བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ལས་བྱེད་ཚོར་གནང་བའི་ཕྱག་བྲིས།

མཁྱེན་དཔྱོད་ལྷག་བསམ་གྱི་འཇུག་སྒོ་མཆོག་ཏུ་ཡངས་པ་གཞུང་ཞབས་ལས་བྱེད་རྣམ་པའི་སྙན་དྲུང་དེུ། ཆེད་ཞུ། དགོངས་གསལ་བཞིན་སྔ་ལོའི་གསུམ་བཅུའི་དུས་དྲན་ནས་བཟུང་བཙན་བྱོལ་བོད་མིའི་གནས་ཡུལ་ཡོངས་སུ་བཙན་བྱོལ་དུ་ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་དང༌། གནས་ཡུལ་རྒྱལ་ཁབ་ཁག་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་སྣ་ཚོགས་ཤིག་བརྩམས་ཏེ་ལོ་ངོ་གཅིག་འཁོར་ནས་ད་ཆ་དེའི་མཇུག་བསྡོམས་ལ་མངོན་དུ་ཕྱོགས་བཞིན་ཡོད། འདས་ལོ་ལྔ་བཅུའི་ནང་གཞིས་བཞུགས་བོད་མི་ས་ཡ་དྲུག་གིས་རྒྱ་དམར་བཙན་གནོན་གྱི་འོག་ཟིང་འཁྲུངས་ལྷིང་འཇགས་དང༌། དམངས་གཙོའི་བཅོས་བསྒྱུར། གྲལ་རིམ་འཐབ་རྩོད། རིག་གནས་གསར་བརྗེ་སོགས་མིང་འདོགས་འདྲ་མིན་གྱི་འོག་བསམ་ཡུལ་ལས་འདས་པའི་སྡུག་སྦྱོང་མནར་གཅོད་མྱངས་ཏེ་བོད་མི་ས་ཡ་བརྒལ་བ་ཞིག་རྐྱེན་ལམ་དུ་གྱུར་པ་དང༌། སྣོད་བཅུད་ཡོངས་ལ་སླར་གསོ་བྱ་ཐབས་མེད་པའི་གཏོར་བཤིག་ཚབས་ཆེ་ཕོག་པའི་འོག་མི་རབས་གསུམ་ཙམ་འདས་རུང༌། ད་དུང་བོད་མི་རྣམས་ཆོས་དད་རིགས་ཞེན་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོར་གཡོ་བ་མེད་པའི་དད་འདུན་སོགས་སྙིང་སྟོབས་དང་ལྷག་བསམ་ཞུམ་མེད་དུ་གནས་པའི་ངོ་སྤྲོད་གསལ་པོ་༢༠༠༨ ཕྱི་ཟླ་༣ ཚེས་༡༠ ནས་བཟུང་བོད་ལྗོངས་མཐའ་དབུས་ཡོངས་སུ་བྱུང་བའི་ཞི་རྒོལ་གྱེན་ལངས་ཀྱི་ལམ་ནས་འཇིག་རྟེན་ཡོངས་ལ་མངོན་པར་གསལ་བ་བྱས་ཡོད་པ་ནི་བློ་སྤོབས་བྱ་གཞི་ཞིག་དང༌། རང་ཅག་བཙན་བྱོལ་དུ་འབྱོར་བ་རྣམས་ཀྱིས་ཀྱང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་རྗེ་དང་བཀྲིན་ཉག་གཅིག་ལ་བརྟེན་ནས་སོ་སོའི་འཚོ་བའི་མདུན་ལམ་དང༌། ན་གཞོན་ཡོངས་ལ་སྲོལ་རྒྱུན་དང་དེང་རབས་གཉིས་འཛོམས་ཀྱི་ཤེས་ཡོན་བཟང་པོའི་གོ་སྐབས། ཆོས་དང་རིག་གཞུང་གི་བསྟི་གནས་ཁག་གསར་བསྐྲུན་སོགས་གཞི་རྒྱ་ཆེ་བའི་ཆོས་དང་རིག་གཞུང་ལེགས་བྱང་སྤྱི་ཚོགས་བཅས་ཀྱི་འཛུགས་སྐྲུན་བསམ་བརྗོད་ལས་འདས་པ་ཞིག་བྱུང་ཡོད་པ་མ་ཟད། ས་ཡི་གོ་ལའི་ཁྱོན་ཡོངས་སུ་བོད་བརྒྱུད་ནང་བསྟན་གྱི་དར་ཁྱབ་དང༌། བོད་མིར་བརྩེ་ཞེན་ཅན་གྱི་མི་ཚོགས་གྲངས་ཀྱིས་མི་ཆོད་པ་ཞིག་བྱུང་དང་ཡོང་བཞིན་པ་འདི་དག་ནི་རྒྱལ་བའི་འཕྲིན་ལས་ཀྱི་སྒྱུ་འཕྲུལ་འབའ་ཞིག་ལས་མིའི་རྩོལ་བས་བསྒྲུབས་པ་མིན་པ་ནི་ས་རིས་ཐང་གསལ་དང༌། འཇིག་རྟེན་འདིར་བཙན་བྱོལ་བ་ཇི་སྙེད་ཅིག་བྱུང་བའི་ལོ་རྒྱུས་སུ་སྔར་མ་གྲགས་པའི་གནས་བབ་ཅིག་ཡིན། འཇིའུ་མི་རིགས་ལྟ་བུ་ལོ་གྲངས་སྟོང་ཕྲག་ཁ་ཤས་བཙན་བྱོལ་དུ་གནས་རུང་མི་རིགས་ཀྱི་ངོས་འཛིན་རྒྱུན་འཛིན་ཐུབ་པའི་བྱུང་རབས་ཡོད་ནའང༌། མི་ཚོགས་མཉམ་སྡོད་ཀྱི་གཞིས་ཆགས་དང༌། ཆོས་རིག་ཤེས་ཡོན་གྱི་སྒྲིག་འཛུགས་སོགས་བོད་མི་སྐྱབས་བཅོལ་བ་ལྟ་བུའི་བྱུང་རབས་མི་འདུག

བཙན་བྱོལ་བོད་མི་རྣམས་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་དང༌། འབྲུག་ཡུལ། ལྷག་པར་རྒྱ་གར་དུ་མི་ཚོགས་མཉམ་སྡོད་ཀྱི་གཞིས་ཆགས་དང༌། ཆོས་བྱེད་དགེ་འདུན་པའི་དགོན་སྡེ་ཁག ཤེས་ཡོན་སློབ་གྲྭ་ཁག གཙུག་ལག་སློབ་ཁང་སོགས་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་དང༌། ཡར་རྒྱས་གསར་གཏོད་ཀྱི་རྣམ་པ་གྲངས་ལས་འདས་པ་ཞིག་བྱུང་ཡོད། དེ་དང་ཆབས་ཅིག་ཞན་ཆའི་ཕྱོགས་ནས་བལྟས་ན་འགྲན་ཟླ་མེད་པའི་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ཐོབ་ཀྱང༌། གནའ་བོའི་བོད་དུ་བྱུང་བ་ལྟ་བུའི་རྩོད་མེད་ཡོངས་གྲགས་ཀྱི་མཁས་དབང་འཐོན་དཀའ་བ་མ་ཟད། དེང་རབས་ཀྱི་ཁྱད་ལས་པ་དང༌། རིག་གཅིག་རྐང་འཛིན་པ་གྲགས་ཅན་ཡང་ཉུང་ཤས་ལས་ཐོན་མེད་ཅིང༌། གཞིས་ཆགས་ཁག་ཀྱང་རིམ་པས་ཁ་ཐོར་འགྲོ་ཉེན་ལ་ཕྱོགས་པ་དང༌། གཞོན་སྐྱེས་མང་ཆེ་བ་ངལ་རྩོལ་གྱི་ནུས་པ་དམན་ཞིང༌། གཞན་བརྟེན་གྱི་བསམ་བློ་དང༌། ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་བསྐྱོད་རྒྱུའི་འདུན་སྲེད་ཇེ་ཆེར་འཕེལ་བའི་ཐོག ལྷག་པར་འཇིགས་སྣང་སྐྱེ་འོས་པ་ཞིག་ལ་བོད་མིར་རང་གཤིས་སུ་གྲུབ་པའི་ཡ་རབས་བཟང་སྤྱོད་ཀྱི་གནས་བབ་ཉམས་དམས་སུ་སོང་སྟེ་གཡོ་སྒྱུ་ཁྲམ་གསུམ་སོགས་ངན་སྤྱོད་སྣ་མང་ལ་ཇི་མི་སྙམ་པར་འཇུག་མཁན་ཇེ་མང་དུ་འགྲོ་བཞིན་པ་བཅས་ལ་བརྟེན་ནས་འབྱུང་འགྱུར་བཙན་བྱོལ་བོད་མིའི་གནས་བབ་ཧ་ཅང་ཡིད་དྭོགས་སྐྱེ་གཞིའི་གནས་སུ་སླེབས་ཡོད།

གཉན་འཕྲང་ཅན་གྱི་དུས་སྐབས་འདིར་བཙན་བྱོལ་བོད་གཞུང་གི་སྲི་ཞུ་ལས་བྱེད་པ་ཁེ་གཙང་འདི་ལོ་ཕྱི་ཟླ་༢ ཚེས་༢༦།༢༧ ཉིན་གཉིས་རིང་རྡ་སར་ཟུར་ཚོགས་ཀྱིས་འདས་པའི་ལོ་ལྔ་བཅུའི་ཉམས་མྱོང་གཞིར་བཟུང་འབྱུང་འགྱུར་ལོ་ལྔ་བཅུའི་བོད་མི་རིགས་ཀྱི་རྩ་དོན་སྒྲུབ་ཕྱོགས་ཀྱི་འཆར་སྣང་སྐོར་བགྲོ་གླེང་གནང་རྒྱུའི་ལས་རིམ་བསྒྲིགས་ཡོད་པ་འདི་ནི་འཆར་ཅན་གྱི་ཚོགས་འདུ་ལྟ་བུ་མ་ཡིན་པར་སྲི་ཞུ་ལས་བྱེད་པ་མི་རེ་ངོ་རེས་སྤྱིར་སྲི་ཞུ་བ་ཡོངས་དང༌། ལྷག་པར་རང་ཉིད་ཀྱི་སྒོ་གསུམ་གྱི་སྤྱོད་ཚུལ་ལ་བསྐྱར་ཞིབ་ནན་པོ་དང༌། དེའི་ཉམས་མྱོང་གཞིར་བཟུང་འབྱུང་འགྱུར་རྩ་དོན་སྒྲུབ་ཕྱོགས་ཀྱི་ཁ་ཕྱོགས་དང་ཐབས་ལམ་གཉིས་ཀར་ངེས་པ་རྙེད་པའི་ལམ་སྟོན་ཞིག་གཏན་འབེབས་ཡོང་ཐུབ་ཐབས་ལ་དམིགས་པ་ཞིག་ཡིན།

མཁྱེན་གསལ་ལྟར་འདས་ལོ་ལྔ་བཅུའི་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ལེགས་ཉེས་ཀྱི་གནས་ཚུལ་ཇི་བྱུང་རྣམས་རྒྱུ་མེད་རང་བྱུང་མ་ཡིན་པར་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་ལས་གཞི་ཁག་ལས་བྱུང་བ་ཤས་ཆེ་བ་དང༌། དེ་ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་དགོངས་གཞི་དང་མཛད་བྱུས་ཇི་འདྲ་ཞིག་ཡོད་རུང༌། དངོས་སུ་ལག་བསྟར་བྱུང་མིན་ནི་སྲི་ཞུ་ལས་བྱེད་པ་ཁོ་ནར་རག་ལུས་ཡོད་སྟབས། འདས་ལོ་ལྔ་བཅུའི་གྲུབ་འབྲས་དང་འཐུས་ཤོར་ཇི་བྱུང་གི་འགན་ཁུར་སྲི་ཞུ་ལས་བྱེད་པར་ཡོད་པའི་དངོས་དོན་གྱི་གནས་ཚུལ་འདི་ནི་གཡོལ་ཐབས་མེད་པ་ཞིག་ཡིན་པས་གྲུབ་འབྲས་ལ་དགའ་སྒོམ་བྱ་རྒྱུའི་སྔོན་དུ་འཐུས་ཤོར་ལ་འགན་ལེན་ངེས་པར་དུ་བྱེད་དགོས། དེ་ནི་བྱུང་རབས་ལ་འཁྲི་བའི་འགན་ཁུར་ཞིག་ཡིན།

འདས་པའི་གནས་ཚུལ་ཙམ་མ་ཟད། འབྱུང་འགྱུར་ཡང་བཙན་བྱོལ་བོད་མིའི་ལས་དབང་གི་ཁ་ཕྱོགས་ཇི་འདྲ་ཞིག་ཏུ་འགྲོ་མིན་བརྒྱ་ཆ་མང་ཤོས་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བར་རག་ལུས་ཡོད། གནས་ཚུལ་འདི་ལ་ཐུགས་བསམ་གཏིང་ཟབ་ཅིག་བཞེས་པ་ཡིན་ན། བཟོད་པར་དཀའ་བའི་འགན་ཁུར་ཤིན་ཏུ་ལྕི་བ་ཞིག་ཡོད་པ་དང་ཆབས་ཅིག་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་གོ་སྐབས་རླབས་ཆེན་ཞིག་ཀྱང་ཡོད་པ་མཁྱེན་ཐུབ།

རྒྱུ་མཚན་དེ་དག་ལ་བརྟེན་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བ་རྣམས་ནི་རྒྱལ་ཁབ་དང༌། སྒྲིག་འཛུགས་གཞན་གྱི་ལས་བྱེད་དང་གཏན་ནས་མི་འདྲ་བར་རླབས་ཆེན་གྱི་མི་རིགས་ཤིག་གི་ཕུགས་འདུན་ཁ་ལོ་སྒྱུར་མཁན་ཞིག་ཡིན།

བཀའ་ཤག་གིས་རྒྱུན་དུ་སྲི་ཞུ་ལས་བྱེད་པ་རྣམས་རང་རང་གི་ལྟོ་གོས་གཏམ་གསུམ་མམ། འཚོ་བའི་འདུན་ལམ་བློས་བཏང་བྱས་ཏེ་བོད་མི་རིགས་ཀྱི་རྩ་དོན་ཐོག་དང་བླངས་ཀྱིས་སྲི་ཞུ་སྒྲུབ་མཁན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོའི་ངོས་འཛིན་འདི་དངོས་དོན་ལ་བརྟེན་པ་ཞིག་ཡིན་མིན་ནི་ལས་བྱེད་སོ་སོའི་རང་གིས་རང་ལ་ཞུ་དག་བྱས་ཏེ་གཏན་ལ་འབེབས་དགོས་པ་ཞིག་ལས་བཀའ་ཤག་གིས་ཤེས་ཐབས་དཀའ། སྤྱིར་བཏང་སྲི་ཞུ་བ་ཕལ་མོ་ཆེ་ལྷག་བསམ་དང༌། དྲང་བདེན། བརྩོན་ཤུགས་བཅས་ཡི་རངས་བསྔགས་བརྗོད་ཀྱི་གནས་སུ་ཆེ་ཡང༌། སྐབས་འཁྲིའི་ལས་འགན་ལ་སྣང་མེད་བྱེད་པ་དང༌། ཉེ་དགའ་ཕྱོགས་ལྷུང༌། སྤྱི་རྒྱུ་སྒེར་ཟོས། ལྐོག་ཟས་རུལ་སུངས་བྱེད་མཁན་རེ་ཟུང་ཡང་དུས་ནས་དུས་སུ་བྱུང་དང་ཡོང་བཞིན་པ་འདིས་སྦལ་པ་རྨ་ཅན་ལྟ་བུས་སྲི་ཞུ་བ་སྤྱིའི་གཟུགས་བརྙན་ལ་ནག་ཐིག་ཕོག་ཡོད་པའང་དངོས་དོན་ཁས་ལེན་མ་བྱས་ཐབས་མེད་དང༌། དེ་དག་སེལ་ཐབས་ཀྱང་ལས་བྱེད་པ་རང་གིས་བྱེད་རྒྱུ་ལས་གཞན་གྱིས་བྱེད་མི་ཐུབ།

གོང་གསལ་གྱི་རྒྱུ་མཚན་དང་གནས་བབ་འདི་དག་གི་འོག་ད་ལན་བགྲོ་གླེང་ཚོགས་འདུ་འདིའི་ནང་སྤྱི་སྒེར་གཉིས་ཀའི་དངོས་ཡོད་ཀྱི་གནས་བབ་ལ་སྙིང་དོན་འཚོལ་བའི་གཟུ་བོའི་བློས་རང་རང་གི་ནུས་པ་དང༌། ཞན་ཆ། ཀླན་ཀ གོ་སྐབས་བཅས་ལ་རྟོག་ཞིབ་མཐིལ་ཕྱིན་གྱི་ལམ་ནས་གཡོ་ཟོལ་སྤངས་པའི་དགོངས་འཆར་ལྷུག་པོ་ཡོང་བའི་རེ་བ་ཤུགས་ཆེ་བྱེད་ཀྱི་ཡོད།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་ལམ་སྟོན་ལྟར་འབྱུང་འགྱུར་བོད་མིའི་ལས་དབང་ཐད་རྒྱལ་སྤྱིའི་གནས་བབ་དང༌། བོད་མིའི་ཤེས་བརྩོན། རྒྱ་ནག་གི་ཆབ་སྲིད་བཅས་ལ་གཞིགས་པའི་ཞིབ་འཇུག་གཏིང་ཟབ་ཀྱི་ལམ་ནས་ཚང་མས་དགོངས་འཆར་ཞིབ་ལྷུག་གནང་བའི་སྐུལ་མ་ཞུ་རྒྱུ་ཡིན། ཚོགས་འདུར་མ་ཞུགས་གོང་ནས་དཔྱད་ཞིབ་དང་དགོངས་བཞེས་ཟབ་ནན་ཡོང་སླད་སྔོན་བརྡའི་གཞེན་སྐུལ་འདི་ཕུལ་བ་ཡིན་ན་ཚང་མས་སྣང་ཆུང་མ་གནང་བར་གལ་ཆེ་དོན་ཆེ་གནང་སྐྱོང་ཡོང་བ་དགོངས་འཇགས་འཚལ། བཀའ་ཁྲི་ཟམ་གདོང་པས་༢༠༡༠ ཕྱི་ཟླ་༢ ཚེས་ལ་ཕུལ།

འདི་ནི་བཙན་བྱོལ་བོད་གཞུང་གི་སྲི་ཞུ་ལས་བྱེད་པ་རྣམས་ཉིན་གཉིས་རིང་རྡ་སར་ཟུར་ཚོགས་ཀྱིས་འདས་པའི་ལོ་ལྔ་བཅུའི་ཉམས་མྱོང་གཞིར་བཟུང་འབྱུང་འགྱུར་ལོ་ལྔ་བཅུའི་བོད་མི་རིགས་ཀྱི་རྩ་དོན་སྒྲུབ་ཕྱོགས་ཀྱི་འཆར་སྣང་སྐོར་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་རྒྱུའི་ཆེད་གནང་བ་ཞིག་ཡིན།