བཙན་བྱོལ་གྱི་ཉི་མ་སེར་པོ་ལགས།

མེ་ཏོག་སྒྲོལ་དཀར། འཛིན་རིམ་བཅུ་པ། རང་ལོ་ ༡༥ དཔེ་སྟོན་སློབ་གྲྭ།
སྐད་རིགས་སྣ་ཚོགས་མཁས་པའི་མི་རྗེ་ཟམ་གདོང་མཆོག།།
བཙན་བྱོལ་ནང་དུ་བོད་ཀྱི་སྐད་ཡིག་སླར་གསོ་གནང།།
ཝཱར་ཎ་མཐོ་སློབ་ནང་དུ་སློབ་དཔོན་ཆོས་ཀྱིས་བསྐྱངས།།
བོད་མི་ཚང་མས་ཁྱེད་རང་བཀའ་ཁྲིའི་ཁྲི་ལ་བཀོད།།

བོད་མིའི་བཀའ་ཁྲི་གནང་བའི་ལོ་ངོ་དེ་དག་ནང།།
ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་སའི་སློབ་གྲྭ་བསྐྲུན།།
སློབ་གྲྭའི་ནང་དུ་ཤེས་ཡོན་ཅན་གྱི་སློབ་མ་མང།།
ན་ཆུང་ཡོངས་ནས་ཁྱེད་ལ་འཁྲུངས་སྐར་འཚམས་འདྲི་ཞུ།།

ཕྱི་དྲོའི་ཕྱག་ཚོད་བཞི་པ་ཟིན་སྟབས། རྒན་ལགས་ཚོགས་ཐེངས་གྲོལ་ནས་ཕྱི་ལ་ཕེབས་སོང་བས། འཛིན་ཁང་ག་ལེར་སྟོང་པ་ཆགས། བུ་མོ་ང་སློབ་གྲྭའི་ཚོགས་ཁང་དུ་སྐྱོད་བཞིན་པའི་སྐབས། ངས་གྱང་སྦྱར་གྱི་སྟེང་དུ་ཤོག་དཀར་ཞིག་གི་སྟེང་ནག་ནོག་ཅན་གྱི་ཡི་གེ་ཞིག་མཐོང་བ་དང་། གསལ་བསྒྲགས་ཞེས་པའི་ཡིག་འབྲུ་གཉིས་བྲིས་འདུག་པས། ངས་གསལ་བསྒྲགས་དེ་རིམ་བཞིན་བཀླགས། དེའི་སྟེང་དཔེ་སྟོན་གྱི་ཡབ་ཆེན་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སླེབས་ལ་ཉེ་བས། ཁོང་གི་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་དཔེ་དེབ་ཅིག་འདོན་རྒྱུ་ཡིན་པ་འཁོད་འདུགས་པས། བོུ་ང་རང་དེབ་དེའི་ནང་ཆ་ཤས་ལེན་རྒྱུའི་འདོད་པ་ཤུགས་ཆེར་སླེབས་སོང། གང་ཡིན་ཟེར་ན་བོུ་ང་རང་མཁས་དབང་མཆོག་གི་ལོ་རྒྱུས་ཕྲན་བུ་ཤེས་ཀྱི་ཡོད་སྟབས། ངས་ཁོང་གི་འཁྲུངས་སྐར་ཆེད་དུ་རྩོམ་ཞིག་འབྲི་བར་འདོད།
བོད་སྐད་ཡིག་གི་རྒྱབ་རི་སྨུག་པོ་ལགས། མཚན་མོར་འོད་སྣང་སྦྱིན་མཁན་གྱི་ཟླ་བ་དཀར་པོ་ལགས། ཁྱེད་ཀྱིས་འདས་པའི་ལོ་ངོ་དེ་དག་ནང་རླབས་ཆེན་གྱི་མཛད་རྗེས་མང་པོ་སྤེལ་ཡོད། ཁྱེད་ཝཱར་ཎ་མཐོ་སློབ་ཀྱི་སློབ་སྤྱིའི་ལས་གནས་ལ་བཞུགས་ནས་སློབ་ཕྲུག་ཡོངས་ལ་བོད་ཡིག་མཐར་ཕྱིན་པ་ཞིག་བསླབས་ཡོད། དེ་རྗེས་ཁྱེད་ཀྱིས་བོད་མི་མང་གི་སྤྱི་འཐུས་གནང་། དེ་སྐབས་ཁྱེད་ཀྱི་དྲང་བདེན་དང་རླབས་ཆེ་བའི་བྱ་བ་དེར་བོད་མི་ཡོངས་ཀྱི་ཡིད་སེམས་རབ་ཏུ་འཕྲོགས་ནས། ༢༠༠༡ ལོར་བོད་ཀྱི་བཀའ་བློན་ཁྲི་པར་འོས་འདེམས་བྱུང་བ་ལགས།
སྐབས་དེར་ཁྱེད་ཀྱིས་གཞུང་འབྲེལ་ཡི་གེ་ཁག་ལ་བོད་ཡིག་སྤྱོད་པ་དང། བཙན་བྱོལ་གྱི་སློབ་མ་རྣམས་ཀྱི་ཤེས་ཡོན་ཆུ་ཚད་དཔྱིད་ཀྱི་མེ་ཏོག་བཞད་པ་ལྟར་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པ་དང་། བོད་ཀྱི་སྐད་ཡིག་ཐད་འབད་བརྩོན་ལྷད་མེད་གནང་ཏེ། ༢༠༠༥ ལོར་ཤེས་ཡོན་སྲིད་བྱུས་ལག་སྟར་བྱེད་སའི་ཤེས་བྱའི་ར་བ་ཆུང་ངུ་ཞིག་གསར་དུ་བསྐྲུན། སློབ་གྲྭ་དེ་ནི་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཞེས་པ་ཡིན་ལགས། སློབ་གྲྭ་དེའི་ནང་དགོས་དམིགས་གཙོ་བོ་བཞི་སྟེ། རང་དབང། གཞན་ཕན། རྒྱུན་འཛིན། གསར་གཏོད་བཅས་བཞི་ཡོད། ང་ཚོ་དགེ་སློབ་ཡོངས་ནས་བྱ་བ་གང་ཞིག་བྱས་རུང་། དགོས་དམིགས་བཞི་ལ་བསམ་བློ་བཏང་ནས་བྱེད་ཀྱི་ཡོད། དེ་ཡང་ཁྱེད་ཀྱི་བྱས་རྗེས་རླབས་ཆེན་ཞིག་ཡིན།
སློབ་ཆུང་ང་ཚོ་སློབ་གྲྭའི་ཐོག་ཁང་དེའི་སྟེང་དུ་ཕྱིན་ནས་ཁྱེད་ཀྱི་མོ་ཊ་དཀར་པོ་དེ་ལ་རེ་སྒུག་བྱས་ནས་བསྡད་ཀྱི་ཡོད། ངའི་རྣ་བར་མོ་ཊའི་སྐད་སྒྲ་ཐོས་ཐེངས་རེར་ཁྱེད་ཀྱིེ་བརྗིད་ཉམས་ལྡན་པའི་གསུང་བཤད་ལྷང་ངེར་དྲན། ཁྱེད་ཀྱི་འཇམ་སྙན་ལྡན་པའི་བཀའ་སློབ་ཀྱིས། ང་ཚོ་སློབ་ཕྲུག་མང་པོ་འདབ་གཤོག་གཉིས་ལྡན་དུ་གྱུར། ང་མ་ཡུམ་དཔེ་སྟོན་དུ་སློབ་སྦྱོང་བྱེད་ཆེད་ཡོང་བའི་རྐྱེན་གྱིས། ཁྱེད་ཀྱི་མཛུམ་མདངས་ལྡན་པའི་ཞལ་རས་ཐེངས་མང་མཇལ་རྒྱུའི་གོ་སྐབས་བཟང་པོ་ཐོབ་བྱུང། གལ་སྲིད་བོུ་ང་སློབ་གྲྭ་འདིར་སློབ་སྦྱོང་བྱེད་མཁན་གྱི་སློབ་མ་ཞིག་མིན་ན། མཁས་དབང་ཟམ་གདོང་མཆོག་གི་ཞལ་རས་དངོས་སུ་མཇལ་རྒྱུ་ཁག་པོ་རེད་སྙམ་གྱི་འདུག། སློབ་གྲྭ་དེ་གསར་བསྐྲུན་གནང་པའི་དབར་གིས། ན་ཆུང་སློབ་མ་ང་ཚོ་ལ་བོད་ཡིག་ཐོག་སྙན་འཇེབས་ལྡན་པའི་རྩོམ་ཡིག་ཡག་པོ་ཞིག་འབྲི་ཤེས་སོང། དེ་ཙམ་མ་ཟད་བཙན་བྱོལ་གྱི་ཉི་མ་སེར་པོ་ཁྱེད་ཀྱི་ལོ་རྒྱུས་ཡང་དག་པ་ཞིག་མི་ཤེས་ནའང་མདོར་བསྡུས་ཤིག་ཤེས་སོང། བྱས་ཙང་བོུ་ངས་ཁྱེད་ཀྱི་འཁྲུངས་སྐར་ཉིན་མོ་འདི་ལ་རྩོམ་ཡིག་སྙན་མོ་ཞིག་འབྲི་རྒྱུ་བྱུང།
ཁྱེད་ཀྱི་ད་བར་དཀའ་སྤྱད་ཀྱི་གྲུབ་འབྲས་དེ་ང་ཚོ་བོད་པའི་ལོ་རྒྱུས་རིང་མོའི་ནང་འགྱུར་མེད་དུ་གནས་ཡོད། ཁྱེད་ནི་རྨོངས་མུན་སེལ་སྒྲོན་མེ་ཡིན་ལ། སྒེར་དོན་དོར་ཏེ་བོད་སྐད་ཡིག་དང་བོད་མི་མང་ཁོ་ནའི་ཆེད་དུ་སྐུ་ལས་ཚད་མེད་བསྐྱོན། ཁྱེད་ནི་བཙན་བྱོལ་གྱི་ཡབ་ཆེན་གཉིས་པ་དང་དཔེ་སྟོན་གྱི་ནམ་ཡང་བརྗེད་མི་རུང་བའི་ཡབ་ཆེན་མཆོག་ཡིན། མཐའ་མཇུག་ཏུ་ཁྱེད་ཉིད་དགུང་ལོ་དོན་ལྔ་སོན་པའི་ཉིན་མོར་སྙིང་དབུས་ཀྱི་མེ་ཏོག་དམར་པོ་ལས་འཚམས་འདྲི་གྲངས་མེད་ཞུ།།