བཙན་བྱོལ་བོད་མིའི་གནས་སྡོད་ས་གནས་ཁག་གི་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང༌།

བཙན་བྱོལ་བོད་མིའི་གནས་སྡོད་ས་གནས་ཁག་གི་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང༌། ཚོགས་མིའི་མི་འཐུས་བཅས་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟབ་སྦྱོང་ཐོག་གནང་བའི་གསུང་བཤད། 
དོན་ཚན་བརྒྱ་དང་བཅོ་ལྔ་ཡོད་པའི་བཅའ་ཁྲིམས་དུས་ཡུན་ཚོུད་གཉིས་ནང་སློབ་ཁྲིད་བྱེད་རྒྱུ་ནི་ལས་སླ་བ་ཞིག་མ་རེད། འོན་ཀྱང་བཤད་ཐབས་ཡན་ལག་ལྔ་ལས་དགོས་པ་དང་བསྡུས་དོན་རྐྱང་པའི་བརྒྱུད་ནས་བསྡུས་དོན་ས་བཅད་ཙམ་གྱི་ངོ་སྤྲོད་ཞུ་རྒྱུ་ཡིན། རྗེས་སུ་དྲི་བ་དྲིས་ལན་གྱི་དུས་ཚོད་ལྷག་ན་བརྒལ་ལན་ཕྲན་བུ་ཞུས་ཆོག་པ་ཞུ་རྒྱུ་ཡིན།

མིའི་འགྲོ་བ་ནི་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཤིག་ཡིན་པས། སྤྱི་ཚོགས་མེད་པར་འཚོ་མི་ནུས། སྤྱི་ཚོགས་རྒྱ་ཆེར་ཕྱིན་སྐབས་སྒྲིག་འཛུགས་མེད་ན་གནས་མི་ཐུབ། སྒྲིག་འཛུགས་ནི་ལམ་སྲོལ་དང་ཁྲིམས་ལ་བརྟེན་དགོས། སྒྲིག་འཛུགས་དང་ཁྲིམས་ཀྱི་ཐོག་མའི་བྱུང་རབས་དེང་རབས་སྤྱི་ཚོགས་ཚན་རིག་ལྟར་ན་གདོད་མའི་མི་ནས་རིམ་གྱིས་ཚོད་བལྟ་དང་ཉམས་མྱོང་ལ་བརྟེན་ནས་ཡར་རྒྱས་སུ་ཕྱིན་པ་དང༌། ནང་པའི་ལྟ་ཚུལ་ལྟར་ན་བསྐལ་པ་རྫོགས་ལྡན་ནས་མར་འགྲིབ་ཀྱིས་རྩོད་ལྡན་གྱི་དུས་སུ་གསོག་འཇོག་དང་རྐུ་འཕྲོག་སོགས་བྱུང་བས། སྲུང་མི་དང་ཞལ་ལྕེ་གཅོད་པ་པོ་དགོས་གལ་བྱུང་ནས་རྒྱལ་པོ་བྱུང་བར་འདོད།

སྤྱི་ཚོགས་ཀྱི་འཕེལ་རིམ་མམ་ཉམས་རིམ་གྱི་ནང་མི་རིགས་དང༌། རྒྱལ་པོ། རྒྱལ་ཁབ་སོགས་རིམ་གྱིས་བྱུང་བ་ལས། རྒྱལ་པོའི་ལམ་སྲོལ་དང༌། ཚོགས་ཀྱི་གཙོ་བའི་ལམ་སྲོལ། དམག་མིས་སྲིད་སྐྱོང༌། གཅིག་སྡུད་དབང་འཛིན། གཅིག་སྡུད་གྲལ་རིམ་གྱི་དམངས་གཙོ། མང་གཙོའི་རིང་ལུགས་སོགས་བྱུང༌།

གོང་གསལ་ཚང་མའི་ནང་མང་གཙོའི་རིང་ལུགས་ལེགས་ཤོས་ཡིན། གང་ལགས་ཟེར་ན། མང་ཚོགས་ཀྱི་མངོན་འདོད་དང་མཐུན་ཚབ་ཆེ་བ་ཡིན།

མང་ཚོགས་ཀྱི་མངོན་འདོད་དང་བསྒྲུབ་བྱའི་གཙོ་བོ། རང་དབང་དང༌། འདྲ་མཉམ། རང་བདེན། ཆིག་བསྒྲིལ་བཅས་ཡིན་ཞིང༌། དེ་རྣམས་མང་གཙོའི་ལམ་ནས་བདེ་བླག་ཏུ་བསྒྲུབ་ནུས། མང་གཙོའི་ལམ་སྲོལ་ཡང་ཐད་ཀའི་མང་གཙོ་དང་སྐུ་ཚབ་ཀྱི་མང་གཙོ་གཉིས་ཡོད་ཅིང༌། དེང་སང་མི་འབོར་མང་བས་ཐད་ཀའི་མང་གཙོ་ཕལ་ཆེར་མེད།

ཆབ་སྲིད་ཀྱི་མངའ་དབང་གང་ཟག་གཅིག་གམ་སྡེ་ཚན་གཅིག་ལ་གནས་པ་མ་ཡིན་པར། མངའ་དབང་མང་ཚོགས་ལ་གནས་ཤིང༌། མང་ཚོགས་ཀྱིས་ཐད་ཀར་རམ་འོས་འདེམས་བྱས་པའི་གང་ཟག་གམ། འོས་འདེམས་བྱས་པའི་སྐུ་ཚབ་ཀྱི་ཚོགས་སྡེ་ལ་དུས་ཚོད་ངེས་ཅན་བར་མངའ་དབང་ཁྱབ་སྒྱུར་བྱེད་རྒྱུའི་དབང་ཚད་སྤྲད་དེ་དུས་ཚོད་རྫོགས་མཚམས་སམ། ཡང་ན་དེའི་སྔོན་ནས་དབང་ཚད་ཕྱིར་བསྡུ་བྱེད་ཆོག་པས་ནོར་འཁྲུལ་ཡོང་གཞི་ཉུང་ཞིང༌། ནོར་བཅོས་བྱེད་བདེ། ཡང་མང་གཙོའི་བཅའ་ཁྲིམས་ཅན་གྱི་གོང་མའི་རིང་ལུགས་ཀྱི་ལམ་སྲོལ་ནང་ཆབ་སྲིད་ཀྱི་མངའ་དབང་རྒྱུད་འཛིན་གྱི་གོང་མ་གཅིག་ལ་གནས་རུང༌། དེ་ལ་མངའ་དབང་ཁྱབ་སྒྱུར་བྱེད་པའི་ནུས་པ་མེད་པར། མང་ཚོགས་ཀྱི་སྐུ་ཚབ་རྣམ་པས་གོང་མའི་མཚན་ཐོག་ནས་མངའ་དབང་ཁྱབ་སྒྱུར་བྱེད་པ་དབྱིན་ཡུལ་དང་བལ་ཡུལ་ལྟ་བུ་མང་པོ་ཡོད།

མདོར་ན་མི་མང་ལ་གནས་པའི་མངའ་དབང་ངམ་གོང་མར་གནས་པའི་མངའ་དབང་མི་མང་ངམ་མི་མང་སྐུ་ཚབ་བརྒྱུད་ཁྱབ་སྒྱུར་བྱེད་པ་ཇི་ལྟར་ཡང༌། མང་གཙོའི་མངའ་དབང་ཁྱབ་སྒྱུར་ནི་མང་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་ཀྱི་ལམ་ནས་དབང་སྒྱུར་བྱེད་རྒྱུ་མ་གཏོགས། གང་ཟག་སྒེར་གྱིས་རང་འདོད་ལྟར་ཁྱབ་སྒྱུར་བྱེད་རྒྱུ་མེད་པ་ཞིག་དགོས་པས། ཁྲིམས་ཀྱི་དབང་སྒྱུར་ཞེས་པ་དེ་ཧ་ཅང་གལ་ཆེན་པོ་རེད། གང་ལགས་ཟེར་ན། མང་ཚོགས་ཀྱི་བསམ་ཚུལ་ནི་མང་ཚོགས་སམ་དེའི་སྐུ་ཚབ་ཀྱིས་གོ་བསྡུར་གཏིང་ཟབ་བྱས་ནས་གཏན་ལ་ཕབ་པའི་ཁྲིམས་ཀྱི་ལམ་ནས་མཚོན་ནུས་པ་མ་གཏོགས། གང་ཟག་སྒེར་གྱིས་རང་འདོད་ལྟར་ཁྱབ་སྒྱུར་བྱེད་རྒྱུ་མེད་པ་ཞིག་དགོས་པས། ཁྲིམས་ཀྱི་དབང་སྒྱུར་ཞེས་པ་དེ་ཧ་ཅང་གལ་ཆེན་པོ་རེད། གང་ལགས་ཟེར་ན། མང་ཚོགས་ཀྱི་བསམ་ཚུལ་ནི་མང་ཚོགས་སམ་དེའི་སྐུ་ཚབ་ཀྱིས་གོ་བསྡུར་གཏིང་ཟབ་བྱས་ནས་གཏན་ལ་ཕབ་པའི་ཁྲིམས་ཀྱི་ལམ་ནས་མཚོན་ནུས་པ་མ་གཏོགས། གང་ཟག་སྒེར་གྱི་བསམ་ཚུལ་དང་ཐག་གཅོད་ཀྱིས་མཚོན་མི་ཐུབ། རྒྱུ་མཚན་དེ་ལ་བརྟེན་ནས་མང་གཙོའི་ལམ་སྲོལ་ནང་འཛིན་སྐྱོང་གི་སྡེ་ཚན་ནི་ཁྲིམས་ལ་འགྲེལ་བརྗོད་དང་ལག་བསྟར་བྱེད་མཁན་ཙམ་ལས། རང་ངོས་ནས་ཐག་གཅོད་བྱེད་མཁན་མིན། དེས་ན་མང་གཙོ་དང་ཁྲིམས་ཀྱི་དབང་སྒྱུར་གཉིས་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུ་ཡིན། ཁྲིམས་ཀྱི་དབང་སྒྱུར་ཚད་ལྡན་ཡོང་བ་ལ་རྒྱལ་ཁབ་དང་མི་རིགས་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། སྤྱི་ཚོགས་ཀྱི་བྱེད་སྒོ་ཡོངས་ལ་ཁྲིམས་དང་སྒྲིག་གཞི་གཏན་འབེབས་དགོས་པ་དང༌། ཁྲིམས་དང་སྒྲིག་གཞི་ཇི་འདྲ་ཞིག་གཏན་འབེབས་བྱས་པ་ཡིན་ནའང༌། དེ་དག་གི་ཁུངས་གཏུག་ས་དང་གཞི་བཏིང་ས། དེ་ཙམ་དུ་མ་ཟད་གཞུང་གི་ཁྲིམས་བཟོ་དང༌། འཛིན་སྐྱོང༌། ཁྲིམས་ལུགས་དབང་འཛིན་ལ་སོགས་པའི་སྒྲིག་འཛུགས་ཡོངས་ཀྱི་གྲུབ་ཆ་དང་འགན་དབང་སྟོན་པའི་གཞི་རྩའི་ཁྲིམས་ལུགས་ཤིག་མེད་དུ་མི་རུང་བ་ཡིན། དེ་འདྲའི་གཞི་རྩའི་ཁྲིམས་ལུགས་ཡིག་ཐོག་ཏུ་བཀོད་པ་དང༌། ཡིག་ཐོག་ཏུ་མ་བཀོད་ཀྱང་སྲོལ་རྒྱུན་ཙམ་དུ་གནས་པ་གཉིས་ཀ་ཡོད་ཀྱང༌། དེང་སྐབས་དབྱིན་ཡུལ་ཙམ་མ་གཏོགས། རྒྱལ་ཁབ་ཕལ་ཆེ་བའི་གཞི་རྩའི་ཁྲིམས་ཡིག་ཐོག་ཏུ་བཀོད་ཡོད། དེ་ལ་མིང་འདོགས་ཚུལ་གྱི་དབང་དུ་བྱས་ན།

༡ རྩ་ཁྲིམས། (Constitution)

༢ གཞི་རྩའི་ཁྲིམས་ཡིག (Basic Law)

༣ བཅའ་ཁྲིམས་ Charter ཞེས་འབོད་སྲོལ་ཡོད། འདི་དག་ལ་ཁྱད་པར་ཆེན་པོ་མེད་ནའང༌། རྩ་ཁྲིམས་ཞེས་པ་ས་ཁྱོན་དང༌། མང་ཚོགས། མངའ་དབང་གསུམ་ག་ལྡན་པའི་རང་བཙན་ཅན་གྱི་རྒྱལ་ཁབ་རྣམས་ཀྱི་གཞི་རྩའི་ཁྲིམས་ཡིག་ལ་རྩ་ཁྲིམས་ཞེས་བརྗོད་པ་དང༌། རྒྱལ་ཁབ་གཅིག་གི་མངའ་དབང་གི་འོག་ནང་གི་རང་སྐྱོང་ལྡན་པའི་ལྗོངས་སམ། མངའ་སྡེ་ཁག་གི་གཞི་རྩའི་ཁྲིམས་ཡིག་ལ་གཞི་རྩའི་ཁྲིམས་ཞེས་ཟེར་བ་དང༌། བཅའ་ཁྲིམས་ཞེས་པའང་གོང་མཚུངས་རང་སྐྱོང་ལྗོངས་སམ། ཡང་ན་ས་ཁྱོན་དང་མངའ་དབང་མེད་པའི་སྒྲིག་འཛུགས་ཁག་གི་གཞི་རྩའི་ཁྲིམས་ཡིག་ལ་བཅའ་ཁྲིམས་ཞེས་འབོད་སྲོལ་དར་ཆེ་བས། བཙན་བྱོལ་བོད་མིའི་གཞི་རྩའི་ཁྲིམས་ཡིག་ལའང་རྩ་ཁྲིམས་དང་གཞི་རྩའི་ཁྲིམས་ཡིག་ཅེས་མ་འབོད་པར་བཅའ་ཁྲིམས་ཞེས་འབོད་ཅིང༌། བོད་ཀྱི་གནའ་བོའི་སྐད་དུའང་བཅའ་ཡིག་གམ་ཁྲིམས་བཅའ་ཡིག་ཆེན་མོ་ཞེས་པ་གཞི་རྩའི་ཁྲིམས་ཡིག་ལ་གོ་སྲོལ་ཡོད། བཅའ་ཁྲིམས་འདི་གཞི་རྩའི་ཁྲིམས་ཡིག་ཡིན་ཙང༌། ཁྲིམས་དང་སྒྲིག་གཞི་ལམ་སྲོལ་ཇི་འདྲ་ཞིག་གཏན་ལ་ཕབ་ཀྱང་འདི་དང་མི་འགལ་བ་ཞིག་དགོས། དེ་འདྲའི་གཞི་རྩའི་ཁྲིམས་ཡིག་ཀྱང༌། བསྐྱར་བཅོས་དཀའ་བའི་ཁྲིམས་ཡིག་དང༌། བསྐྱར་བཅོས་སླ་བའི་ཁྲིམས་ཡིགབསྐྱར་བཅོས་དཀའ་སླ་འཚམས་པའི་ཁྲིམས་ཡིག་བཅས་རང་བཞིན་མི་འདྲ་བ་གསུམ་ཡོད་པ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདི་བསྐྱར་བཅོས་དཀའ་སླ་འཚམས་པའི་ཁྲིམས་ཡིག་ཅིག་ཡིན། བཅའ་ཁྲིམས་བསྐྱར་བཅོས་ཆེད་བཅའ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་ཟུར་དུ་འོས་འདེམས་མ་དགོས་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་རང་གིས་བཅའ་ཁྲིམས་ཀྱི་དོན་ཚན་ཕལ་ཆེ་བ་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་དང༌། དོན་ཚན་འགའ་ཤས་སྤྱི་འཐུས་རྩ་འབོར་གྱི་བཞི་ཆ་གསུམ་གྱི་མོས་མཐུན་བྱུང་ན་བསྐྱར་བཅོས་ཆོག་པའི་ཁྲིམས་ཡིག་ཅིག་ཡིན། དེ་ལ་བརྟེན་ནས་འདས་པའི་ངོ་ངོ་བཅུ་གསུམ་ཙམ་གྱི་རིང་སྤྱི་འཐུས་སྐབས་གསུམ་གྱིས་བཅའ་ཁྲིམས་བསྐྱར་བཅོས་གྲངས་བཅུ་གཉིས་བཅུ་གསུམ་ཙམ་བྱས་ཡོད། ཡས་སོ་མས་འགེལ་གྱིས་ལོ་རེར་བཅའ་ཁྲིམས་བསྐྱར་བཅོས་ཐེངས་རེ་ཙམ་བྱུང་ཡོད།

མང་གཙོའི་ལམ་སྲོལ་ཅན་གྱི་གཞི་རྩའི་ཁྲིམས་ཡིག་ཕལ་ཆེ་བའི་སྒྲོམ་གཞི་མདོར་བསྡུས་ན། གྲོས་ཚོགས་ཀྱི་ལམ་སྲོལ་ཅན་ Parliamentary Form དང༌། སྲིད་འཛིན་གྱི་ལམ་སྲོལ་ཅན་ Presidential Form གཉིས་སུ་འདུས་པ་ཡིན་ནའང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ་གཉིས་གང་དུའང་མ་གཏོགས་པའི་དམིགས་བསལ་ཅན་ཞིག་ཡིན། དེའི་རྒྱུ་མཚན་ཡང་གོང་གསལ་གྱི་སྒྲོམ་གཞི་གཉིས་ཀ་སྲིད་དོན་ཚོགས་པ་མང་པོ་ཅན་ Multi-Party Democracy གྱི་མང་གཙོའི་ལམ་སྲོལ་དང་འཚམས་པ་ཡིན་ནའང༌། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྲིད་དོན་གྱི་ཚོགས་པ་མང་པོ་མེད་པ་མ་ཟད། ད་ལྟའི་རང་རེའི་གནས་བབས་དང་ཡང་མི་འཚམས་པར་བརྟེན་ང་ཚོའི་ལམ་སྲོལ་འདི་སྲིད་དོན་ཚོགས་པ་མེད་པའི་མང་གཙོ་Partyless Democracy ཟེར་བ་དེ་ཡིན། ནུས་ཕྱོགས་པ་མང་ཆེ་བས་སྲིད་དོན་ཚོགས་པ་མང་པོ་མེད་པ་དང༌། ཆོས་ལུགས་རིས་མེད་Secularམིན་པ་ཡིན་ན་མང་གཙོ་ཚད་ལྡན་ཡོང་ཐབས་མེད་ཚུལ་བཤད་མཁན་ཡོད་ཀྱང༌། ང་ཚོས་ལྟ་གྲུབ་དེ་ལ་ཁས་ལེན་བྱེད་ཀྱི་མེད། རྒྱ་གར་གྱི་མཁས་དབང་ཇཡ་པྲཀཱཤ་ནཱརཱཡཎ་སོགས་མང་པོས་ཤར་གླིང་གི་ཡུལ་གྲུ་ཁག་ལ་ཚོགས་པ་མང་བའི་མང་གཙོ་ལས། ཚོགས་མེད་པའི་མང་གཙོའི་ལམ་སྲོལ་འོས་འཚམས་ཆེ་བའི་རིག་པའི་གཞུང་ལུགས་བརྩམས་ཡོད་པ་མ་ཟད། ནུས་ཕྱོགས་པས་བཤད་པའི་ Secular ཞེས་པའི་ཚིག་ཀྱང་ཆོས་མེད་རིང་ལུགས་དང༌། ཆོས་འགལ་རིང་ལུགས། ཆོས་འགོག་རིང་ལུགས་སོགས་སུ་གོ་མི་དགོས་པར། ཆོས་ལུགས་དང་ཆོས་བརྒྱུད་ཡོངས་ལ་འདྲ་མཉམ་གྱིས་གུས་བརྩི་ཞུ་བའི་ཆོས་ལུགས་རིས་མེད་དང་ཆོས་སྲིད་ཟུང་འབྲེལ་མཉམ་དུ་འགྲོ་ཐུབ་པ་དང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་སྲིད་དོན་གྱི་ཚོགས་པ་མེད་པའི་མང་གཙོ་དང༌། ཆོས་སྲིད་ཟུང་འབྲེལ་གྱི་ངོ་བོར་གནས་ཡོད་ཀྱང༌། ཆོས་ལུགས་ཡོངས་རྫོགས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་པས་ Secular ཞེས་པའི་གོ་དོན་འགྲེལ་སྟངས་མཐོ་ཤོས་ཆོས་ལུགས་ཀུན་ལ་གུས་བརྩི་གཅིག་གྱུར་རམ། བདག་ཉིད་ཆེན་པོ་གན་དྷིས་གསུངས་པའི་སརྦ་དྷརྨ་སམབྷབ་ཞེས་པའི་དགོངས་དོན་དང་མཐུན་པ་ཡིན་པས། བཅའ་ཁྲིམས་འདི་སྲིད་དོན་གྱི་ཚོགས་པ་མེད་པའི་མང་གཙོ་དང༌། ཆོས་སྲིད་ཟུང་འབྲེལ་ཡིན་རུང༌། མང་གཙོའི་མཚན་ཉིད་དང་ཆ་ལག་ཡོངས་སུ་རྫོགས་པ་ཡིན་ཞེས་ཐག་བཅད་དེ་བརྗོད་ཐུབ་དེ་འདྲ་བའི་ཁྱད་ཆོས་དང་ལྡན་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ་བཞིན་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཐད་བསྐོས་གནང་བའི་ཟིན་བྲིས་ཚོགས་ཆུང་གི་རགས་ཟིན་ཐོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བགྲོ་གླེང་གོ་བསྡུར་མཐར་ཕྱིན་ཞུས་རྗེས་མཐའ་མའི་ཟིན་བྲིས་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་སུ་ྋགོང་ས་ཆེན་པོས་བསྩལ་གནང་མཛད་པ་ལྟར། སྤྱི་འཐུས་ལྷན་ཚོགས་ཀྱིས་བཅའ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོར་བགྲོ་གླེང་མཐར་ཕྱིན་མཛད་དེ་གཏན་ལ་ཕབ་པར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ ༡༩༩༡ ཕྱི་ཟླ་ ༦ ཚེས་ ༢༨ ཉིན་ཆོག་མཆན་བསྩལ་ཏེ་ཁྲིམས་སུ་བཅས་པ་ཡིན་ཞིང༌། འདི་ལ་ལེའུ་བཅུ་གཅིག་དང༌། དོན་ཚན་བརྒྱ་དང་བཅོ་ལྔའི་བདག་ཉིད་དུ་ཡོད།

ལེའུ་དང་པོ་གཞི་རྩའི་ལམ་སྟོན་གྱི་ནང་དོན་ཚན་བརྒྱད་ཡོད་ཅིང༌། དང་པོ་བཅའ་ཁྲིམས་ཀྱི་འགོ་འཛུགས། ་ ་ ་ ་ ་ བརྒྱད་པ་བོད་ཀྱི་ཡུལ་མིའི་འགྲེལ་བརྗོད་བཅས་ཚུད་ཡོད། དོན་ཚན་བརྒྱད་པོ་དེ་དག་ནི་བཅའ་ཁྲིམས་ཀྱི་རྩིག་རྨང་ལྟ་བུ་ཡིན་པ་དང༌། ཆབ་སྲིད་ཀྱི་རང་བཞིན་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་ཏེ་རང་དབང་དང༌། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ་མཉམ་འབྲེལ་གྱི་རང་བཞིན་དུ་གཏན་ལ་ཕབ་ཡོད་ལ། འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་དབང་གིས་དོན་ཚན་བདུན་པའི་ནང་མ་འོངས་བོད་ཀྱི་ཡུལ་ཁམས་འཚེ་མེད་ཞི་བའི་བསྟི་གནས་སུ་གནས་རྒྱུ་དང༌། གོ་མཚོན་དུག་རླངས་རིགས་ཀྱི་ཐོན་སྐྱེད་ནམ་ཡང་མི་བྱེད་རྒྱུའི་འབད་བརྩོན་བྱ་རྒྱུ། ད་ལྟ་ནས་བོད་དོན་བདེན་མཐའ་གསལ་ཐབས་ཀྱིས་མཚོན་དོན་གནད་གང་གི་ཆེད་དུའང་དམག་འཐབ་སྤང་རྒྱུའི་ཆ་རྐྱེན་འཁོད་ཡོད་པ་འདི་དག་ནི་བཅའ་ཁྲིམས་འདིའི་ནང་དོན་གྱི་ཁྱད་ཆོས་རླབས་ཆེ་བ་རྣམས་ཡིན།

བོད་ཀྱི་རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་ ༡༩༦༡ ཕྱི་ཟླ་ ༩ ཚེས་ ༢ ཉིན་མང་གཙོའི་ལམ་སྲོལ་དབུ་བརྙེས་པའི་བར་སྲོལ་རྒྱུན་བོད་ཀྱི་ཆབ་སྲིད་ཀྱི་རང་བཞིན་རྒྱལ་པོའི་དབང་སྒྱུར་གྱི་ངོ་བོར་གནས་པ་ཡིན་སྟབས། བོད་མི་རྣམས་ལ་ བྱཆབ་འབངས་བྱ དང་ བྱམི་སེར་བྱ གྱི་ཐ་སྙད་བེད་སྤྱོད་བྱེད་བཞིན་པ་དང༌། དེང་རབས་ཀྱི་མང་གཙོའི་ལམ་སྲོལ་ནང་དུའང་མངའ་དབང་རྒྱལ་པོའམ་གོང་མར་གནས་པའི་རིགས་ལ་ བྱཆབ་འབངས་བྱ ཞེས་པའི་ཐ་སྙད་བརྗོད་སྲོལ་ཡོད་ནའང༌། བཅའ་ཁྲིམས་འདིའི་འོག་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ནི་མངའ་དབང་མང་ཚོགས་ལ་གནས་པའི་མང་གཙོ་གཙང་མ་ཞིག་ཏུ་གྱུར་ཟིན་པ་ཡིན་སྟབས། བོད་མི་རྣམས་ལ་ བྱབོད་ཀྱི་ཡུལ་མིབྱ ཞེས་ཐ་སྙད་སྦྱར་ཏེ་ བྱཆབ་འབངས་བྱ དང་ བྱམི་སེར་བྱ གྱི་ཐ་སྙད་ཕྱིར་བསྡུ་བྱས་ཡོད། ད་ཆ་བོད་མི་ཡོངས་རྫོགས་འདྲ་མཉམ་བོད་ཀྱི་ཡུལ་མི་ཡིན་པ་མ་གཏོགས་མངའ་དབང་དང་ཆབ་འབངས་ཀྱི་དབྱེ་བ་མེད། ད་ལྟའི་བོད་མིའི་གནས་བབས་དང་བསྟུན་ཏེ་བོད་ཀྱི་ཡུལ་མིའི་མཚན་ཉིད་ཀྱང་སྐྱེ་ཡུལ་གྱི་ས་མཚམས་སམ། ཤ་ཁྲག་གི་རྒྱུད་པ་ཁོ་ནར་བརྟེན་པ་མ་ཡིན་པར། སྐྱེ་ཡུལ་དང༌། རིགས་རྒྱུད། ཡང་ན་དྭང་བླངས་ཀྱིས་ཡུལ་མིར་ཞུགས་པ་གསུམ་གའི་ལམ་ནས་བོད་ཀྱི་ཡུལ་མིར་ཚུད་ཐུབ་པ་དང༌། རྒྱལ་ཁབ་གཞན་གྱི་ཡུལ་མིའི་རང་བཞིན་ལེན་དགོས་བྱུང་ཡང་བཅའ་ཁྲིམས་དོན་ཚན་བཅུ་གསུམ་པའི་ནང་གསལ་གྱི་ཡུལ་མིའི་ལས་འགན་བསྒྲུབ་ན་བོད་ཀྱི་ཡུལ་མིའི་རང་བཞིན་འདོར་མི་དགོས་པའི་ཆ་རྐྱེན་བཀོད་ཡོད།

ལེའུ་གཉིས་པ་གཞི་རྩའི་ཐོབ་ཐང་དང་ལས་འགན་སྐོར་གྱི་ནང་དོན་ཚན་དགུ་པ་ཁྲིམས་ཀྱི་མདུན་སར་འདྲ་མཉམ། ་ ་ ་ ་ ་བཅུ་བཞི་པ་གཞི་རྩའི་ཐོབ་ཐང་དང་ལས་འགན་ལག་ལེན་དོན་འཁེལ་བཅས་གསལ་ཡོད། ལེའུ་འདིའི་ནང་གི་དོན་ཚན་ཁག་དྲུག་གི་ནང་ཁྲིམས་ཀྱི་མདུན་སར་འདྲ་མཉམ་དང༌། ཆོས་དད་རང་དབང་གཞི་རྩའི་ཐོབ་ཐང་གི་ནང་བཀོད་པ་འདི་ལ་བརྟེན་ནས་བཅའ་ཁྲིམས་འདིའི་རང་བཞིན་ཆོས་སྲིད་ཟུང་འབྲེལ་ཡིན་ནའང༌། ཆོས་ལུགས་རིས་མེད་ཀྱི་གནད་དོན་ལག་ལེན་གྱི་ཐོག་ཚང་བ་བྱུང་ཡོད། འོས་བསྡུ་དང་འོས་གཞིར་ཞུགས་པའི་ཐོབ་ཐང་ཡང་གཞན་དག་དང་མི་འདྲ་བར་གཞི་རྩའི་ཐོབ་ཐང་ནང་ཚུད་ཡོད་པ་མ་ཟད། གཞི་རྩའི་རང་དབང་དང་ཐོབ་ཐང་གཞན་དག་གི་ནང་དེང་དུས་ཡར་ཐོན་ཅན་གྱི་རྒྱལ་ཁབ་མང་པོ་ལ་མེད་པའི་ཐོབ་ཐང་ཁག་ཚུད་ཡོད།

 

ལེའུ་གསུམ་པ་གཞུང་གི་རྩ་བའི་བྱེད་སྒོ་ལམ་སྟོན་གྱི་ནང་དོན་ཚན་བཅོ་ལྔ་པ་བོད་དོན་བདེན་མཐའ་གསལ་ཐབས་དང་བཙན་བྱོལ་བའི་སྤྱི་ཚོགས་བདེ་ཐབས། ་ ་ ་ ་ བཅོ་བརྒྱད་པ་འཕྲོད་བསྟེན་བཅས་ལེའུ་འདིའི་ནང་ཚན་ཁག་བཞིས་བཙན་བྱོལ་གཞུང་གི་བྱེད་སྒོ་ལམ་སྟོན་གྱི་ནང་བོད་དོན་བདེན་མཐའ་གསལ་ཐབས་དང༌། སྤྱི་ཚོགས་བདེ་དོན་གྱི་ལས་འགན་ཞུ་སྒོ་གཙོ་ཆེ་བ་རྣམས་ཀྱི་ལམ་སྟོན་གསལ་པོ་གནང་ཡོད་པ་འདིའི་ཐོག་ནས་འཛིན་སྐྱོང་གི་སྲིད་བྱུས་གཏན་འབེབས་དང་ལས་འཆར་ལག་བསྟར་བྱེད་ཕྱོགས་ཀྱི་ལམ་སྟོན་གསལ་པོ་ཡོད་པ་མ་ཟད། མང་ཚོགས་ཀྱིས་ཀྱང་ཆ་རྐྱེན་འདི་དག་གི་ཐོག་ནས་རང་རང་གི་དགོས་མཁོ་བསྒྲུབ་པའི་ཆེད་དུ་བཙན་བྱོལ་གཞུང་ལ་རེ་འདུན་བཏོན་ཆོག་པ་ཡིན།

ལེའུ་བཞི་པ་གཞུང་གི་འགན་འཛིན་གྱི་ནང་དོན་ཚན་བཅུ་དགུ་པ་འགན་འཛིན་དབང་ཆ། ཉེར་གསུམ་པ་བཀའ་བློན་འོས་འདེམས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་རིམ་ནང་བྱ་རྒྱུ། དོན་ཚན་ཉེར་བཞི་པ་བཀའ་བློན་ཁྲི་པ་དང་བཀའ་ཤག་གི་ཡུན་ཚད། ་ ་ ་ ་ སོ་ལྔ་པ་སྡེ་སྲིད་ཀྱི་ཡུན་ཚད་དང་ཕོགས་ཐོབ་བཅས་ལེའུ་འདིའི་ནང་གསལ་བའི་དོན་ཚན་ཁག་བཅུ་བདུན་ནང་གཞུང་གི་འགནའཛིན་དབང་ཆ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཡོད་པ་དང༌། ྋགོང་ས་མཆོག་རྒྱལ་ཁབ་ཀྱི་དབུ་འཛིན་དང་གཞུང་གི་དབུ་འཛིན་གཉིས་ཀ་ཡིན་པའི་ཆ་ནས་བཅའ་ཁྲིམས་འདིའི་དོན་ཚན་ཁག་གཞིར་བཟུང་དབང་ལུང་ཁྱབ་སྒྱུར་མཛད་རྒྱུ། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་གཞུང་གི་ཆབ་སྲིད་ཀྱི་ལས་དོན་འགན་ཁུར་རྐང་ལེན་བྱེད་པོ་བཀའ་ཤག་དང༌། དེའི་འགོ་འཛིན་བཀའ་བློན་ཁྲི་པ་ཞིག་དགོས་པ། བཀའ་བློན་ཁྲི་པ་དང་བཀའ་བློན་གཞན་གྱི་འོས་འདེམས་བྱེད་ཕྱོགས། དེ་དག་གི་ལས་ཡུན། ལས་དོན་ཞུ་ཕྱོགས་ྋགོང་ས་མཆོག་གིས་རྒྱལ་ཁབ་དང་གཞུང་གི་དབུ་འཛིན་གྱི་མཛད་ཁུར་མ་བཞེས་པའི་གནས་ཚུལ་བྱུང་སྐབས་སྡེ་སྲིད་ལྷན་ཚོགས་ཀྱི་སྒྲིག་འཛུགས་བཟོ་སྟངས་སོགས་གསལ་བ་མ་ཟད། བཀའ་ཤག་གི་འགན་ཁུར་བཀའ་བློན་ཚང་མ་མཉམ་འདུས་ཀྱི་འགན་ཁུར་ཡིན་པ་དང༌། བཀའ་ཤག་གིས་རྒྱུན་དུ་སྤྱི་འཐུས་ལྷན་ཚོགས་ལ་འགན་ཁུར་བའི་ཐོག་ནས་ལས་དོན་སྙན་ཞུ་དང༌། དྲི་བར་ལན་འདེབས་བྱ་དགོས་པ། དགོས་གལ་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་སམ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཀའ་ཤག་ཡོངས་རྫོགས་སམ་བཀའ་བློན་བྱེ་བྲག་པ་འཕོ་འགྱུར་གཏོང་གནང་མཛད་ཕྱོགས་བཅས་ཀྱི་ཆ་རྐྱེན་རྣམས་གསལ་པོར་འཁོད་ཡོད།

ལེའུ་ལྔ་པ་ཁྲིམས་བཟོའི་དབང་འཛིན་ནི་སྤྱི་འཐུས་ལྷན་ཚོགས་ཀྱི་སྐོར་ཡིན་པ་དང༌། ལེའུ་འདིའི་ནང་དོན་ཚན་སོ་དྲུག་པ་ཁྲིམས་བཟོའི་དབང་ཆ། ་ ་ ་ ་ དོན་ཚན་རེ་གཅིག་པ་ཚོགས་དྲུང་ལས་ཁུངས་བཅས་ལེའུ་འདིའི་དོན་ཚན་ཁག་ཉེར་དྲུག་གིས་ཁྲིམས་བཟོའི་དབང་ཆ་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས། སྤྱི་འཐུས་ཀྱི་འོས་ཆོས་དང་ཡུན་ཚད། འཆར་འཕར་གྱི་ཚོགས་འདུ། སྤྱི་འཐུས་རྒྱུན་ལས། ྋགོང་ས་མཆོག་གི་གསུང་བཤད་དང་གསུང་འཕྲིན། བཀའ་བློན་གྲོས་ཚོགས་སུ་ཞུགས་སྟངས། ཚོགས་གཙོ་དང་ཚོགས་གཞོན་གྱི་འོས་འདེམས་དང་ལས་འགན། གྲོས་ཚོགས་ཀྱི་དམིགས་བསལ་ཐོབ་ཐང༌། དམིགས་བསལ་ཚོགས་ཆེན། བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང༌། ཚོགས་དྲུང་ལས་ཁུངས་ཀྱི་སྒྲིག་འཛུགས་སོགས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་དང་འབྲེལ་བའི་གཞི་རྩའི་ཆ་རྐྱེན་ཁག་ཞིབ་གསལ་ཡོད་པ་མ་ཟད། ཁྱད་པར་ཁྲིམས་ཡིག་འཆར་ཟིན་འགོད་ཕྱོགས་དང་གཏན་འབེབས་གནང་ཕྱོགས། དཔལ་འབྱོར་དང་སྔོན་རྩིས་ཀྱི་བཏང་འཛིན་གནང་ཕྱོགས། འཛིན་སྐྱོང་ལ་སྲིད་བྱུས་དང་ལས་འཆར་ལག་བསྟར་བྱེད་ཕྱོགས་ཀྱི་ལམ་སྟོན་དང༌། བཀོད་མངགས། བསྐྱར་ཞིབ་གནང་ཕྱོགས་སོགས་ཀྱི་ཆ་རྐྱེན་ཞིབ་རྒྱས་འཁོད་ཡོད། ལེའུ་འདིའི་དོན་ཚན་ཞེ་དྲུག་པའི་ནང་སྤྱི་འཐུས་ཀྱི་དམིགས་བསལ་ཐོབ་ཐང་དང༌། དོན་ཚན་ང་གསུམ་པའི་ནང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་སྒྲིག་གཞི་སྤྱི་འཐུས་རང་ཉིད་ཀྱིས་གཏན་འབེབས་རྩ་འཛིན་གནང་འཐུས་དང༌། དོན་ཚན་ང་བཞི་པའི་ནང་ཁྲིམས་ཁང་མཐོ་ཤོས་ཀྱི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན། དོན་ཚན་ང་ལྔ་དང་ང་དྲུག་པའི་ནང་ྋགོང་ས་ཆེན་པོས་ཁྲིམས་ཡིག་འཆར་ཟིན་ཕྱིར་སློག་གནང་བར་གྲོས་ཚོགས་ཀྱིས་བསྐྱར་འབུལ་ཞུས་རྗེས་མང་མོས་ཐག་གཅོད་འོས་བསྡུ་བསྩལ་རྒྱུ་ལས་ཐབས་ལམ་གཞན་མེད་པ་དང༌། དོན་ཚན་ང་བརྒྱད་པའི་ནང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་བརྩད་གཅོད་མི་ཆོག་པ་སོགས་ཀྱི་ཆ་རྐྱེན་དང༌། གཞན་ཡང་ལེའུ་བཞི་པའི་དོན་ཚན་སོ་གཅིག་པའི་ནང་གསེས་དང་པོའི་ཁ་པའི་ནང་སྤྱི་འཐུས་རྩ་འབོར་བཞི་ཆ་གསུམ་གྱི་མོས་མཐུན་བྱུང་ན་ྋགོང་ས་མཆོག་གི་འགན་འཛིན་མཛད་ཁུར་རྣམས་སྡེ་སྲིད་ལྷན་ཚོགས་ལ་བསྐུར་དགོས་པའི་ཐག་གཅོད་བྱ་རྒྱུའི་ཆ་རྐྱེན་དང༌། ལེའུ་དྲུག་པའི་དོན་ཚན་རེ་གསུམ་པའི་ནང་གསེས་བཞི་པའི་ནང་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་འཇོག་འཐུས་ཀྱི་ཆ་རྐྱེན་དང་ལེའུ་བརྒྱད་པའི་དོན་ཚན་གོ་དགུ་པའི་ནང་གསེས་དང་པོ་དང༌། ལེའུ་དགུ་པའི་དོན་ཚན་བརྒྱ་དང་ལྔའི་ནང་གསེས་གཉིས་པ། ལེའུ་བཅུ་པའི་དོན་ཚན་བརྒྱ་དང་བཅུ་བཅས་ཀྱི་འོག་འོས་བསྡུ་འགན་འཛིན་དང༌། གཞུང་ཞབས་འདེམས་ལྷན་ཚོགས་གཙོ། རྩིས་ཞིབ་སྤྱི་ཁྱབ་བཅས་འཕོ་འགྱུར་གཏོང་འཐུས་ཀྱི་ཆ་རྐྱེན་འདི་དག་ལ་གཞིགས་ན་གཞུང་གི་འགན་འཛིན་དང༌། ཁྲིམས་བཟོ་ལྷན་ཚོགས། ཁྲིམས་ལུགས་དབང་འཛིན་གསུམ་གྱི་ནང་ནས་དབང་ཚད་མཐོ་ཤོས་དང༌། མཐའ་མའི་ཐག་གཅོད་བྱེད་པོ་སྤྱི་འཐུས་གྲོས་ཚོགས་ཡིན་པ་གསལ་པོར་རྟོགས་ཐུབ།

ལེའུ་དྲུག་པ་ཁྲིམས་ལུགས་དབང་འཛིན་ནི་ཁྲིམས་ཞིབ་ཁང་གི་སྐོར་ཡིན་ཞིང༌། ལེའུ་འདིའི་ནང་དོན་ཚན་རེ་གཉིས་པ་ཆེས་མཐོའི་ཁྲིམས་ཞིབ་ཁང༌། ་ ་ ་ ་ ་བདུན་ཅུ་པ་ཁྲིམས་དོན་ལས་ཁུངས་བཅས་ལེའུ་འདིའི་དོན་ཚན་ཁག་དགུས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྒྲིག་འཛུགས་དང༌། ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་འོས་ཆོས་དང་བསྐོ་གཞག་གནང་ཕྱོགས། བཤེར་དཔང་དང་གཟུ་དཔང་གི་ཆ་རྐྱེན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་དང་རྩ་འཛིན་སྒྲིག་གཞི། ྋགོང་ས་མཆོག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བསམ་འཆར་འབུལ་བཞེས། ཁྲིམས་ཞིབ་ཁང་འོག་མ་ཁག་གི་གནས་བབས། ཁྲིམས་དོན་ལས་ཁུངས་བཅས་ཀྱི་ཆ་རྐྱེན་གཏན་ལ་ཕབ་ཡོད། བོད་མི་རྣམས་བཙན་བྱོལ་དུ་ཡོད་པ་དང༌། གནས་ཡུལ་རྒྱལ་ཁབ་ཏུ་བཙན་བྱོལ་གཞུང་གི་ངོས་ལེན་ཁྲིམས་ཐོག་ནས་གསལ་པོ་མེད་པ་བཅས་ལ་བརྟེན། གཞི་རྩའི་ནག་ཉེས་དང་སྤྱི་ཚོགས་ཀྱི་ཁྲིམས་ཀྱི་ཐོག་གནས་ཡུལ་རྒྱལ་ཁབ་སོ་སོའི་ཡུལ་ཁྲིམས་ཀྱི་འོག་འགྲོ་རྒྱུ་ལས། ཟུར་དུ་ཁྲིམས་གཏུག་ཁྲིམས་བཅད་མི་ཆོག་པ་བཅས་གནས་ཚུལ་དུ་མའི་དབང་གིས་ཁྲིམས་ཁང་Court འཛིན་སྐྱོང་ཆོག་མིན་སྟབས། ཁྲིམས་ཁང་གི་ཚབ་ཏུ་ཁྲིམས་ཞིབ་ཁང་ Justice Commission གི་ཐ་སྙད་སྦྱར་ཞིང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་ལ་བརྟེན་པའི་རྩོད་གླེང་དང༌། གཞུང་གི་འགན་འཛིན་ལས་ཁུངས་སམ་ལས་བྱེད་པའི་ལས་དོན་བྱེད་ཕྱོགས་དྲང་བདེན་བྱུང་མིན། གཞུང་ཞབས་སྲི་ཞུ་བ་རྣམས་ཀྱི་ཁེ་ཕན་རྗེས་འབྲེལ་གྱི་རྩོད་གླེང༌། བོད་མིའི་སྡོད་སྒར་ཁག་གི་ས་ཁང་སོགས་ཀྱི་རྩོད་གླེང་རྣམས་གནས་ཡུལ་རྒྱ་གར་གཞུང་གི་གཟུ་བོའི་ Arbitrationཁྲིམས་གཞིའི་འོག་ཡུལ་ཁྲིམས་དང་མི་འགལ་བར་ཁྲིམས་ཞིབ་དང་ཐག་གཅོད་གནང་རྒྱུའི་ཆ་རྐྱེན་བསྐྲུན་ཡོད། ལེའུ་འདིའི་དོན་ཚན་ཁག་ལ་བརྟེན་ནས་བཙན་བྱོལ་དུ་གནས་རིང་འཛིན་སྐྱོང་དང་ཁྲིམས་བཟོ་ཙམ་མ་ཟད། ཁྲིམས་ལུགས་དབང་འཛིན་གྱི་ཡན་ལག་ཀྱང་ཚང་བར་བྱས་ཏེ། མང་གཙོ་ཀ་བ་གསུམ་ལྡན་ཡོང་ཐབས་གནང་ཡོད། ལྷག་པར་དུ་བོད་མིའི་སྡོད་སྒར་ཁག་དང༌། ཁ་ཐོར་དུ་གནས་པའི་བོད་རིགས་ཉམ་ཐག་འཁོས་ཞན་ཚོའི་བསམ་བློའི་ནང་གཞུང་དང་གཞུང་གི་ལས་བྱེད། གཞན་ཡང་བོད་མི་ནང་ཁུལ་དཔལ་འབྱོར་དང་ཁ་ཤུགས་ཆེ་བ་ཚོས་དྲང་བདེན་མིན་པའི་ཐུབ་ཚོད་གཉའ་གནོན་སོགས་བྱས་པ་བྱུང་ཚེ་རང་གི་བདེན་པ་བདེན་ཐོག་ཏུ་འཁྱོལ་བའི་ཆེད་ཁྲིམས་ཀྱི་མདུན་སར་འདྲ་མཉམ་གྱི་ཐོག་ནས་ཞུ་གཏུག་བྱེད་ས་ཞིག་ཡོད་སྙམ་པའི་བློ་སྤོབས་སྤེལ་བའི་ཆེད་དུ་ཡིན་ཞེས་ྋགོང་ས་མཆོག་གི་བཀའ་སློབ་ཡང་ཡང་ཕེབས་ཡོད་པ་ལྟར། མང་ཚོགས་ཀྱི་ནང་ཁྲིམས་དོན་ལ་ཡིད་ཆེས་སྤེལ་བའི་དགོས་པ་ཆེན་པོ་ཡོད། ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་རྩོད་གླེང་གང་འཚམས་ཞུ་གཏུག་ཐག་ཆོད་ཐུབ་པ་བྱུང་ཡོད། ས་གནས་ཁྲིམས་ཞིབ་ཁང་ཁག་ཏུ་ད་ཕན་ཁ་མཆུ་ཞུ་གཏུག་བྱེད་མཁན་བྱུང་མེད་ཀྱང་མང་གཙོའི་ཆ་རྐྱེན་གྱི་ཡན་ལག་དང༌། དགོས་གལ་བྱུང་ཚེ་ཁྲིམས་གཏུག་ཞུ་ས་ཡོད་པའི་མཐུན་རྐྱེན་དང༌། མང་ཚོགས་ཀྱི་ནང་ཁྲིམས་དང་འབྲེལ་བའི་གོ་རྟོགས་སྤེལ་རྒྱུ་སོགས་ཀྱི་དོན་ཕན་ཡོད་པ་ཡིན།

ལེའུ་བདུན་པ་བོད་མིའི་གནས་ཡུལ་ས་གནས་ཁག་གི་སྒྲིག་འཛུགས་དང་འབྲེལ་བ་ཡིན་ཞིང༌། དོན་ཚན་དོན་གཅིག་པ་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ཏུ་གནས་སྡོད་བོད་མིའི་སྒྲིག་འཛུགས། ་ ་ ་ ་ ་གོ་ལྔ་པ་བོད་མིའི་འདུ་གནས་གསར་ཆགས་བཅས་ལེའུ་འདིའི་ནང་གི་དོན་ཚན་ཁག་ཉེར་ལྔས་བོད་མིའི་གཞིས་སྒར་གྱི་ངོས་འཛིན་དང་ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས་འོས་འདེམས་སམ་བཀོད་བསྒྲིགས་བྱེད་ཕྱོགས། ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས་ཀྱི་ལས་འགན། ས་གནས་འཐུས་མིའི་ཚོགས་འདུའི་གྲུབ་ཆ་དང༌། གྲངས་ཚད། ལས་ཡུན། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། ས་གནས་འཐུས་མིའི་ཚོགས་འདུའི་འོས་བསྡུ་བྱེད་ཕྱོགས་དང་དབང་ཚད། ལས་དོན་བྱེད་ཕྱོགས། ས་གནས་ལོ་འཁོར་སྔོན་རྩིས། ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས་ཚོགས་ཞུགས་བྱེད་སྟངས། ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས་འཕོ་འགྱུར་གཏོང་ཕྱོགས། ས་གནས་འཐུས་ཚོགས་དང་འཐུས་མི་བྱེ་བྲག་པ་འཕོ་འགྱུར་གཏོང་ཕྱོགས། ས་གནས་མཉམ་འབྲེལ་ཁག་གི་བདག་དབང་དང་འཛིན་སྐྱོང༌། ས་གནས་ཁྲིམས་ཞིབ་ཁང༌། བོད་མིའི་འདུ་གནས་གསར་ཆགས་བཅས་ཀྱི་སྐོར་ཆ་རྐྱེན་རྣམས་གསལ་བཀོད་བྱས་ཡོད། ལེའུ་འདིའི་དོན་ཚན་ཁག་ལ་བརྟེན་ནས་བོད་མིའི་འདུ་གནས་ས་གནས་སོ་སོའི་ལས་དོན་རྣམས་ས་གནས་རང་ནས་ཐག་གཅོད་དང་འཛིན་སྐྱོང་བཏང་འཛིན་ཐུབ་པའི་ས་གནས་ཀྱི་རང་སྐྱོང་ཚད་ལྡན་ཡོང་ཐབས་དང༌། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་ཁེ་ཕན་དང་ཉམས་མྱོང་གཞི་རིམ་མང་ཚོགས་ཀྱི་བར་དུ་བསྙེགས་ཐུབ་པ་བཅས་ཀྱི་ཆ་རྐྱེན་བསྐྲུན་ཡོད།

ལེའུ་བརྒྱད་པ་འོས་བསྡུའི་ལས་དོན་དང༌། ལེའུ་དགུ་པ་གཞུང་ཞབས་འདེམས་བསྐོའི་ལས་དོན། ལེའུ་བཅུ་པ་རྩིས་ཞིབ་ཀྱི་ལས་དོན་བཅས་འཛིན་སྐྱོང་གི་བཏང་འཛིན་འོག་མེད་པའི་རང་དབང་ཅན་གྱི་སྡེ་ཚན་གསུམ་གྱི་ལས་དོན་བྱེད་ཕྱོགས་ཀྱི་ཆ་རྐྱེན་བཅའ་ཁྲིམས་ནང་བཀོད་རྒྱུ་མང་གཙོའི་ལམ་སྲོལ་ཚད་ལྡན་ལག་བསྟར་ཡོང་ཐབས་དང་དེ་དག་ལ་སྲུང་སྐྱོབ་ཀྱི་ཆེད་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན།

ལེའུ་བརྒྱད་པ་འོས་བསྡུའི་ལས་དོན་གྱི་དོན་ཚན་གོ་དྲུག་པ་འོས་བསྡུ་ལས་ཁང༌། ་ ་ ་ ་ ་གོ་དགུ་པ་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཡུན་ཚད་བཅས་ལེའུ་འདིའི་ནང་གི་དོན་ཚན་ཁག་བཞིས་རང་དབང་ཅན་གྱི་འོས་བསྡུའི་ལས་དོན་དང་འབྲེལ་བའི་འགན་དབང་དང་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཆ་རྐྱེན་རྣམས་བསྟན་པ་དང༌།

ལེའུ་དགུ་པ་གཞུང་ཞབས་འདེམས་བསྐོའི་ལས་དོན་གྱི་དོན་ཚན་བརྒྱ་ཐམ་པ་གཞུང་ཞབས་འདེམས་བསྐོ་ལྷན་ཁང༌། ་ ་ ་ ་ ་བརྒྱ་དང་ལྔ་འདེམས་བསྐོ་ལྷན་ཁང་གི་ཡུན་ཚད་བཅས་ལེའུ་འདིའི་ནང་གི་དོན་ཚན་ཁག་དྲུག་གིས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་སྒྲིག་འཛུགས་དང་འགན་དབང༌། ལས་དོན་བྱེད་ཕྱོགས། ཡུན་ཚད་སོགས་ཀྱི་ཆ་རྐྱེན་རྣམས་བསྟན་ཡོད།

ལེའུ་བཅུ་པ་རྩིས་ཞིབ་ལས་དོན་གྱི་དོན་ཚན་བརྒྱ་དང་དྲུག་རྩིས་ཞིབ་ལས་ཁང༌། ་ ་ ་ ་བརྒྱ་དང་བཅུ་རྩི་ཞིབ་སྤྱི་ཁྱབ་པའི་ཡུན་ཚད་བཅས་ལེའུ་འདིའི་ནང་གི་དོན་ཚན་ཁག་ལྔས་རྩིས་ཞིབ་ལས་ཁང་གི་སྒྲིག་འཛུགས་དང་འགན་དབང༌། ལས་ཡུན་སོགས་ཀྱི་ཆ་རྐྱེན་རྣམས་བསྟན་ཡོད། རང་དབང་ཅན་གྱི་སྡེ་ཚན་འདི་གསུམ་གྱིས་གྲོས་ཚོགས་དང༌། བཀའ་བློན་ཁྲི་པ། ས་གནས་གྲོས་ཚོགས་སོགས་འོས་བསྡུའི་ལས་དོན་ཁག་རང་དབང་དང་དྲང་བདེན་གྱི་ཐོག་ནས་བྱེད་ཐུབ་པ་དང༌། གཞུང་ཞབས་སྲི་ཞུ་བ་རྣམས་ཀྱི་འདེམས་བསྐོ་དང༌། གནས་སྤར། སྦྱོང་བདར་སོགས་དང་འབྲེལ་བའི་ལས་དོན་རྣམས་འཛིན་སྐྱོང་སོགས་ཀྱི་ཐེ་བྱུས་མེད་པར་རང་དབང་གི་ཐོག་ནས་བྱེད་ཐུབ་པ་ཡོང་ཐབས། རྩིས་ཞིབ་ལས་ཁང་གིས་གཞུང་གི་ལས་ཁུངས་མ་ལག་ཁྱབ་ཁོངས་དང་བཅས་པའི་གཞུང་དངུལ་བྱུང་སོང་ཡོངས་རྫོགས་སྤྱི་འཐུས་ལྷན་ཚོགས་ཀྱི་བཀའ་ཁྲོལ་དང་མཐུན་པར་བཏང་འཛིན་ཚད་ལྡན་བྱུང་ཡོད་མེད་ཀྱི་རྩིས་ཞིབ་བྱས་ཏེ་རྩིས་ཞིབ་སྙན་ཐོ་གྲོས་ཚོགས་སུ་འབུལ་རྒྱུ་བཅས་ཀྱི་ཆ་རྐྱེན་ཡོད།

ལེའུ་བཅུ་གཅིག་པ་བཅའ་ཁྲིམས་བསྐྱར་བཅོས་དང་བར་བརྒལ་གྱི་ཆ་རྐྱེན་སྐོར་ཡིན་ཞིང༌། ལེའུ་འདིའི་དོན་ཚན་བརྒྱ་དང་བཅུ་གཅིག་བཅའ་ཁྲིམས་བསྐྱར་བཅོས། ་ ་ ་ ་བརྒྱ་དང་བཅོ་ལྔ་སྐད་ཡིག་ཚད་འཛིན་བཅས་ལེའུ་འདིའི་དོན་ཚན་ཁག་ལྔས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཆ་རྐྱེན་དང༌། བར་བརྒལ་གྱི་ཆ་རྐྱེན། སྒྲིག་འཛུགས་བསྐྱར་བཅོས་ཀྱི་དུས་ཚིགས། བཅའ་ཁྲིམས་ཀྱི་སྐད་ཡིག་ཚད་འཛིན་གང་ཡིན་བཅས་ཀྱི་ཆ་རྐྱེན་རྣམས་བསྟན་ཏེ་བཅའ་ཁྲིམས་འདིའི་སྒྲོམ་གཞི་དང་ཡན་ལག་ཡོངས་སུ་ཚང་བ་བྱས་ཡོད།