ་ཤས་བླང་འདོད་གནང་མཁན་ཇེ་མང་དུ་འགྲོ་བཞིན་པ།

ཏ༽ དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་མོལ་གྱི་ལས་རིམ་ལ་སྲིད་གཞུང་མང་པོས་སྒྲུབ་ཕྱོགས་དང་གཉིས་མོས་འཚོལ་ཐབས་ཀྱི་དགོངས་བཞེས་ཡིན་པའི་ངོས་འཛིན་གྱིས་བོད་དོན་འགྲིག་ཆགས་ཡོང་ཆེད་མཐུན་འགྱུར་གང་ཐུབ་གནང་བཞིན་པ། དཔེར་ན་ཨ་རིའི་སྲིད་འཛིན་བྷུ་ཤིས་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་སྒོའི་སྐབས་༼ངས་རྒྱ་ནག་གཞུང་ལ་ྋགོང་ས་མཆོག་རྒྱ་ནག་ཏུ་གདན་འདྲེན་ཞུ་དགོས་པ་མུ་མཐུད་ཞུ་གི་ཡིན། ཁོང་ཞི་བདེ་དང་གུ་བཤངས་རང་བཞིན་ཅན་གྱི་མི་ཡག་པོ་ཞིག་ཡིན་པའི་ངོ་སྤྲོད་ཡོང་གི་རེད།༽ཅེས་དང༌། དེ་མཚུངས་སྲིད་འཛིན་ཨོ་བྷ་མའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་༼ྋགོང་ས་མཆོག་གི་དབུ་མའི་ལམ་གྱི་དགོངས་བཞེས་དང༌། འཚེ་མེད་ཞི་བ། རྒྱ་གཞུང་དང་མཉམ་གྲོས་བསྡུར་མུ་མཐུད་གནང་རྒྱུའི་ཆོད་སེམས་ལ་སྲིད་འཛིན་གྱིས་གཟེངས་བསྟོད་གནང་གི་ཡོད།༽ ཅེས་གསུངས་ཡོད། དེ་མཚུངས་ཐའེ་དབེན་གྱི་སྲིད་འཛིན་མ་ཡིང་ཅའོ་ཡིས་བོད་ལ་རང་སྐྱོང་ཡོང་ཐབས་དང་ྋགོང་ས་མཆོག་གིས་རྒྱ་ནག་དང་མཉམ་བཀའ་མོལ་གནང་རྒྱུའི་འབད་བརྩོན་ལ་རྒྱབ་སྐྱོར་ཡོད། ༼དེ་ནི་བོད་དོན་འགྲིག་ཆགས་ཡོང་ཐབས་ཀྱི་ཐབས་ལམ་ཉག་གཅིག་པོ་དེ་རེད།༽ཅེས་ཡོངས་གྲགས་ཐོག་གསུངས་ཡོད།

ཐ༽ འབྲེལ་མོལ་ཐེངས་མང་བྱས་པ་ལས་རྒྱ་གཞུང་གི་དྭོགས་པ་རྣམ་རྟོག་དང༌། སེམས་ཁྲལ། ལངས་ཕྱོགས་བཅས་གསལ་རྟོགས་ཐུབ་པ།

ད༽ རང་ཕྱོགས་ཀྱི་མངོན་འདོད་རྣམས་དངོས་དོན་དང་མཐུན་པ་གསལ་སྟོན་བྱས་ཐུབ་པར་བརྟེན་རྒྱལ་སྤྱིའི་ནང་བོད་མིའི་མངོན་འདོད་ཁྲིམས་མཐུན་ལུགས་མཐུན། འོས་འཚམས། རྒྱུ་མཚན་དང་ལྡན་པ་ཡིན་པའི་ར་འཕྲོད་གསལ་པོ་དང༌། དེ་ལ་བརྟེན་ནས་རྒྱ་གཞུང་གི་འོས་འཚམས་མིན་པའི་ལངས་ཕྱོགས་དང་མཁྲེགས་བཟུང་གི་དངོས་དོན་གསལ་ཐོན་བྱུང་བ།

ན༽ ལྷག་པར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སྤྲད་ཐུབ་པ་ལ་བརྟེན་ནས་འབྱུང་འགྱུར་གྲོས་མོལ་གྱི་གཞི་རྩ་གཏན་འཁེལ་བྱུང་བ་སོགས་གྲངས་ལས་འདས།

༨ བཙན་བྱོལ་བོད་མི་མང་ཚོགས་ལ་རེ་སྐུལ།

བོད་ནི་ས་ཆེན་པོ་འདི་ཆགས་པ་ནས་བཟུང་མི་རིགས་དང་རིག་གནས་ལེགས་བྱང་ཕུན་སུམ་ཚོགས་པ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་དང༌། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་མངའ་དབང་ཕྱོགས་བཞིར་ཁྱབ་པ་ཡང་མི་རིགས་ཀྱི་སྙིང་སྟོབས་དང་ཆིག་བསྒྲིལ་ལས་བྱུང༌། དུས་རབས་དགུ་པ་ནས་བཟུང་བོད་མིའི་ཆིག་བསྒྲིལ་ཉམས་ཏེ་ནང་ཁུལ་འཁྲུགས་པས་བོད་སིལ་བུར་ཐོར་ཞིང༌། རིམ་གྱིས་སོག་པོའི་དབང་འོག་ཏུ་ཚུད། དེ་ལས་རང་དབང་བསྐྱར་གསོ་བྱུང་རྗེས་སུའང་ས་སྐྱ་དང༌། ཕག་གྲུ རིན་སྤུངས། གཙང་པ་བཅས་དུས་ཡུན་ཐུང་ངུའི་ནང་འཕོ་འགྱུར་བྱུང་སྟེ་རྒྱལ་ཁབ་ཀྱི་མངའ་དབང་ཕྲ་ཚུགས་མ་ཐུབ་པའང་མང་ཚོགས་ཀྱི་ཆིག་བསྒྲིལ་དང༌། དབང་འཛིན་པ་ཚོས་ཀུན་སྙོམ་གྱི་སྲིད་བྱུས་བཟུང་མ་ཐུབ་པའི་དབང་གིས་བྱུང༌། དགའ་ལྡན་ཕོ་བྲང་པའི་སྲིད་དབང་ཚུགས་རྗེས་ཅུང་དྲག་པ་བྱུང་ཡོད་ནའང་སླར་ཡང་བཀའ་བློན་ནང་འཁྲུག་གམ་དབུས་གཙང་ནང་འཁྲུག་དེས་ཕྱིའི་དབང་ཤུགས་རང་བཞིན་གྱིས་དྲངས་ཏེ་དུས་རབས་བཅུ་དགུ་པའི་ནང་བོད་ཀྱི་མངའ་དབང་གི་གཟུགས་བརྙན་མོག་པོར་བྱས་ཟིན་པ་ལས་ད་ལྟའང་ལྡང་མ་ཐུབ་པ་དེ་ནི་ཆིག་བསྒྲིལ་དམན་པ་འབའ་ཞིག་ལས་བྱུང༌། དེང་རབས་ཀྱི་མཁས་དབང་ཞིག་གིས་༼འབྱུང་བ་འཁྲུགས་པས་ལུས་ཀྱི་ཟུངས་སྟོབས་ཉམས།། རྣམ་རྟོག་འཁྲུགས་པས་ལམ་གྱི་ཡོན་ཏན་ཉམས།། སྡེ་དཔོན་འཁྲུགས་པས་བོད་ཀྱི་ལོ་རྒྱུས་ཉམས།། ཉམས་པའི་རྒྱུ་རྐྱེན་འཁྲུགས་པ་འདི་ལ་ཐུག།༽ཅེས་གསུངས་པ་ཤིན་ཏུ་ཐུགས་མད་པར་སྣང༌། བོད་མི་རིགས་ཀྱི་འཕྲལ་ཕུགས་ཀྱི་ཁེ་ཕན་གང་ཞིག་བསྒྲུབ་རུང་ཆིག་བསྒྲིལ་གྱི་ནུས་པ་མེད་དུ་མི་རུང་བ་ཡིན་པ་ནི་མངོན་སུམ་གཟུགས་གྲུབ་ཏུ་ཡོད།

ད་ལྟའི་དུས་རབས་འདིར་གཙོ་ཆེར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཀུན་སྙོམ་ཉི་མ་ལྟ་བུའི་མཛད་འཕྲིན་དང༌། རྒྱ་དམར་གྱི་དྲག་གནོན་ལ་བརྟེན་པའི་ཛ་དྲག་གི་དུས་ཚོད། རང་དབང་མང་གཙོའི་ལམ་སྲོལ་བཅས་ལ་བརྟེན་བོད་མིའི་སྤྱི་ཚོགས་སུ་ཆོས་ལུགས་ལུང་ཚན་སོགས་ཀྱི་འཐེན་འཁྱེར་མེད་པར་ཕན་ཚུན་འབྲེལ་ལམ་དང་ཆིག་བསྒྲིལ་སྔར་ལྷག་ཚད་མཐོ་དགའ་སྤོབས་བྱ་འོས་སུ་གནས་ཡོད་ཀྱང༌།

ད་དུང་ཡར་རྒྱས་ཀྱི་དགོས་གལ་མེད་པ་མིན་ཁར། ཕ་རོལ་པོའི་གཡོ་འཕྲུལ་གྱི་གནོན་ཤུགས་ལྷག་པར་ཆེ་བས་ཆིག་བསྒྲིལ་གྱི་ནུས་པ་ཉམས་པའི་ཉེན་ཁ་ཚབས་ཆེ་སྔར་མ་གྲགས་པ་ཡོད་པ་འདིར་སྣང་མེད་བྱ་ཐབས་མེད།

འདས་པའི་ལོ་ལྔ་བཅུ་བརྒལ་བའི་རིང་ྋགོང་ས་ྋསྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་མང་གཙོའི་ལམ་སྲོལ་ལ་ཡིད་ཆེས་དམ་བཅའ་བརྟན་པོས་བོད་མི་རྣམས་ལ་ལྟ་གྲུབ་དང་བསམ་ཚུལ་འདྲ་མིན་གང་ཡོད་རང་དབང་གིས་གསར་གཏོད་དང༌། ཁྱབ་སྤེལ། འཛིན་སྐྱོང་བྱེད་པའི་གོ་སྐབས་བསྐྲུན་ཡོད། ན་ཚོད་ལོངས་པའི་མང་གཙོའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལྟ་གྲུབ་འདྲ་མིན་མང་བ་ནི་དཔལ་དང་རྒྱན་དུ་གྱུར་པ་ལས་མི་རིགས་ཀྱི་ཆིག་བསྒྲིལ་ལ་གནོད་མི་སྲིད། འོན་ཀྱང་ད་ལྟ་བཙན་བྱོལ་སྤྱི་ཚོགས་ནང་ཕ་རོལ་པོའི་ངན་སྦྱོར་དབང་གིས་ལྟ་གྲུབ་འདྲ་མིན་ལ་བསྙད་དེ་ནང་ཁུལ་འགལ་ཟླ་བཟོ་རྒྱུའི་ཉེན་ཁ་མེད་པ་མིན་པས། གལ་ཆེའི་གསེད་བཀྲོལ་དང་འབོད་སྐུལ་བྱ་རྒྱུའི་དོན་གནད་གཉིས་ཡོད་པ་གཤམ་གསལ།

ཀ མང་གཙོའི་སྤྱི་ཚོགས་ནང་ལྟ་གྲུབ་དང་ཐབས་ལམ་འདྲ་མིན་ཁག་གི་དབར་རྣོ་ངར་ཆེ་བའི་དགག་སྒྲུབ་ཀྱི་བགྲོ་གླེང་ཡོད་བཞིན་དུ་ཆིག་བསྒྲིལ་ལ་མི་གནོད་པའི་རྒྱུ་རྐྱེན་གཙོ་བོ་བསམ་ཚུལ་མི་འདྲ་བ་ཁག་ལ་ཕན་ཚུན་བརྩི་བཀུར་དང༌། གོ་རྟོགས་བཟོད་བསྲན་བཅས་ཡོད་པའི་དབང་གིས་ཡིན། དེ་ནི་མི་རྣམས་རྒྱུ་མཚན་ལ་བརྟེན་པའི་རིགས་པའི་རྗེས་འབྲང་ཞིག་མ་བྱུང་ན་ཡོང་མི་ཐུབ། དེ་ལྟ་བས་ན་བོད་མི་ཚོས་ཆབ་སྲིད་ཀྱི་ལྟ་གྲུབ་ཇི་འདྲ་ཞིག་བཟུང་ཡང་རྒྱུ་མཚན་གྱི་ལམ་ནས་རང་ལུགས་ངེས་པ་རྙེད་པ་ཞིག་དགོས་པ་ལས་གཞན་ཟེར་གཡམ་རྒྱུགས་དང༌། རྨོངས་དད། ཕྱོགས་ཞེན། བླུན་པོ་ཆུ་སྣ་གར་ཁྲིད། གང་ཟག་ལ་རྟོན་པ་དེ་རིགས་གཏན་ནས་མི་རུང༌། མདོར་བསྡུས་ན་རང་གིས་དཔྱད་མཐའ་མ་རྙེད་པར་གཞན་ཟེར་གཡམ་རྒྱུགས་མི་བྱེད་པ་གནད་ཀྱི་དོན་པོ་ཡིན། དཔེར་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཆོས་སྲིད་ཀྱི་བཀའ་སློབ་ཇི་འདྲ་ཞིག་ཕེབས་རུང༌། ྋགོང་ས་མཆོག་གི་བཞེད་དགོངས་ལ་ཚང་མས་དང་ལེན་མོས་མཐུན་དགོས་པའི་བཀའ་ནམ་ཡང་གནང་མྱོང་མེད།

དེ་ལས་ལྡོག་སྟེ་དེ་བཞིན་གཤེགས་པས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡིས་གུས་ཕྱིར་མིན།། ཞེས་སོགས་ལུང་གི་རྒྱབ་རྟེན་དང་བཅས་ྋགོང་ས་ཆེན་པོ་གང་ཉིད་ཀྱིས་ལུང་དང་རིགས་པ་དཔེ་དང་གཏན་ཚིགས་དུ་མའི་སྒོ་ནས་ཐུགས་ངེས་རྙེད་པའི་དོན་རྣམས་གདམས་པར་མཛད་པའི་ཚེ་གདུལ་བྱ་སོ་སོའི་ངོས་ནས་རང་སྟོབས་ཀྱིས་དཔྱད་པས་འཇུག་སྟེ་རྟོན་བཞིའི་འཇུག་ལྡོག་མ་ནོར་བར་ཉམས་སུ་བླང་དགོས་པ་ལས། ྋགོང་ས་མཆོག་གི་དགོངས་གཞི་ཡིན་པའམ་གསུངས་པ་རྒྱུ་མཚན་དུ་བྱས་ནས་གཡམ་རྒྱུགས་མི་རུང་བར་ནན་ཏུར་གནང་གི་ཡོད། ཚུལ་ལུགས་འདིའི་འོག་དབུ་མའི་ལམ་གྱི་སྲིད་བྱུས་ཀྱང་ྋགོང་ས་མཆོག་གིས་རྒྱུ་མཚན་གྱིས་བརྡར་ཤ་བཅད་པའི་སྙིང་དོན་བོད་མིའི་ཆབ་སྲིད་ཀྱི་འདུན་ལམ་ལེགས་ཤོས་ཤིག་ཡིན་པའི་དགོངས་ཚུལ་གསུངས་པ་ཙམ་ལས། དེ་ལ་ཚང་མས་མོས་མཐུན་དགོས་པའི་བཀའ་ནམ་ཡང་གནང་མེད་པ་མ་ཟད། བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་ཡིག་ངག་གང་གི་སྒོ་ནས་དེ་འདྲའི་གནས་ཚུལ་བརྗོད་མྱོང་མེད་པ་དང༌། འབྱུང་འགྱུར་ཡང་བརྗོད་འདོད་མེད་པ་ཚིག་ཐག་གཙང་བཅད་ཀྱིས་བརྗོད་རྒྱུ་ཡིན། དབུ་མའི་ལམ་གྱི་སྲིད་བྱུས་ལ་འདོད་མོས་རྒྱབ་སྐྱོར་ཡོད་མཁན་གྱི་གང་ཟག་སྒེར་རམ་ཚོགས་པ་སུ་ཞིག་ནས་སྲིད་བྱུས་འདིའི་ཁྱབ་སྤེལ་སླད། ྋགོང་ས་མཆོག་གི་བཀའ་དགོངས་ཡིན་པས་དྭང་ལེན་དགོས་ཚུལ་བཤད་ན་ལོག་བཤད་ཡིན་པས་མཐའ་གཅིག་ཏུ་མ་འོས་པར་ངོས་འཛིན་བྱེད་ཀྱི་ཡོད། སྲིད་བྱུས་འདི་གོང་སྨོས་ལྟར་མང་གཙོའི་བརྒྱུད་རིམ་ཡང་དག་པ་ནས་ལན་གཅིག་མིན་པར་གཏན་ལ་ཕབ་པ་ཞིག་ཡིན་ནའང༌། ཐོག་མའི་དགོངས་འཆར་ྋགོང་ས་མཆོག་གིས་བཏོན་པ་ཞིག་ཡིན་པ་དང༌། ད་ལྟའང་ྋགོང་ས་མཆོག་རང་ཉིད་ཀྱིས་འཛིན་པའི་སྲིད་བྱུས་ཤིག་ཡིན་པའི་དངོས་དོན་ངོ་སྤྲོད་གནང་མི་འོས་པ་མིན་པ་མ་ཟད། གནང་དགོས་པ་ཞིག་ཀྱང་ཡིན། དེ་ལ་གནོན་ཤུགས་ཀྱི་ངོ་བོར་འཛིན་མི་རུང༌།

གོང་གསལ་རྒྱུ་མཚན་དེ་དག་ལ་བརྟེན་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་མོས་མཐུན་དང༌། རྒྱབ་སྐྱོར། ཉམས་ལེན་གནང་མཁན་སུ་ཞིག་ཡིན་རུང༌། རང་གིས་རང་དབང་ལྡན་པའི་རྣམ་དཔྱོད་ཀྱིས་ཞིབ་འཇུག་བརྟག་དཔྱད་ཀྱི་ལམ་ནས་ངེས་པ་མ་རྙེད་པར་ྋགོང་ས་མཆོག་ལ་རྨོངས་དད་ཙམ་གྱིས་མ་འཐུས་པ་མ་ཟད། གཞན་ལ་ཁྱབ་སྤེལ་གྱི་སྐབས་སུའང་དེ་མཐུན་གནང་དགོས་པའི་གཞེན་སྐུལ་ནན་པོ་ཞུ་རྒྱུ་ཡིན།

ཁ དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་ལས་གཞན་པའི་ལངས་ཕྱོགས་འཛིན་མཁན་རྣམས་ཀྱིས་ཀྱང་སོ་སོའི་ལྟ་གྲུབ་ཀྱི་འགྲེལ་བརྗོད་དང་ཁྱབ་སྤེལ་བྱ་རྒྱུའི་རང་དབང་ལ་འགོག་རྐྱེན་གང་ཡང་མེད། རང་གི་ལྟ་གྲུབ་ཁྱབ་སྤེལ་མ་ཐུབ་པ་བཙན་བྱོལ་སྒྲིག་འཛུགས་ཀྱི་གནོན་ཤུགས་དབང་གིས་ཡིན་ཚུལ་དང༌། རང་བཙན་བཤད་ན་ྋགོང་ས་ཆེན་པོའི་བཀའ་དང་འགལ་བར་བརྩི་ཚུལ་སོགས་ཀྱི་སྐྱོན་བརྗོད་བྱེད་པ་ནི་གཞི་རྩ་བྲལ་བའི་བསྙོན་གཏམ་ཡིན་པས་ལོག་བཤད་དེ་འདྲ་གནང་མི་རུང་ལ། མང་ཚོགས་ཀྱང་དེ་རིགས་ལ་དབུ་འཁོར་མི་རུང༌། དབུ་མའི་ལམ་གྱི་སྲིད་བྱུས་མང་ཚོགས་ཀྱིས་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཚང་མའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་ལས་གཞན་པའི་ལངས་ཕྱོགས་ཡོད་མཁན་ཚོར་བསམ་ཚུལ་སྤེལ་རྒྱུའི་གོ་སྐབས་གཞན་ལས་ལྷག་པ་ཐོབ་ཡོད་ཅིང༌། འབྱུང་འགྱུར་ཡང་དེ་ལྟའི་གོ་སྐབས་ལ་འགོག་རྐྱེན་ཡོང་མི་སྲིད། རྒྱུ་མཚན་གྱིས་མང་ཚོགས་བློ་ཁ་དྲང་མ་ཐུབ་ན་མང་ཚོགས་ལ་སྐྱོན་བརྗོད་བྱེད་རྒྱུ་མེད། ྋགོང་ས་ཆེན་པོར་བློ་གཏད་ཡིད་ཆེས་ཞུ་མཁན་ཚོར་རྨོངས་དད་ཅན་དང༌། བསམ་བློ་གཏོང་མི་ཤེས་མཁན། ཡང་ན་འགན་མི་འཁྱེར་མཁན་ཡིན་པའི་སྐྱོན་འཛུགས་བྱེད་པ་ནི་མང་ཚོགས་ལ་གུས་བཀུར་མེད་པ་དང༌། རང་ཉིད་འགན་ཁུར་མེད་པའི་དན་རྟགས་ཤིག་ཡིན། མང་གཙོའི་སྤྱི་ཚོགས་ནང་སུས་སུ་ལ་བློ་གཏད་བཅོལ་དང་མི་བཅོལ། སུ་ལ་དད་འདུན་བྱེད་མིན། སུའི་རྗེས་སུ་འབྲང་མིན་བཅས་ནི་གཞི་རིམ་གྱི་རང་དབང་ཞིག་ཡིན་པས་སུས་ཀྱང་བརྡལ་བཤིག་གཏོང་ཐབས་མེད། ྋགོང་ས་ཆེན་པོར་རྒྱབ་རྟེན་བཅོལ་དང་མི་བཅོལ་སོ་སོའི་རང་དབང་ཡིན་མོད། རྒྱབ་རྟེན་བཅོལ་མཁན་གྱི་རང་དབང་ཡང་འཕྲོག་མི་ཆོག

མང་གཙོའི་རང་དབང་དང་འདྲ་མཉམ་གྱི་སོ་མཚམས་ངོས་འཛིན་ཐུབ་པ་དགོས།

འོས་འཚམས་མིན་པ་གཞན་ཞིག་ནི་རེ་ཟུང་གིས་རང་བཙན་རྩོད་མཁན་གྱི་མི་སྒེར་དང༌། ཚོགས་སྡེ་སོགས་ལ་ནང་དོན་ྋགོང་ས་ཆེན་པོའི་དགོངས་མཐུན་རྒྱབ་སྐྱོར་ཡོད་མདོག་བྱེད་པ་དང༌། དེའི་རྒྱུ་མཚན་དུ་ྋགོང་ས་མཆོག་གི་བྱམས་བརྩེའི་མཛད་བྱུས་དང་གསུང་བབ་རྣམས་ལོག་བཤད་བྱེད་མཁན་ཡང་ཡོང་གི་འདུག དེ་ནི་གཞི་རྩ་མེད་པའི་རྫུན་གཏམ་ཞིག་རེད།

དེ་བཞིན་རེ་འགས་དབུ་མའི་ལམ་གྱི་སྲིད་བྱུས་ནི་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པ་མིན་ཚུལ་གསུང་མཁན་འདུག་པ་ནི་ཧ་ཅང་ཐལ་བའི་གསུང་བབ་ཅིག་སྟེ། གྲོས་ཚོགས་ཀྱིས་ྋགོང་ས་མཆོག་གིས་གཏན་འབེབས་གང་གནང་ལ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་གཏན་འབེབས་བྱུང་བ་དང་ནུས་མཚུངས་བརྩི་བཀུར་ཞུ་རྒྱུ་ཞུས་པར་ྋགོང་ས་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་གནང་རྒྱུའི་གསལ་བསྒྲགས་གནང་ཞིང༌། ༢༠༡༠ ཟླ་༣ ཚེས་༢༠ ཉིན་བཞག་པའི་སྤྱི་མོས་གྲོས་ཆོད་ནང་གྲོས་ཆོད་སྔོན་མར་བསྐྱར་དུ་མཇུག་གནོན་དང་འབྲེལ་ྋགོང་ས་མཆོག་གིས་ཐག་གཅོད་དང་ཕྱག་བསྟར་གང་གནང་ལ་གྲོས་ཚོགས་ཀྱིས་མོས་མཐུན་མཐའ་གཅིག་ཏུ་ཞུ་རྒྱུ་གསལ་བ་ལས་ལྷག་གྲོས་ཚོགས་ཀྱིས་གཏན་འབེབས་གནང་ལམ་ཞིག་མེད་པ་ལོང་བས་བལྟས་ཀྱང་རྒྱལ་ཁམས་ཀྱི་དཔེ་ལྟར་ཚང་མས་མཁྱེན་རྟོགས་ཐུབ་པ་ཞིག་རེད།

དེས་ན་དབུ་མའི་ལམ་གྱི་སྲིད་བྱུས་ལས་གཞན་པའི་ལྟ་གྲུབ་འཛིན་མཁན་ཚོར་མང་གཙོའི་རང་དབང་གི་སོ་མཚམས་དང་ལས་འགན་ངོས་ཟིན་པའི་ཐོག་ནས་རང་གི་མངོན་འདོད་མང་ཚོགས་སུ་ཚུལ་མཐུན་ཁྱབ་སྤེལ་གནང་བ་མ་གཏོགས། གཞི་རྩ་མེད་པའི་བསྙོན་འཛུགས་དང༌། གཞི་རིམ་མང་ཚོགས་ལ་བརྙས་སྨོད་སོགས་འུ་ཐུག་གི་སྤྱོད་ཚུལ་དེ་རིགས་མི་གནང་བ་དང༌། རང་གི་ལྟ་གྲུབ་དེ་དག་སྨོན་འདུན་གྱི་ཡུལ་ཙམ་དུ་བཟུང་བའམ། སྐད་འབོད་དང༌། བརྒྱུད་ལམ་ཁག་ཏུ་བསྒྲགས་གཏམ་ཙམ་དུ་མ་ལུས་པར་སྒྲུབ་ཐབས་དང༌། ལས་རིམ། རྒྱབ་སྐྱོར་བཙལ་ཕྱོགས་སོགས་ཞིབ་ཕྲ་དཔྱོད་ལྡན་ཡིད་དབང་འཕྲོག་པ་ཞིག་གནང་ན་དགེ་མཚན་ཆེ་ངེས།

༩ མཐའ་དོན།

གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདི་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་འཆར་ལ་གཞིས་བྱེས་བོད་རིགས་མང་ཚོགས་ཀྱིས་ཡང་དག་པའི་མང་གཙོའི་བརྒྱུད་ལམ་ནས་ཡང་ཡང་གཏན་ལ་ཕབ་པའི་མང་ཚོགས་ཀྱི་མངོན་འདོད་དང་མཐུན་པའི་སྲིད་བྱུས་ཤིག་ཡིན། ནམ་ཞིག་རྒྱུ་མཚན་ལ་བརྟེན་ནས་རང་དབང་གིས་མང་ཚོགས་ཀྱི་མངོན་འདོད་འགྱུར་བ་ཕྱིན་ན་བཙན་བྱོལ་སྒྲིག་འཛུགས་ཀྱིས་ཀྱང་དང་ལེན་ཞུ་རྒྱུ་ལས། མཁྲེགས་འཛིན་བྱེད་སེམས་སམ། མང་ཚོགས་ལ་སྲིད་བྱུས་བཙན་འགེལ་བྱ་རྒྱུའི་འདུན་པ་ནམ་ཡང་མེད། དབུ་མའི་ལམ་གྱི་སྲིད་བྱུས་ལ་མོས་མཐུན་རྒྱབ་སྐྱོར་གནང་མཁན་ཚོས་རྒྱུ་མཚན་གྱི་ལམ་ནས་སྲིད་བྱུས་གོ་རྟོགས་དང་ངེས་པ་རྙེད་པའི་ཐོག་ནས་མོས་མཐུན་དང་ཉམས་ལེན་གནང་དགོས། འདི་ལ་དགག་བྱ་གནང་མཁན་ཚོས་ཀྱང་གཞི་རྩ་མེད་པའི་སྒྲོ་བཏགས་དང་མང་ཚོགས་ཀྱི་སེམས་ཚོར་བེད་ལོག་སྤྱད་ཐབས་མ་ཡིན་པར་དྲང་བདེན་དང་རྒྱུ་མཚན་ལ་བརྟེན་པ་ཞིག་དགོས་རྒྱུ་དེ་བཀའ་ཤག་གི་རེ་འདུན་ཡིན། ཇཡ་ཇགཏ྄། སརྦ་མངྒལམ྄།། །།