པར་སྐྲུན་གསལ་བཤད་དང་ཐུགས་རྗེ་ལེགས་གསོལ།

ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༥ ཉིན་གནའ་དེང་གཞུང་ལུགས་སྨྲ་བའི་མཁས་པའི་གཙུག་རྒྱན་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༧༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཝཱར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཟུར་རྣམས་ཀྱིས་གོ་སྒྲིག་སྐལ་བཟང་གི་གོ་སྐབས་དང་བསྟུན། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་ཀྱང་གང་ཉིད་ཀྱི་བཀའ་དྲིན་གྱི་ཆ་ཤས་ཙམ་བསབ་རེས་ “སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་དྲན་མངོན་བསྟོད་གླེགས་བམ་”འདི་དེབ་བཟོ་དང་པར་སྐྲུན་གྱི་གོ་སྐབས་བླངས་པ་འདི་ཧ་ཅང་སྐལ་བ་བཟང་པོ་དང་དོན་ལྡན་ཞིག་བྱུང་།

ཪིན་པོ་ཆེ་མཆོག་ནི་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པའི་དོན་དུ་ལྕི་བའི་མཛད་འགན་མང་པོ་བདག་གིར་བཞེས་ཏེ་མཛད་རྗེས་ཧ་ཅང་ཆེ་བའི་སྐྱེས་བུ་ཁྱད་པར་དུ་འཕགས་པ་ཞིག་ཡིན་པ་གོར་མ་ཆག ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞུ་མཁན་མ་ཟད། གང་ཉིད་ཀྱི་དགོངས་གཞི་དང་མཐུན་པའི་ལས་དོན་ཆེ་ཕྲ་ཡོངས་ལ་ལེགས་བཅོས་གོང་འཕེལ་དང་རྒྱུན་གནས་ཐུབ་སླད་བསམ་ཕོད་པ་དང་། བཤད་ཕོད་པ། སྒྲུབ་ཕོད་པ་བཅས་ཀྱི་ཐོག་ནས་བཙན་བྱོལ་སྤྱི་ཚོགས་ནང་སྤྱི་ཚོགས་ཡར་རྒྱས་དང་། སྒྲིག་འཛུགས་སྲ་བརྟན། མང་གཙོའི་གོ་རྟོགས་གོང་འཕེལ། རྒྱལ་སྤྱིའི་ནང་བོད་མིའི་ཆེ་མཐོང་གོང་འདེགས། ཤེས་ཡོན་ཡར་རྒྱས། བོད་རྒྱའི་དཀའ་རྙོག་སེལ་ཐབས་སོགས་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་འབུར་ཐོན་མཐའ་ལས་འདས།

༸གོང་ས་མཆོག་ཕུད་བཙན་བྱོལ་སྤྱི་ཚོགས་སུ་ཁོང་ལས་ལྷག་པའི་བཀའ་དྲིན་ཆེ་བ་ཞིག་ད་བར་བྱུང་མེད་པར་བརྟེན། བཀའ་དྲིན་རྗེས་དྲན་མངོན་བསྟོད་གླེགས་བམ་འདི་བཞིན་འདི་ནས་པར་སྐྲུན་ཐུབ་པ་བྱུང་བ་ནི་དྲིན་ཆེན་གྱི་མི་ལ་དྲིན་གཟོ་བའི་སླད་དང་། ལྷག་དོན་འདི་ལོ་དབུས་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་སྤྱི་ཚོགས་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་མུས་ཀྱི་ཆ་ཤས་ཀྱི་ཚུལ་དུ་མ་སྒྲིག་ལྷུན་གྲུབ་བྱུང་བར་བདག་ཅག་ལ་བརྗོད་མི་ཤེས་པའི་དགའ་དད་ཀྱི་ཚོར་ཤུགས་ཆེན་པོ་བྱུང་།

མངོན་བསྟོད་གླེགས་བམ་འདི་བཞིན་པར་སྐྲུན་མངོན་གྱུར་ཡོང་བར་དགོན་སྡེ་གྲྭ་ཚང་དང། ཚོགས་པ་སྒྲིག་འཛུགས། དེ་བཞིན་རྒྱ་ཆེའི་སྨྱུག་ཐོགས་པ་ཡོངས་ནས་དུས་ཡུན་ཐུང་ངུའི་ནང་རྩོམ་ཡིག་མང་པོ་གནང་སོན་བྱུང་བ་དེ་ནི་ཪིན་པོ་ཆེ་མཆོག་གལ་གནད་དང་བཀའ་དྲིན་ཆེན་པོ་ཇི་ཙམ་ཡིན་པ་སྒྲིག་འཛུགས་ཁག་དང་། ཤེས་ལྡན་མི་སྣ། གཞི་རིམ་མང་ཚོགས་བཅས་ནས་གསལ་སྟོན་གནང་བར་བརྟེན། ཁོང་ཚོར་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འགའ་ཤས་ནི་རྒྱུན་ལྡན་འབྲི་རྩོམ་གྱི་བྱ་བར་མི་ཞུགས་པས་ཧ་ཅང་དཀའ་ནའང་རིན་པོ་ཆེ་མཆོག་གི་བཀའ་དྲིན་ལ་བསམ་ཤེས་སླད་ཨུ་ཚུགས་ཀྱིས་རྩོམ་ཡིག་འབྲི་མཁན་རྣམས་ལ་དམིགས་བསལ་གྱིས་བཀའ་དྲིན་ཆེ་ཞེས་ཞུ་དགོས་ངེས་སུ་མཐོང་།

གླེགས་བམ་འདི་མིག་མཐོང་གཟུགས་གྲུབ་ཡོང་བར་རྩོམ་སྒྲིག་ཚོགས་ཆུང་གིས་རྩོམ་སྒྲིག་གི་ལས་དོན་ཡོངས་རྫོགས་ལ་འགན་ཁུར་འཆར་འགོད་དང། ཚོགས་པའི་འགན་འཛིན་གཞོན་པ་བློ་བཟང་རབ་གསལ་དང་དྲུང་ཆེ་འབྲུག་བསྟན་སྐྱིད་གཙོས་པའི་ལས་བྱེད་རྣམས་ཀྱིས་མཐུན་འགྱུར་སྐུལ་ལྕག ལས་བྱེད་སངས་རྒྱས་རྡོ་རྗེས་ཡིག་འཇུག་དང་དེབ་གཟུགས་ཇུས་འགོད་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་འཛིན་ངག་དབང་རབ་རྒྱས་ཀྱིས་ ༢༠༡༤ ཕྱི་ཟླ་ ༡༠ ཚེས་ ༡༡ ཉིན་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།