དུད་འགྲོའི་ཆེད་དུ་རྒྱ་གར་ཆིག་བསྒྲིལ་ཞེས་པའི་ལས་འགུལ་མཛད་སྒོར་ལམ་སྟོན་གསུང་བཤད་གནང་བ།

༄༅།། ཕྱི་ལོ་༢༠༡༦ཟླ་ ༩ ཚེས་ ༡༨ ཉིན་ཕྱི་དྲོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དུད་འགྲོའི་ཆེད་དུ་རྒྱ་གར་ཆིག་བསྒྲིལ་ཞེས་པའི་ཚོགས་པས་གོ་སྒྲིག་འོག་ལྷ་ཞི་བདེའི་ཚོགས་ཁང་དུ་དུད་འགྲོའི་བདེ་དོན་ཁྲིམས་འཆར་དགོས་འདུན་དང་དུད་འགྲོར་བཀོལ་ཉེས་ལྡོག་པའི་རྒྱ་ཆེའི་འཛམ་གླིང་ལས་འགུལ་ཉིན་མོ་སྲུང་རྩིའི་ཐོག་སྐུ་མགྲོན་གཙོ་བོ་གདན་ཞུས་ཀྱིས་ “དུད་འགྲོར་བྱམས་བརྩེ་དང་དུད་འགྲོའི་བདེ་དོན་ཁྲིམས་འཆར་གཏན་འབེབས་ཛ་དྲག་དགོས་གལ་” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ།

14344696_1095999937120101_3848152952659665794_n

ལས་འགུལ་དེ་ནི་གཙོ་བོ་བདེ་ལེགས་སྨན་ཁང་གི་སོའི་སྨན་པ་བསྟན་འཛིན་ཆོས་ལྡན་གཙོས་པའི་དུད་འགྲོའི་བདེ་སྡུག་ཆེད་ལས་འགུལ་བ་ཁག་གཅིག་གིས་གོ་སྒྲིག་བྱས་ཤིང་། གྲྭ་བཙུན་རྣམས་ནས་བཀྲ་ཤིས་ཚིགས་བཅད་ཞལ་འདོན་གནང་མུར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་དབྱེ་གནང་རྗེས་རིན་པོ་ཆེ་མཆོག་གིས་ཁྱི་འཁྱམ་གསོ་ཉར་བྱེད་མཁན་རྣམས་ལ་ལེགས་སྐྱེས་ཕྱགས་རྟགས་གནང་ཡོད་པ་དང་། སྐབས་དེར་གྲྭ་བཙུན་དང་སློབ་ཕྲུག་སོགས་མི་མང་དྲུག་ཅུ་ལྷག་མཉམ་ཞུགས་གནང་ཡོད།

གོང་གསལ་ཚོགས་པའི་ཚོགས་མི་སྨན་པ་བསྟན་འཛིན་ཆོས་ལྡན་ལགས་ནས་ལས་འགུལ་ངོ་སྤྲོད་གྲུབ་མཚམས་དུད་འགྲོར་བཀོལ་ཉེས་དང་སྡུག་སྦྱོང་ཇི་ལྟར་གཏོང་གི་ཡོད་མེད་སྐོར་དངོས་བྱུང་གློག་བརྙན་གཟིགས་འབུལ་གནང་ཞིང་། དེ་ནས་སྐུ་མགྲོན་གཙོ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་“དུད་འགྲོ་ལ་བྱམས་བརྩེ་དང་དུད་འགྲོའི་བདེ་སྡུག་གི་ཁྲིམས་འཆར་གལ་གནད་” ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན།

སྤྱིར་མིའི་རིགས་ལ་ཆོས་དད་ཡོད་མཁན་དང་མེད་མཁན་གཉིས་ཡོད་ཅིང་།ཆོས་ལ་དད་པ་བྱེད་མཁན་ལ་དབྱེ་ན་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་གྱི་རིགས་གཉིས་ཡོད་པའི་ནང་གི་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་ཀྱི་དབང་དུ་བྱས་ན་སྣོད་བཅུད་ཀྱི་འཇིག་རྟེན་ཡོངས་རྫོགས་འཇིག་རྟེན་བཀོད་པ་པོས་བཀོད་པ་དང་།དེར་བརྟེན་སྙིང་རྗེའི་བདག་ཉིད་ཅན་གྱི་འཇིག་རྟེན་བཀོད་པ་པོས་སྣོད་ཀྱི་འཇིག་རྟེན་ལ་བརྟེན་ནས་བཅུད་ཀྱི་སེམས་ཅན་འཚོ་ཐུབ་པ་དང་།བཅུད་ཀྱི་སེམས་ཅན་དེ་ཚོ་ཡང་ནང་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་གཅིག་ཕན་གཅིག་གྲོགས་ཀྱིས་འཚོ་ཐུབ་པའི་དགོངས་ཚུལ་ཡོད་ཅིང་།དེར་མ་ཟད་འཇིག་རྟེན་བཀོད་པ་པོ་གཅིག་གིས་བཀོད་པ་ཡིན་སྟབས།  ཕ་མ་གཅིག་གི་ཕྲུ་གུ་ནང་བཞིན་སྤུན་གྲོགས་ཀྱི་འདུ་ཤེས་འཛིན་དགོས་པ་ཞིག་རེད།དེར་བརྟེན་སྲོག་ཆགས་དུད་འགྲོའི་རིགས་གང་འདྲ་ཞིག་ཡིན་ཡང་།སྲོད་ལྡན་ཞིག་ཡིན་ཕྱིན་ཆད་དེ་ལ་བྱམས་བརྩེ་མ་བྱས་པར་མནར་གཅོད་སྡུག་སྦྱོང་གཏང་བ་ཡིན་ན་སྲོག་ཆགས་ཤིག་ལ་སྡུག་སྦྱོང་བཏང་བ་ཙམ་དུ་མ་ཟད།འཇིག་རྟེན་བཀོད་པ་པོ་ལའང་རྩིས་མེད་བཏང་བའི་ངོས་ལེན་བྱེད་ཀྱི་ཡོད།དེར་བརྟེན་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་ཀྱི་རྗེས་འབྲང་བ་ཞིག་ཡིན་ན་སེམས་ཅན་ཐམས་ཅད་ལ་འདྲ་མཉམ་གྱི་འདུ་ཤེས་དང་།རང་ལས་ཀྱང་བརྩེ་བའི་འདུ་ཤེས་ཡོད་དགོས་པ་ཞིག་རེད་ཅེས་དང་།

dsc_1855

འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་ལུགས་ཀྱི་ནང་ནས་གཙོ་ཆེ་བ་ནང་པ་ཚོ་དང་།གཅེར་བུ་པ།རྒྱལ་བ་པ་སོགས་རེད།ནང་པ་དང་རྒྱལ་བ་པ་གཉིས་ཀས་སྣོད་བཅུད་ཀྱི་འཇིག་རྟེན་དེ་གང་ཟག་བྱེ་བྲག་པའི་ལས་དང་།སེམས་ཅན་སྤྱི་མཐུན་གྱི་ལས་ཀྱིས་གྲུབ་པ་ཞིག་ལ་ངོས་འཛིན་གྱི་རེད།དེ་འདྲའི་ལས་དེ་ལས་གྲུབ་པའི་སྲོག་ཆགས་ཡོངས་སུ་རྫོགས་པ་དེ་དགོས་མཁོ་ཡོད་པ་དང་།གཅིག་ལ་གཅིག་བརྟེན་ཡིན་པ།ལྷག་པར་དུ་ཐོག་མར་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་ལེན་པའི་སྐབས་སུ།འབྲེལ་ཡོད་སྤྱི་མཐུན་གྱི་ལས་དང་རང་གི་སྒེར་གྱི་ལས་མཉམ་དུ་རྒྱུ་རྐྱེན་ཚོགས་ནས་ཡོང་བ་ཡིན་སྟབས།རང་རང་གི་ལས་ཀྱི་འབྲས་བུའི་ཆ་ཤས་གང་འདྲ་ཞིག་ཡིན་ཡང་མྱོང་དགོས་པ་ཞིག་ཡིན།འགྲོ་བ་རིགས་དྲུག་གི་ནང་ནས་མི་དང་།ལྷ་དང་།ལྷ་མ་ཡིན་ཏེ་བདེ་འགྲོ་གསུམ་པོ་རྣམས་ངན་སོང་གསུམ་ལ་ལྟོས་པ་ཡིན་ན་སྡུག་བསྔལ་གྱི་སྡུག་བསྔལ་ཕྲན་བུ་ཆུང་བ་ཡོད་རེད།དེའི་སྟབས་ཀྱིས་བདེ་འགྲོའམ་མངོན་མཐོ་ཞེས་ཟེར་ཞིང་།དེ་ནས་ངན་འགྲོའི་འཇིག་རྟེན་གྱི་ནང་དུ་དམྱལ་བ།ཡི་དྭགས།དུད་འགྲོ་གསུམ་སྟེ་ངན་སོང་གསུམ་ལ་དབྱེ་ཞིང་། འདི་གསུམ་གྱི་ནང་ནས་སྡུག་བསྔལ་གྱི་སྡུག་བསྔལ་ཆེ་ཤོས་དེ་དམྱལ་བ་པ་དང་།དེ་ལས་སྡུག་བསྔལ་གྱི་སྡུག་བསྔལ་ཅུང་ཟད་ཆུང་བ་དེ་ཡི་དྭགས།དེ་ལས་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ་ཅུང་ཟད་ཆུང་བ་དེ་དུད་འགྲོའི་འཇིག་རྟེན་དེ་རེད།དུད་འགྲོ་ལ་ཡང་རིགས་གཉིས་ཡོད་པའི་ནང་གི་ཁ་ཐོར་བའི་དུད་འགྲོ་དེ་ཚོ་མང་ཆེ་བ་མིའི་འཇིག་རྟེན་ལ་འཚོ་བ་ཡིན་སྟབས། མིའི་འཇིག་རྟེན་གྱི་ཁོར་ཡུག་གཙང་མར་གནས་རྒྱུ་དང་།བཅུད་ཀྱི་སེམས་ཅན་རྣམས་ཀྱང་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱས་ནས་འཚོ་བའི་གནས་སྟངས་ཤིག་གི་ཐོག་ནས་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་ཞིག་རེད།

དེར་བརྟེན་ངན་འགྲོ་གསུམ་གྱི་ནང་ནས་ང་ཚོས་དངོས་སུ་མཐོང་ཐུབ་པ་དང་འབྲེལ་བ་བྱེད་ཐུབ་པ་དེ་དུད་འགྲོ་གཅིག་པུ་རེད།ངན་སོང་གསུམ་གྱི་ནང་ནས་དུད་འགྲོའི་འཇིག་རྟེན་དེར་སྨྲ་བརྗོད་ཀྱི་ནུས་པ་མེད།འདོད་པའི་ལྷ་ལ་སྨྲ་བརྗོད་ཡོད་ལ། མིའི་འཇིག་རྟེན་ལའང་རང་གི་བསམ་ཚུལ་སྟོན་པའི་ནུས་པ་ཡོད་པ་ཡིན་སྟབས། རང་གིས་རང་ཉིད་སྐྱོབ་རྒྱུ་དང་གཞན་གྱི་གཉའ་གནོན་གྱི་འོག་ནས་འགྲོལ་ཐབས་བྱེད་པའི་ནུས་པ་ཡོད་པ་རེད།དུད་འགྲོ་ལ་དེའི་ནུས་པ་མེད།ལྷག་པར་དུ་ང་ཚོ་དང་ཐད་ཀར་འབྲེལ་བ་ཡོད་པའི་དུད་འགྲོ་དེ་དག་སྤྱི་མཐུན་གྱི་ལས་ལས་གྲུབ་པའི་དབང་གིས་ང་ཚོའི་མི་ཚེའི་འཚོ་བའི་ནང་མེད་དུ་མི་རུང་བའི་གལ་ཆེན་པོ་ཆགས་ཀྱི་ཡོད་རེད་ཅེས་དང་།

དེང་སང་ཁོར་ཡུག་ཉམས་ཆག་ཕྱིན་པའི་རྟགས་ཚན་ལ་སྲོག་ཆགས་མང་པོའི་རིགས་རྒྱུན་ཆད་འགྲོ་བ་དང་།སྲོག་ཆགས་དེ་དག་གིས་ཕན་འདོགས་པའམ་གཙང་མ་བཟོ་སའི་ཁོར་ཡུག་དེ་ཡང་སྲོག་ཆགས་དེ་དག་མེད་པར་བརྟེན་འགྱུར་ལྡོག་འགྲོ་བ་རེད།དེར་བརྟེན་ཆོས་ཁས་མི་ལེན་མཁན་ཞིག་ཡིན་ནའང་སོ་སོའི་འཕྲོད་བསྟེན་དང་རང་གི་མི་ཚེ་སྐྱིད་པོ་ཞིག་དང་བདེ་ཐང་ཡོད་པ་ཞིག་ཡོང་དགོས་ཀྱི་ཡོད་ན་དུད་འགྲོའི་འཇིག་རྟེན་ལ་མ་བརྟེན་པར་ཐབས་མེད་པ་ཞིག་ཆགས་ཡོད།ཆོས་ཕྱོགས་ནས་བཤད་པ་ཡིན་ན་སེམས་ཅན་ཐམས་ཅད་རང་གི་ཕ་མ་བྱས་མ་མྱོང་མཁན་མེད་པ་དང་།ཕ་མ་བྱེད་པའི་སྐབས་སུ་དྲིན་གྱིས་བསྐྱངས་པ།ཕ་མ་མ་བྱས་པའི་སྐབས་སུ་ཡང་དྲིན་གྱིས་བསྐྱངས་པ།དཔེར་ན།་འབྲུ་རྡོག་པོ་གཅིག་ཡིན་ན་ཡང་སྲོག་ཆགས་ཧ་ཅང་མང་པོ་ཞིག་གིས་མཐུན་སྦྱོར་བྱས་ནས་བྱུང་བ་ཡིན།མར་གྱུར་པ་དང་བཀའ་དྲིན་ཅན་གྱི་སྲོག་ཆགས་དེ་དག་ལ་དྲིན་ལན་ལོག་འཇལ་བྱས་པ་ཡིན་ན་ཡ་རབས་ཀྱི་སྤྱོད་ཚུལ་དང་མི་མཐུན་པར་ཆགས་འགྲོ་བ་རེད།

srinpoche-talk-for-animal-walfare

གཞན་ཡང་རྒྱལ་ཁབ་གཅིག་དང་མི་རིགས་ཤིག་ནང་ལ་དུད་འགྲོའི་ཆེད་དུ་ཁྲིམས་ཤིག་ཡོད་ན་དུད་འགྲོར་ཕན་ངེས་ཡིན་པས། ཁྱེད་ཚོས་དུད་འགྲོའི་བདེ་དོན་གྱི་ཁྲིམས་གཞི་གྲོས་འཆར་ཟིན་བྲིས་གནང་ནས་རྒྱ་གར་གཞུང་ལ་ཕུལ་ཟིན་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད།དེ་གྲོས་ཚོགས་ནང་སླེབས་ཐུབ་པ་དང་གཏན་འབེབས་བྱེད་ཐུབ་པ་བྱུང་ན་ཧ་ཅང་ཡག་པོ་རེད།དེ་བཞིན་ཁྱེད་ཚོས་མིང་རྟགས་བསྡུ་རུབ་བྱེད་པའི་ལས་འགུལ་དེ་ཡང་ཧ་ཅང་ཡག་པོ་བྱུང་འདུག་ཅེས་དང་།

ཁྲིམས་ཡོད་པ་གཅིག་པུས་མི་ཕན་པར་ཆབ་སྲིད་ཀྱི་འགོ་ཁྲིད་ཚོ་དང་མི་མང་སྤྱི་ཡོངས་ཀྱི་སེམས་ནང་དུད་འགྲོར་བྱམས་བརྩེ་སླེབས་ཐུབ་པ་ཞིག་ཡོང་ཐབས་ལ་འབད་དགོས་སྐོར་དང་།དེ་ཡང་རྒྱ་གར་ནི་ས་ཁྱོན་ཆེ་ཞིང་མི་འབོར་མང་བ།སྐད་ཡིག་འདྲ་མིན་སྣ་ཚོགས་ཡིན་པ་སོགས་ཀྱིས་ཚོགས་པ་དང་སྒྲིག་འཛུགས་གཅིག་པུ་ཞིག་གིས་ཁྱབ་མི་ཐུབ་པས་ལས་འགུལ་འདིར་ཞུགས་མཁན་གྱི་ཚོགས་པ་ཁག་ཚང་མས་མཉམ་རུབ་ཀྱི་ཐོག་ནས།རྒྱ་གར་རྒྱལ་ཡོངས་དང་། རིམ་བཞིན་འཛམ་གླིང་ལ་ཁྱབ་ཐུབ་པ་ཞིག་བྱུང་ན་ཧ་ཅང་རླབས་ཆེ་བའི་བྱ་བ་རེད།དེ་འདྲའི་རླབས་ཆེ་བའི་བྱ་བ་དེ་ལེགས་འགྲུབ་ཡོང་བར་སྨོན་ལམ་རྒྱག་གི་ཡིན་ཞེས་སོགས་བཀའ་སློབ་ཟབ་རྒྱས་བསྩལ་འདུག

འབྲེལ་ཡོད་བཀའ་སློབ་བརྙན་འཕྲིན་དྲ་ཐག