དྲི་བ་དྲིས་ལན་གྱི་གནས་ཚད་དམའ་པོ་ཡིན་སྐོར།

གྲོས་ཚོགས་ཀྱི་མི་ཚེའི་ནང་དྲི་བ་དྲིས་ལན་གྱི་དུས་ཚོད་དེ་གལ་ཆེན་པོའི་དུས་ཚོད་ཅིག་རེད། གྲོས་ཚོགས་ནས་འཛིན་སྐྱོང་ཐོག་བཏང་འཛིན་བྱ་རྒྱུའི་ལམ་གནད་འགག་ཅན་གསུམ་ཡོད་པ་ལས་གཅིག་དྲི་བ་དྲིས་ལན་བྱ་རྒྱུ་དེ་རེད། དྲི་བ་དྲིས་ལན་གྱི་དུས་ཚོད་བེད་སྤྱོད་གནང་སྟངས་དེ་བློ་ཁ་ཚིམས་པ་ཞིག་དང༌། ཡང་དག་པ་ཞིག་ཡོང་གི་མི་འདུག་སྙམ་པའི་བསམ་ཚུལ་ད་དུང་ཡོད། རྒྱུ་མཚན་གང་ལགས་ཤེ་ན། གཞུང་འཛིན་ངོས་ནས་བཀའ་ལན་གནང་སྟངས་ཞིབ་ཚགས་པོ་དང༌། ལན་ཏག་ཏག ཕྱི་གསལ་ནང་གསལ་ཞིག་རྩ་བ་ནས་ཡོང་ཐུབ་ཀྱི་མི་འདུག འདིའི་སྐོར་འགྲེལ་བརྗོད་བྱེད་སྐབས་བཀའ་བློན་གྱིས་ལས་བྱེད་ལ་ཁག་མེད་ཚུལ་གསུངས་ཀྱི་འདུག་པ་དེ་ཡག་པོ་རེད་དེ། མ་གཞི་ནས་གྲོས་ཚོགས་ལ་འགན་འཁྱེར་མཁན་བཀའ་བློན་རང་རེད་མ་གཏོགས་ལས་བྱེད་པས་ཐད་ཀར་འགན་འཁྱེར་དགོས་མེད། ཕྱོགས་གཞན་ཞིག་ནས། སྤྱི་འཐུས་ཚོས་དྲི་བ་བཟོ་སྟངས་དང༌། འཕྲོ་དོན་དྲི་བ་གནང་སྟངས་དེ་ད་ལྟའང་གནས་ཚད་དམའ་པོ་རེད། གྲོས་ཚོགས་ནང་དྲི་བ་གནང་སྐབས་དྲི་བ་གནང་རྒྱུའི་དོན་གནད་དེ་དྲི་བ་གནང་མཁན་སོ་སོའི་བསམ་བློར་གསལ་པོ་དང་གྲ་འགྲིག་པོ་ཞིག་འཆར་ཐུབ་པ་དགོས། བཀའ་ལན་གནང་མཁན་ཡང་དེ་བཞིན་དོན་གནད་དེ་གསལ་པོ་དང༌། ཆ་ཚང་མཁྱེན་པ་དགོས། དྲི་བ་དྲིས་ལན་གྱི་དམིགས་ཡུལ་ནི་ལས་དོན་གང་ཞིག་མང་ཚོགས་ལ་གསལ་ཁ་མེད་པ་དེ་གསལ་པོ་བཟོ་རྒྱུ་དང༌། དྭོགས་པ་ཡོད་ན་སེལ་རྒྱུ་དེ་རེད། འོན་ཀྱང་འདིར་དྲི་བ་དྲིས་ལན་གནང་སྐབས་སྔ་མ་ལས་མགོ་རྙོག་མང་བ་ཆགས་པ་དང༌། གསལ་པོ་ཆགས་རྒྱུའི་ཚབ་ཏུ་མི་གསལ་དུ་འགྲོ་བ་སོགས་ཡོང་གི་འདུག དེ་བས་སྤྱི་འཐུས་རྣམས་ཀྱིས་དྲི་བ་བཟོ་སྟངས་དང༌། བཀའ་བློན་རྣམས་ཀྱིས་དྲིས་ལན་བཟོ་སྟངས་སོགས་ཀྱི་ཐད་ཟབ་སྦྱོང་ཞིག་གནང་དགོས་པ་འདུག དེ་འདྲ་མ་གནང་ན་གྲོས་ཚོགས་ཀྱི་མི་ཚེའི་ནང་ཡར་རྒྱས་འགྲོ་རྒྱུ་ཁག་པོ་རེད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་གསུམ་པ། ༡༩༩༢/༠༧/༢༣ ་་་ ༡༩༩༢/༠༨/༠༥