བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཀྱི་ངོ་སྤྲོད་མདོར་བསྡུས།

༄༅།། གངས་ལྗོངས་བོད་ཀྱི་ལྗོངས་སུ་ད་ཕན་ཡོངས་གྲགས་ལོ་རྒྱུས་ལྡན་པའི་མི་ལོ་ཉིས་སྟོང་བརྒལ་བའི་རིང༌། སྔོན་གྱི་ཆོས་རྒྱལ་གོང་མ་རིམ་བྱོན་གྱིས་ལྷ་ཆོས་དགེ་བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་སོགས་གཞི་རྩའི་ཁྲིམས་དང༌། ཞལ་ལྕེ་བཅུ་གསུམ་སོགས་ཉེས་སྤྱོད་འགོག་པའི་ཁྲིམས་སྲོལ་བཟང་པོ། འཇིག་རྟེན་ཁྲིམས་ལུགས་ཀྱི་ལོ་རྒྱུས་སུ་སྔ་བ་དག་བཅའ་བར་མཛད་དེ་བོད་ཡུལ་ཡོངས་ལ་ཁྱབ་པ་དང༌། བོད་སིལ་བུར་གྱུར་པའི་རྗེས་སུ་སླར་ཡང་དུས་རབས་བཅུ་གསུམ་པའི་ནང་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཆོལ་ཁ་གསུམ་ལ་མངའ་དབང་བསྒྱུར་ཏེ། སྤྱི་ཚོགས་དང༌། ཉེས་ཆད། ཆབ་སྲིད་ལས་དོན་སྒྲིག་འཛུགས་བཅས་ཀྱི་ཁྲིམས་ལུགས་སྔར་ཡོད་སླར་གསོ་དང༌། སྔོན་མེད་གསར་བསྐྲུན་གྱིས་བོད་ཀྱི་ཆབ་སྲིད་ཆོས་བཞིན་དུ་བསྐྱངས་ཏེ་བོད་མི་རྣམས་རྒྱལ་ཁབ་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པའི་བདེ་སྐྱིད་ཀྱིས་འཚོ་བ་དང༌། ལྷག་པར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་ལྔ་པ་ཆེན་པོས་བོད་ཀྱི་ཆབ་སྲིད་བདག་གིར་བཞེས་ཏེ་གཞུང་དགའ་ལྡན་ཕོ་བྲང་པ་བཙུགས་པ་ནས་བཟུང་དུས་རབས་ཉི་ཤུ་པའི་འགོ་སྟོད་ཙམ་གྱི་བར་ཆོས་ཀྱི་སློབ་སྟོན་དང༌། མང་ཚོགས་ཀྱི་འདོད་དབང་ལ་གཞི་བཅོལ་བའི་ཆབ་སྲིད་ཀྱི་སྲོལ་བཟང་དུས་རབས་དེ་དང་དེའི་ཤར་ནུབ་ཀྱི་ཡུལ་གྲུ་གཞན་གྱི་སྲིད་ལུགས་ལས་ཁྱད་པར་དུ་འཕགས་པའི་ཁྲིམས་ལུགས་ཀྱི་ལམ་སྲོལ་སྐྱོང་བར་མཛད་པ་དེ་ལྟ་ནའང༌། བར་སྐབས་ཤིག་ནས་མཐའ་བཞིའི་ཡུལ་གྲུ་ཀུན་ཏུ་སྤྱི་ཚོགས་དང་དུས་ཀྱི་འགྱུར་འགྲོས་ཧ་ཅང་ཆེན་པོ་ཕྱིན་པ་དང་མཉམ་བགྲོད་མ་ཐུབ་པ་ལྟ་བུས་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐུ་དུས་ནས་བོད་ཀྱི་ཆབ་སྲིད་ཀྱི་ལམ་སྲོལ་ལ་ལེགས་བཅོས་འགྱུར་བ་རླབས་ཆེ་ཞིག་གཏོང་དགོས་གཟིགས་ཏེ་ཕྱག་བཞེས་རིམ་བསྟར་མཛད་ཀྱང་ཕྱི་ནང་གི་འགོག་རྐྱེན་དུ་མའི་དབང་གིས་དགོངས་བཞེད་ལྟར་མ་འགྲུབ་པ་དང༌། དུས་རབས་འདིའི་བཅུ་ཕྲག་བཞི་པའི་མཇུག་ནས་བོད་ཤར་ཕྱོགས་མདོ་སྟོད་སྨད་ཁུལ་དུ་ཕྱི་རྒྱལ་བཙན་འཛུལ་བའི་དྲག་ཤུགས་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་པའི་སྐབས་བོད་ལྗོངས་ལྷ་མི་ཡོངས་ཀྱིས་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོར་ཆབ་སྲིད་ཀྱི་མཛད་འགན་བཞེས་དགོས་གསོལ་བ་བཏབ་པ་ལྟར་ཆབ་སྲིད་དབང་ལུང་བདག་གིར་བཞེས་པ་ནས་བཟུང་བོད་གཞུང་གི་གནས་སྟངས་ལ་དུས་རབས་ཉི་ཤུ་པའི་འཛམ་གླིང་གི་འགྲོ་ལུགས་ལ་གཞིགས་པའི་བསྒྱུར་བཀོད་དགོས་ངེས་བཏང་སྟེ་འདེམས་བསྐོས་མི་མང་སྤྱི་འཐུས་ནས་གཞུང་གི་ལས་དོན་འཛིན་སྐྱོང་ནུས་ཤུགས་ཐོན་པ་ཞིག་ཡོང་བ་མཛད་རྒྱུར་ཐུགས་ཐག་བཅད་གནང་མཛད་ཀྱང༌། རྒྱ་དམར་བཙན་འཛུལ་བའི་དབང་ཤེད་ཀྱིས་བཞེད་དགོངས་ཇི་བཞིན་ཕྱག་ལེན་དུ་འཁེལ་ཐབས་མ་བྱུང་བའི་མུར། ཕྱི་ལོ་༡༩༥༩ ལོར་གཞུང་འབངས་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་ནས་བཟུང་སྔོན་གྱི་ཐུགས་བསྐྱེད་ཇི་མཛད་ལྟར་ཕྱི་ལོ་༡༩༦༠ ལོ་འགོ་དེ་རང་ནས་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་སླད་མང་ཚོགས་ཀྱི་སྤྱི་འཐུས་འདེམས་དགོས་བཀའ་ཕེབས་ཏེ་ཕྱི་ལོ་༡༩༦༠ ཕྱི་ཟླ་༩ ཚེས་༢ ཉིན་སྐབས་དང་པོའི་སྤྱི་འཐུས་གསར་འཛུགས་དང༌། ཕྱི་ལོ་༡༩༦༡ ཕྱི་ཟླ་༡༠ ཚེས་༡༠ ཉིན་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དེང་རབས་ཀྱི་མང་གཙོའི་ལམ་སྲོལ་གྱི་གནད་དོན་ཐམས་ཅད་ཚང་བ་ཞིག་གསལ་བསྒྲགས་མཛད་པ་དང༌། ཕྱི་ལོ་༡༩༦༣ ཕྱི་ཟླ་༣ ཚེས་༡༠ ཉིན་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་རྒྱས་པ་ལེའུ་བཅུ་དང༌། དོན་ཚན་དོན་བདུན་ཅན་དེ་བཞིན་གསལ་བསྒྲགས་བསྐྱངས་པ་དང་ཆབས་ཅིག་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་ཁུར་འོག་གཞུང་གི་སྒྲིག་འཛུགས་དང༌། ལས་བྱེད་པའི་བཀོད་བསྒྲིགས་བསྐྱར་བཅོས་གནང༌། ཕྱི་ལོ་༡༩༦༤ ལོར་བོད་མིའི་སྡོད་སྒར་ཆེ་ཁག་གི་འགན་འཛིན་ལས་ཁུངས་ནང་ས་ཁུལ་དེ་གའི་མང་ཚོགས་ནས་ཐད་ཀར་འོས་བསྡུ་བྱས་པའི་སྒར་འཐུས་ཞེས་ས་གནས་དེའི་ལས་དོན་ཐོག་ལྟ་རྟོག་འགན་ཁུར་བྱེད་རྒྱུའི་ལམ་སྲོལ་གསར་གཏོད་མཛད། ཕྱི་ལོ་༡༩༦༥ ལོར་གཞུང་ཞབས་རྣམས་ཀྱི་གོ་མིང་རྙིང་པ་ཕྱིར་བསྡུ་དང༌། སྤྱི་འཐུས་ནས་མང་གཙོའི་གཞུང་གི་ལས་བྱེད་བཀོད་བསྒྲིགས་དང༌། གོ་མིང་གནས་རིམ་གསར་བཟོ་མཛད། ཕྱི་ལོ་༡༩༦༩ ལོར་བཙན་བྱོལ་གཞུང་མང་གི་ལས་དོན་ཆེ་ཕྲ་མཐའ་དག་ཐོག་དགེ་འདོན་སྐྱོན་སེལ་གྱི་བསམ་ཞིབ་གྲོས་བསྡུར་ཆེད། སྤྱི་འཐུས་ལྷན་ཚོགས་ཀྱི་གཙོ་སྐྱོང་འོག་དབུས་དང་ཕྱོགས་མཐའི་ལས་བྱེད་རྣམས་དང༌། བོད་མིའི་གནས་ཡུལ་ས་གནས་སོ་སོའི་མི་མང་གི་འཐུས་མི་བཅས་ཡོད་པ་ཚོགས་ཆེན་རྒྱས་པ་རེ་ལོ་ལྟར་ཚོགས་རྒྱུའི་གཏན་འབེབས་མཛད།

ཕྱི་ལོ་༡༩༧༥ ལོར་བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་དང་བཅས་པའི་ལོ་རེའི་དགོས་དངུལ་སྔོན་རྩིས་ཀྱི་བཏང་འཛིན་དང༌། བཀའ་ཁྲོལ་ཐག་གཅོད་ཆ་ཚང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བྱེད་རྒྱུའི་གཏན་འབེབས་མཛད། ཕྱི་ལོ་༡༩༨༦ ལོར་བཀའ་ཤག་ལ་བཀའ་སློབ་ཕེབས་དགོངས་སུ། ནམ་ཞིག་ྋརྒྱལ་བ་རིན་པོ་ཆེ་མེད་པའི་དུས་སྐབས་ཤིག་ཡོང་རྒྱུར་བརྟེན། དེ་སྐབས་བོད་མིའི་ཆབ་སྲིད་ཀྱི་འཛིན་སྐྱོང་ཐུབ་ཐབས་ད་ལྟ་ནས་གྲ་སྒྲིག་དགོས་པ་དང༌། བཀའ་ཤག་ཐད་ཀར་འོས་བསྡུ་བྱེད་པ་དང༌། ཡང་ན་སྲིད་དོན་ཚོགས་པས་གཞུང་སྲིད་འཛིན་རྒྱུ་བྱེད་ན་དགེ་མཚན་ཡོད་མེད་གོ་བསྡུར་དགོས་པའི་བཀའ་ཕེབས་པ་ལྟར་སྤྱི་འཐུས་ལྷན་ཚོགས་ཀྱིས་དབུས་བཞུགས་སྒར་དུ་བཅའ་སྡོད་གཞུང་ཞབས་ཡོངས་རྫོགས་བཅས་ནས་བསམ་ཞིབ་གྲོས་བསྡུར་ཞིབ་ནན་ཞུས་པའི་བསམ་ཤོག་ཏུ་སྔར་མུས་ྋགོང་ས་མཆོག་གིས་ཐུགས་འགན་གཙང་བཞེས་ཡོང་བའི་གསོལ་འདེབས་སྙན་གསན་ཞུས་པ་དང༌། ཕྱི་ལོ་༡༩༨༨ ལོར་སྐབས་བཅུ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་མཇལ་སྐབས་བཀའ་སློབ་ཕེབས་པའི་དགོངས་དོན་ཁག་གཅིག་ལ་མ་འོངས་པར་བོད་ནང་མང་གཙོའི་གཞུང་ཞིག་འཛུགས་པའི་སྐབས་ྋགོང་ས་ཆེན་པོ་མཆོག་ནས་མཛད་ཁུར་བཞེས་རྒྱུ་མིན་ཞེས་སྔོན་དུ་བཀའ་བསྩལ་གྲུབ་པ་ལྟར། བོད་མི་ཚོས་མང་གཙོའི་གོ་དོན་གསལ་རྟོགས་ཐུབ་པ་དང༌། མང་ཚོགས་ནས་སྤྱི་གཞུང་གི་འགན་ཁུར་ནུས་ཤུགས་ཆེ་རུ་གཏོང་ཐབས་བྱེད་དགོས།

སྤྱི་འཐུས་རྣམས་མི་མང་གིས་འོས་བསྡུ་འདེམས་ཐོན་ལ་གཏན་འཁེལ་བྱས་པ་ལས་སྔར་ལམ་ཕྱག་རྟགས་མ་དགོས་པ་དང༌། གཞིས་སྒར་ཁག་གི་འགོ་འཛིན་ཡང་ས་གནས་དེ་གའི་མང་ཚོགས་ནས་འདེམས་བསྐོ་བྱ་རྒྱུ། དེ་བཞིན་བཀའ་བློན་གྱི་ལས་རྒྱུན་ལོ་ལྔ་རེ་རྫོགས་མཚམས་མུ་མཐུད་ལས་ཁུར་ཐོག་བསྐོ་གཞག་འོས་མིན་སྤྱི་འཐུས་ལྷན་ཚོགས་སུ་བཀའ་བསྡུར་གྱིས་དགེ་སྐྱོན་བསམ་འཆར་ཇི་བྱུང་ལ་ཕྱག་ལེན་བསྟར་རྒྱུས་མཚོན་མང་གཙོའི་རྣམ་པ་ཇེ་ཆེར་གཏོང་དགོས་པ་སོགས་གཞིས་བྱེས་བོད་མི་ཡོངས་ལ་མང་གཙོའི་ལམ་སྲོལ་ཡང་དག་གི་ནང་བསྐྱོད་རྒྱུའི་ལམ་སྟོན་བླ་མེད་ཡང་ནས་ཡང་དུ་མཛད་པ་དེ་ལྟ་ནའང༌། གཅིག་ཏུ་བོད་མི་མང་ཚོགས་ཀྱི་བསམ་བློ་དང་ཤེས་ཡོན་དགོས་ངེས་གནས་ཚད་མ་ལོངས་པ་དང༌། གཉིས་སུ་རྒྱལ་སྤྱིའི་ནང་བོད་མིའི་སྲིད་དོན་གྱི་གནས་སྟངས་ཀྱི་དབང་གིས་གསལ་བསྒྲགས་རྩ་ཁྲིམས་ཟིན་བྲིས་དང༌། བཀའ་སློབ་སྔ་རྗེས་རིམ་ཕེབས་ཀྱི་དགོངས་དོན་ཆ་ཚང་བ་ཞིག་ལག་ལེན་འཁེལ་མ་ཐུབ་རུང༌། གནས་དུས་དང་འཚམས་པའི་གང་ཐུབ་ལག་བསྟར་ཞུ་རྒྱུའི་འབད་རྩོལ་དང་ཆབས་ཅིག་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྤྱི་འཐུས་སྐབས་བཅུའི་རིང་སྒྲིག་འཛུགས་བསྐྱར་བཅོས་དང༌། མང་གཙོའི་ལྟ་སྤྱོད་གོང་འཕེལ་གཏོང་ཐབས་གང་ཡོང་ཞུས་ཡོད་ནའང༌། གཞིས་བྱེས་བོད་མི་ཡོངས་ཀྱི་སེམས་གཏིང་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐད་ཀའི་དབུ་ཁྲིད་ལམ་སྟོན་འོག་ཤར་བསྐྱོད་ཞུ་རྒྱུ་ལས་ལྷག་པའི་བོད་རྒྱལ་ཁབ་དང༌། སྤྱི་ཚོགས་ལ་ཁེ་ཕན་ཆེ་བའི་ཐབས་ལམ་གཞན་ཞིག་བསྟེན་རྒྱུ་བློས་མི་འཁྱུད་པ་མ་ཟད། ནུབ་ཕྱོགས་པའི་མང་གཙོའི་ལམ་སྲོལ་ཇི་བཞིན་དཔར་བཀབ་ལད་མོ་བྱ་རྒྱུའང་འཕྲལ་ཕུགས་བོད་མིའི་དགོས་མཁོ་དང་འཚམས་མིན་སོམ་ཉིའི་གནས་སུ་གྱུར་པར་བརྟེན། ྋགོང་ས་ཆེན་པོའི་བཀའ་སློབ་སྔ་རྗེས་ཀྱི་གསུང་གི་ཚིག་ཟིན་དང་མཐུན་པའི་མང་གཙོའི་ལམ་སྲོལ་ཐོག་གོམ་རླབས་མདུན་བསྐྱོད་མ་ཐུབ་པར་དུས་ཡུན་གང་འཚམས་སོང་བ་ན། སླར་ཡང་ཕྱི་ལོ་༡༩༨༨ ལོར་གནས་མཆོག་ཝཱརཱཎསིའར་ཆོས་ཚོགས་སྐབས་བཞི་པའི་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ངོས་ནས་མ་འོངས་བོད་ཀྱི་རང་དབང་སྔར་སོར་ཆུད་མཚམས་ཆབ་སྲིད་ཀྱི་མཛད་འགན་སྐྱོང་བཞེས་མཛད་ཀྱི་མིན་ཞེས་ཕེབས་པ་དང༌། ཕྱི་ལོ་༡༩༨༩ ལོར་སྲི་ཞུའི་ཚོགས་ཆེན་ཐེངས་༡༦ པའི་སྐབས་ད་ཆ་ྋརྒྱལ་བ་རིན་པོ་ཆེས་འགོ་ཁྲིད་མ་དགོས་པར་འགོ་ཁྲིད་མཁན་དེ་མང་གཙོའི་མཚན་ཉིད་ཚང་བའི་འོས་བསྡུའི་ལམ་ནས་ཡོང་རྒྱུ་ཡོད་པ་ཞིག་དང༌། ད་ཡོད་ལམ་སྲོལ་ལ་ད་དུང་མང་གཙོའི་རྣམ་པ་གསལ་བར་མཚོན་པའི་བསྒྱུར་བཅོས་དགོས་རྒྱུ། རྩ་ཁྲིམས་བཟོ་འགོད་ཚོགས་ཆུང་ཟུར་འཛུགས་དགོས་ཞེས་སོགས་ཀྱི་བཀའ་སློབ་ནན་ཆེ་ཕེབས་པར། ཚོགས་འདུ་བ་ཚང་མས་བསམ་ཞིབ་གྲོས་བསྡུར་ཞུས་དོན། མགོན་པོ་མཆོག་ཉིད་ནི། བདག་ཅག་བོད་འབངས་ཡོངས་ཀྱི་ལྟ་བའི་མིག་དང༌། ཁོག་པའི་སྙིང༌། མགོན་དང་སྐྱབས། བོད་བསྟན་སྲིད་མི་རིགས་དང་བཅས་པའི་བླ་སྲོག་ཉག་གཅིག་ཡིན་པ་མ་ཟད། གཞིས་བྱེས་བོད་མི་ཡོངས་རྫོགས་ཀྱིས་སྙིང་ཁོང་རུས་པའི་གཏིང་ནས་གུས་བཀུར་བརྩི་མཐོང་དང༌། རེ་ལྟོས་ཡིད་ཆེས་བླ་མེད་དུ་ཞུ་བཞིན་པ་ཡོངས་གྲགས་འདི་ལྟ་བུ་དེང་འཛམ་གླིང་ནང་མང་གཙོར་ཁས་འཆེ་བའི་འགོ་ཁྲིད་སུ་ཞིག་ལའང་དེ་ལྟའི་ཁྱད་ཆོས་ཡེ་ནས་མེད་པའི་ཚུལ་འདིས་མང་གཙོ་ཡང་དག་པའི་ངོ་བོ་མཚོན་ནུས་པ་མ་ཟད། གཞན་ལས་ལྷག་པའི་མང་པོས་བཀུར་བ་དངོས་མཐོང་གཟུགས་གྲུབ་ལ་བརྟེན། མཛད་ཁུར་མི་བཞེས་པའི་དགོངས་པ་སྐད་ཅིག་ཀྱང་མི་བཞེས་པའི་ཐོག་ཚོགས་ཆུང་ཟུར་འཛུགས་མ་དགོས་པ་དང༌། དེ་མིན་བཀའ་སློབ་དགོངས་དོན་ཁག་རང་དོན་རང་གཅེས་སྤང་བླང་ཚུལ་བཞིན་ཞུ་ཆོག་པ་ཞེས་གསོལ་འདེབས་གཏན་ཚིགས་ཆེན་མོ་འབུལ་ལམ་ཞུས་པ་དང༌། ཡང་བསྐྱར་བཀའ་ཤག་ལ་ྋགོང་ས་མཆོག་ནས་ལེགས་ཆའི་བསྒྱུར་བཅོས་གཏོང་འོས་ཇི་ཡོད་སྐོར་མུ་མཐུད་གྲོས་བསྡུར་དགོས་ལུགས་ཕེབས་པ་ལྟར། དེ་ལོའི་ཕྱི་ཟླ་༨ ཚེས་༢༩ ནས་མི་མང་སྤྱི་འཐུས་རྣམས་དང༌། གཞུང་ཞབས་ལས་བྱེད། ཚོགས་པ་ཁག གསར་འབྱོར་གྱི་འཐུས་མི་བཅས་ཚོགས་མི་༢༣༠ ནས་བགྲོ་གླེང་ཞིབ་བསྡུར་ཞུས་རྗེས་ྋགོང་ས་མཆོག་ལ་སྙན་གསན་དང་འབྲེལ་བཙན་བྱོལ་བོད་མི་ཡོངས་དང༌། བོད་ནང་དུའང་འབྲེལ་ལམ་ཐུབ་ཚད་ལ། ༡། ད་ཡོད་གཞུང་གི་སྒྲིག་སྲོལ་ནང་སྲིད་བློན་བསྐོ་དགོས་དང་མི་དགོས། ༢། བཀའ་བློན་རྣམས་སྔར་ལམ་བཞིན་ྋགོང་ས་མཆོག་གིས་བསྐོ་གཞག་གནང་དང༌། འོས་བསྡུ་བྱེད་པ་ཇི་ལེགས། ༣། སྲིད་དོན་ཚོགས་པས་གཞུང་སྲིད་འཛིན་སྐྱོང་བྱ་རྒྱུའི་ལམ་སྲོལ་བཟོ་འོས་ཡོད་མེད། ༤། སྤྱི་འཐུས་ཀྱི་ལས་འགན་དང་གྲངས་འབོར་སོགས་ལ་སྣོན་འཕྲི་བསྒྱུར་བཅོས་གནང་འོས་ཡོད་མེད་བཅས་དང༌། གཞན་ཡང་མང་གཙོའི་རྣམ་པ་སྔར་བས་གསལ་པོར་མཚོན་ཐབས་ཀྱི་སྐོར་ལ་བསམ་འཆར་བསྡུ་སླད་གསལ་བསྒྲགས་བསྐྱངས་པ་ལྟར། བསམ་ཤོག་ཁག་༢༨༧ ཕུལ་འབྱོར་བྱུང་བ་རྣམས་ཕྱོགས་བསྡོམས་ཀྱིས་སྙན་གསན་ཞུས་པ་དང༌། སླར་ཡང་ཕྱི་ལོ་༡༩༩༠ ཕྱི་ཟླ་༥ པའི་ནང་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་ཐོག་སྔར་ལམ་བཀའ་ཤག་ྋགོང་ས་མཆོག་ནས་བསྐོ་གཞག་གནང་སྲོལ་དང༌། སྤྱི་འཐུས་འོས་འདེམས་ལ་ཕྱག་རྟགས་གནང་སྲོལ་མཚམས་འཇོག་གནང་སྟེ། སྐབས་དེའི་བཀའ་ཤག་གསར་པ་དམིགས་བསལ་ཚོགས་ཆེན་གྱི་ཚོགས་མི་རྣམས་ནས་འོས་འདེམས་ཞུ་དགོས་པ་དང༌། སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་རྒྱ་བསྐྱེད་ཐོག་འོས་བསྡུ་ཁོ་ནའི་ལམ་ནས་ཡོང་དགོས་པ་བཅས་ཀྱི་ཐུགས་ཐག་གཙང་བཅད་བཀའ་ལྕི་བཟློག་མེད་ཕེབས་པ་མ་ཟད། རྩ་ཁྲིམས་བསྐྱར་ཞིབ་ཚོགས་ཆུང་ཐད་བསྐོས་གནང་བ་དང་འབྲེལ་ཚོགས་མི་རྣམས་ལ་གནས་སྐབས་བཙན་བྱོལ་དུ་གནས་རིང་ཆབ་སྲིད་ཀྱི་གཞི་རྟེན་མང་གཙོའི་མཚན་ཉིད་ཚང་བའི་བཅའ་ཁྲིམས་དང༌། འབྱུང་འགྱུར་བོད་ཀྱི་མང་གཙོའི་རྩ་ཁྲིམས་ཀྱི་ཟིན་བྲིས་སྔོན་ཡོད་ལ་བསྐྱར་བཅོས་ཞུ་དགོས་དང༌། དེ་ཡང་བཙན་བྱོལ་དུ་གནས་རིང་བོད་མིའི་དངོས་ཡོད་ཀྱི་གནས་ཚུལ་དང་བསྟུན་ཏེ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་རྒྱལ་ཁབ་དང་སྲིད་གཞུང་གི་དབུ་ཁྲིད་འགན་དབང་མ་བཞེས་མཐུ་མེད་ལ་བརྟེན་དེ་དོན་མཛད་ཁུར་བཞེས་འཐུས་ཀྱང༌། མཛད་འགན་དེ་དག་བཅའ་ཁྲིམས་ཀྱི་ཆ་རྐྱེན་ངེས་གསལ་འོག་འཁོད་པ་བྱ་དགོས་དང༌། མ་འོངས་བོད་ཀྱི་བདེན་མཐའ་གསལ་མཚམས་ཡུལ་མིའི་རྒྱལ་ཁབ་མཚན་ཉིད་ཚང་བ་ཞིག་བྱ་དགོས་ལ། ཡུལ་དང་སྲིད་གཞུང་གི་དབུ་ཁྲིད་ཆ་ཚང་མང་མོས་འོས་འདེམས་བྱ་དགོས་ལས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཚན་གནས་རྗེས་འབྲེལ་གྱི་ཆབ་སྲིད་དབང་ལུང་བསྐྱང་རྒྱུ་མིན་པའི་ཐུགས་ཐག་བཅད་ཟིན་པ་ལྟར། ཆབ་སྲིད་ཀྱི་ཡན་ལག་གང་གི་ནང་དུའང་ྋགོང་ས་ཆེན་པོར་མཚན་གནས་རྗེས་འབྲེལ་གྱི་མཛད་འགན་མེད་པའི་མ་འོངས་བོད་ཀྱི་རྩ་ཁྲིམས་ཀྱི་འཆར་ཟིན་བཟོ་འགོད་དགོས་པའི་བཀའ་ལྕི་སྤྱི་ཕེབས་ཀྱི་དགོངས་དོན་ལྟར། ད་ལམ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འཆར་ཟིན་འདི་བཞིན་རྩ་ཁྲིམས་ཟིན་བྲིས་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་ཚང་མས་རང་ནུས་གང་ཡོད་ཀྱིས་བསམ་ཞིབ་མོས་བསྡུར་དང༌། མཁས་དབང་ཉམས་མྱོང་ཅན་མང་པོར་སློབ་སྟོན་ཞུས་ཤིང༌། ཕྱི་ནང་གི་ཁྲིམས་དོན་ལ་མཁས་པ་འགའ་ཤས་ནས་དྭང་བླངས་ཀྱིས་མཐུན་འགྱུར་བྱུང་བ་བཅས་ལ་བརྟེན་ཏེ་སྤྱི་འཐུས་སྐབས་བཅིུག་པའི་དགོངས་པའི་དཔྱད་གཞིའི་ས་བོན་གྱི་ཆེད་དུ་བསྒྲིགས་བཀོད་ཞུས་པ་ལགས།

གཞི་རྩའི་ལྟ་བ།

འཇིག་རྟེན་འདིར་ཆབ་སྲིད་ཀྱི་ལྟ་བ་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་ལྟོས་ས་ལྟོས་འཇོག་གི་ལེགས་ཉེས་ཙམ་ལས་སྐྱོན་གྱི་ཆ་ཐམས་ཅད་དང་བྲལ་བ་ཞིག་མེད་མོད། འོན་ཀྱང་སྐྱེ་འགྲོ་རྣམས་ཀྱི་ཚེ་འདིའི་བདེ་སྐྱིད་ཕྲན་ཚེགས་ནས་བཟུང་སྡུག་བསྔལ་རྒྱུ་བཅས་ཟད་པའི་ཐར་པ་མཆོག་གི་བར་སྐྱེ་རྒུའི་ལེགས་ཚོགས་ཀྱི་གཞི་རྩ་ཉག་གཅིག་ནི་གང་ཟག་བྱེ་བྲག་པ་སོ་སོའི་སྒོ་གསུམ་གྱི་རང་དབང་དང༌། ཕན་ཚུན་འཚེ་མེད་ཞི་བདེར་འཚོ་བའི་བྱམས་བརྩེའི་གཞི་རྩ་ལ་ཐུག་པ་ནི་སྨོས་མེད་དང༌། དེའི་སླད་སྤྱི་ཚོགས་ཀྱི་ཐག་གཅོད་མང་མོས་ལ་བརྟེན་པའི་མང་གཙོའི་ལམ་སྲོལ་འདི་ཉིད་དུས་སྐབས་འདིར་ལེགས་ཤོས་སུ་སྣང་བས། རིས་མེད་ཆོས་ལུགས་རྣམས་ཀྱིས་བསྟན་པའི་འཚེ་མེད་བྱམས་བརྩེའི་ལམ་དང༌། འདྲ་མཉམ་དང་རང་དབང་ལ་བརྟེན་པའི་མང་གཙོའི་སྲིད་ལུགས་ཀྱི་གྲུབ་མཐའ་དེ་བཅའ་ཁྲིམས་འདིའི་གཞི་རྩའི་ལྟ་བར་བཟུང་ཡོད།

སྐབས་བབ་ཀྱི་ལུང་ཁུངས།

ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་སློབ་སྔ་རྗེས་སྤྱི་དང༌། ཁྱད་པར་ཕྱི་ལོ་༡༩༦༣ ལོར་བསྩལ་བའི་མང་གཙོའི་རྩ་ཁྲིམས་ཟིན་བྲིས། ཕྱི་ལོ་༡༩༨༧ ལོར་ཨ་རིའི་གྲོས་ཚོགས་སུ་བསྩལ་བའི་ཞི་བའི་དོན་ཚན་ལྔ༌། ཕྱི་ལོ་༡༩༨༨ ལོར་ཡུ་རོབ་གྲོས་ཚོགས་སུ་བསྩལ་བའི་གསུང་བཤད་ནང་གི་མང་གཙོའི་ལམ་སྲོལ་སྐོར། ཕྱི་ལོ་༡༩༨༩ ལོར་སྲི་ཞུའི་ཚོགས་ཆེན་ཐེངས་༡༦ པར་བསྩལ་བའི་བཀའ་སློབ། ཕྱི་ལོ་༡༩༩༠ ལོར་དམིགས་བསལ་ཚོགས་ཆེན་དུ་བསྩལ་བའི་བཀའ་སློབ་དང༌། ཚོགས་ཆེན་དེའི་གྲོས་ཆོད་བཅས་བཅའ་ཁྲིམས་འདིའི་གཞི་བཅོལ་སའི་ཡིག་ཆ་ཁག་ཡིན། བཀའ་བློན་འོས་འདེམས་བྱེད་སྒོ་དང༌། སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་སོགས་བཀའ་སློབ་དང་གྲོས་ཆོད་དུ་གསལ་ཁ་ཡོད་རིགས་བསྒྱུར་བཅོས་མེད་པར་བཅའ་ཁྲིམས་འདིའི་ནང་རང་སོར་བཞག་ཡོད་ཅིང༌། དེ་མིན་ཆ་རྐྱེན་གཞན་དག་མང་གཙོའི་ལམ་སྲོལ་སྤྱི་ཡོངས་ལྟར་བཀོད་ཡོད།

བཅའ་ཁྲིམས་ཀྱི་ཁྱད་གནད།

བཅའ་ཁྲིམས་འདིའི་ནང་འཚེ་མེད་ཞི་བདེ་དང༌། རང་དབང་མང་གཙོའི་ཆབ་སྲིད་ཀྱི་རང་བཞིན་ལ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང༌། བོད་མིའི་བསམ་སྤྱོད་དང༌། དངོས་པོའི་ཁེ་ཕན་ཡར་རྒྱས་གཏོང་རྒྱུའི་ལས་འགན་དེ་གཞུང་གི་རྩ་དོན་དུ་བཟུང་བའི་ཐོག བཙན་བྱོལ་དུ་གནས་རིང་ལག་ལེན་དོན་འཁེལ་ཐུབ་ངེས་ཀྱི་གཞི་རྩའི་ཐོབ་ཐང་དང༌། ལས་འགན་ཁག་གསལ་བཀོད་དང༌། བོད་དོན་བདེན་མཐའ་གསལ་ཐབས། གཞིས་ལུས་བོད་མིའི་བདེ་སྐྱིད་དང༌། བཙན་བྱོལ་བའི་སྤྱི་ཚོགས་ནང་ཆབ་སྲིད་དང༌། དཔལ་འབྱོར། སྤྱི་ཚོགས་ཀྱི་ཁེ་ཕན་གཞན་དག་བཅས་འདྲ་མཉམ་དང༌། ཕན་ཚུན་ཤུགས་གནོན་མི་འབྱུང་བར་གནས་ཐབས་དང༌། དེའི་ཆེད་དུ་ཤེས་ཡོན་དང༌། རིག་གཞུང༌། འཕྲོད་བསྟེན་བཅས་ཀྱི་མཐུན་རྐྱེན་ཚུལ་བཞིན་དུ་སྒྲུབ་ཐབས་བཅས་གཞུང་གི་རྩ་བའི་བྱེད་སྒོ་ལམ་སྟོན་དུ་ལེའུ་དང་པོ་དང༌། གཉིས་པ། གསུམ་པ་བཅས་སུ་གསལ་ཡོད། མང་གཙོའི་གཞི་རྩའི་ལམ་སྲོལ་ལྟར་དབང་ཚད་ཀྱི་དབྱེ་འབྱེད་དང་ཆ་བགོས་ཚད་ལྡན་བྱས་ཏེ་གཞུང་གི་འགན་འཛིན་དང༌། ཁྲིམས་བཟོའི་དབང་འཛིན། ཁྲིམས་ལུགས་དབང་འཛིན་བཅས་ལེའུ་བཞི་པ་དང༌། ལྔ་པ། དྲུག་པ་བཅས་ཀྱི་ནང་སྡེ་ཚན་འདྲེས་མེད་དུ་བཀོད་ཡོད།

ྋགོང་ས་ཆེན་པོས་སྤྱི་འཐུས་འདེམས་ཐོན་ལ་མཐའ་མའི་ཕྱག་རྟགས་དང༌། བཀའ་བློན་བསྐོ་གཞག་གནང་སྲོལ་མཚམས་འཇོག་མཛད་དེ་མང་ཚོགས་ལ་རང་སྲིད་རང་སྐྱོང་དགོས་པའི་བཀའ་ཁྱབ་དང་འབྲེལ་བོད་ཀྱི་མངའ་དབང་བོད་མི་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྤྱི་འཐུས་ལྷན་ཚོགས་བརྒྱུད་ལག་ལེན་བསྟར་རྒྱུ་བཅའ་ཁྲིམས་སུ་འཁོད་དགོས་ཕེབས་པ་བཞིན། ཆབ་སྲིད་ཀྱི་ལས་དོན་ཡོངས་རྫོགས་ཀྱི་མཐའ་མའི་ཐག་གཅོད་ཀྱི་དབང་ཚད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཁྲིམས་བཟོའི་དབང་ཚད་ཀྱི་ཆ་རྐྱེན་འོག་ཡོད་པ་དང༌། དེ་ལའང་ཚུལ་ལྡན་གྱི་བཏང་འཛིན་དང་ཆ་སྙོམ་ཡོང་ཐབས་སུ་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་ཡིག་འཆར་ཟིན་ལ་ྋགོང་ས་ཆེན་པོའི་ཆོག་མཆན་ཞུ་དགོས་པ་དང༌། ྋགོང་ས་མཆོག་གི་དགོངས་འཆར་གསུང་འཕྲིན་ལ་སྤྱི་འཐུས་ནས་འོས་བབ་ཀྱི་བསམ་ཞིབ་ཞུ་དགོས་བཅས་ཀྱི་ཆ་རྐྱེན་བཀོད་ཡོད། ྋགོང་ས་མཆོག་གི་དགོངས་འཆར་གསུང་འཕྲིན་ལ་སྤྱི་འཐུས་ཀྱིས་མོས་མཐུན་མ་ཞུས་ཚེ་མང་ཚོགས་ལ་མང་མོས་ཐག་གཅོད་འོས་བསྡུ་གནང་རྒྱུ་ལས་ཨ་རིའི་ལམ་སྲོལ་ལྟ་བུའི་ཆོད་སློག་སྐུ་དབང་ྋགོང་ས་མཆོག་ལ་མེད་པ་དེ་ནི་མཐའ་མའི་ཐག་གཅོད་ཀྱི་དབང་ཆ་མང་ཚོགས་འབའ་ཞིག་ལ་ཡོད་པའི་དན་རྟགས་ཡིན། དེ་བཞིན་སྤྱི་འཐུས་རྩ་འབོར་གྱི་བཞི་ཆ་གསུམ་གྱིས་མོས་མཐུན་ཐོག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་བསམ་འཆར་བླངས་ཏེ་ྋགོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་འོས་འདེམས་བྱས་པའི་སྡེ་སྲིད་ལྷན་ཚོགས་ལ་སྤྲོད་རྒྱུའི་དབང་ཚད་སྤྱི་འཐུས་ལ་ཡོད་པ་དང༌། ྋགོང་ས་མཆོག་ནས་སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར་གནང་དགོས་བྱུང་སྐབས་སུའང་དུས་ཚིགས་ངེས་ཅན་ནང་སྤྱི་འཐུས་གསར་པ་འོས་འདེམས་ཟིན་པ་བྱ་དགོས་ཀྱི་ཆ་རྐྱེན་འོག་སྤྱི་འཐུས་ལྷན་ཚོགས་མེད་པར་ནར་འགྱངས་སུ་གཞུང་སྲིད་འཛིན་ཐབས་མེད་པ་དང༌། བཀའ་ཤག་སྤྱི་འཐུས་ལྷན་ཚོགས་ནས་འོས་འདེམས་བྱ་རྒྱུ་དང༌། བཀའ་ཤག་གིས་ནམ་ཡང་སྤྱི་འཐུས་ལྷན་ཚོགས་ལ་འགན་ཁུར་དགོས་པ། སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཀྱིས་མོས་མཐུན་བྱུང་ན་བཀའ་ཤག་འཕོ་འགྱུར་གཏོང་འཐུས་བཅས་ཆ་རྐྱེན་འདི་ཐམས་ཅད་ཀྱིས་དབང་ཚད་ཆ་བགོས་དང་བཏང་འཛིན་ཆ་སྙོམ་གྱི་ཐབས་ལམ་ཇི་སྙེད་ཅིག་བསྟན་ཡོད་རུང༌། མཐའ་མའི་ཐག་གཅོད་མང་ཚོགས་སམ་མང་ཚོགས་ཀྱི་འཐུས་མིར་ཡོད་པར་གསལ་བར་མཚོན།

སྤྱི་འཐུས་ཤིག་བཀའ་བློན་དུ་འདེམས་ཐོན་བྱུང་ན་སྤྱི་འཐུས་ནས་འཁྱུར་དགོས་པ་དང༌། བཀའ་བློན་རྣམས་ལ་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུའི་ཐོབ་ཐང་མེད་པ། བཀའ་ཤག་གི་གྲོས་འཆར་གང་རུང་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་མོས་མཐུན་མ་བྱུང་ཡང་དེ་འཕྲལ་བཀའ་ཤག་དགོངས་ཞུ་མ་དགོས་པ་བཅས་ལ་བརྟེན། བཀའ་ཤག་ལམ་སྲོལ་ཅན་གྱི་སྲིད་གཞུང་མིན་པ་དང༌། བཀའ་ཤག་འོས་འདེམས་སྤྱི་འཐུས་ཀྱིས་བྱེད་པ་དང༌། བཀའ་ཤག་གིས་སྤྱི་འཐུས་ལྷན་ཚོགས་ལ་འགན་ཁུར་དགོས་ཤིང༌། སྤྱི་འཐུས་ལ་ལྟོས་མེད་དུ་གཞུང་གིས་དཔལ་འབྱོར་འགྲོ་གྲོན་དང༌། གལ་ཆེའི་སྲིད་བྱུས་ཐག་གཅོད་མི་ཐུབ་པ། ྋགོང་ས་ཆེན་པོར་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་ཡིག་འཆར་ཟིན་ལ་ཆོད་སློག་སྐུ་དབང་མེད་པ་བཅས་ལ་བརྟེན། སྲིད་འཛིན་ལམ་སྲོལ་ཅན་གྱི་སྲིད་གཞུང་ཡང་མ་ཡིན་པར་མངོན་ཐུབ། དེས་ན་འདི་ནི་བཙན་བྱོལ་བོད་མིའི་དགོས་མཁོ་དང་འཚམས་པའི་དམིགས་བསལ་མང་གཙོའི་ལམ་སྲོལ་ཞིག་ཡིན་པ་མཁྱེན་དགོས།

བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་འོག བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ཆ་རྐྱེན་ཞིག་བསྐྲུན་རྒྱུ་ཧ་ཅང་དཀའ་མོད། འོན་ཀྱང་མང་གཙོའི་ཡན་ལག་ཚང་ཆེད་བཅའ་ཁྲིམས་འདིའི་འགྲེལ་བརྗོད་དང༌། བོད་མི་རང་གི་སྒྲིག་འཛུགས་དང་འབྲེལ་བའི་ནག་ཉེས་མ་ཡིན་པའི་རྩོད་གླེང་རིགས་གཟུ་བོའི་ཚུལ་གྱིས་འགྲིགས་འཇགས་བྱེད་ནུས་ཀྱི་ཁྲིམས་ཞིབ་ཁང་གོང་འོག་གི་ཆ་རྐྱེན་ཡང་བཀོད་ཡོད།

དབུས་ཀྱི་སྒྲིག་འཛུགས་ཁག་ཙམ་དུ་མ་ཟད། བཙན་བྱོལ་བོད་མིའི་ས་གནས་སྡོད་སྒར་སོ་སོར་ཡང་མངའ་སྡེའི་ཆབ་སྲིད་དང་ཆ་འདྲ་བའི་མང་གཙོའི་ལམ་སྲོལ་མང་ཚོགས་ཀྱི་གཞི་རིམ་བར་ལག་ལེན་འཁེལ་ཐབས་སུ་ས་གནས་གཞིས་སྒར་ཁག་གི་འཛིན་སྐྱོང་དང༌། ཁྲིམས་བཟོ། ཁྲིམས་ལུགས་བཅས་ཀྱི་དབང་འཛིན་སྡེ་ཚན་ཚང་བའི་ཆ་རྐྱེན་ལེའུ་བདུན་པའི་ནང་རྒྱས་པར་བཀོད་པ་འདི་དག་སྐབས་འཕྲལ་མང་ཚོགས་ཀྱི་ཁེ་ཕན་ལ་དངོས་སུ་ཕན་ཐོགས་ཡོང་བའི་ཐབས་ལམ་ཡིན།

མང་གཙོའི་ཡན་ལག་གི་སྒྲིག་འཛུགས་རྣམས་དང༌། གཞུང་གི་སྒྲིག་འཛུགས་ཁག་སྲ་བརྟན་དང༌། སྐྱོན་མེད་དུ་གནས་ཆེད་རང་དབང་ལྡན་པའི་འོས་བསྡུ་ལས་ཁང་དང༌། རྩིས་ཞིབ་ལས་ཁང༌། གཞུང་ཞབས་འདེམས་བསྐོ་ལྷན་ཁང་བཅས་ཀྱི་ཆ་རྐྱེན་ལེའུ་བརྒྱད་པ་དང༌། དགུ་པ། བཅུ་པ་བཅས་སུ་བཀོད་ཡོད་པ་འདི་དག་ཀྱང་བོད་མིའི་སྤྱི་ཚོགས་ཀྱི་ནང་མང་གཙོའི་ལམ་སྲོལ་སྲ་བརྟན་ཡོང་བའི་ཐབས་ལམ་ཞིག་ཡིན།

ཆབ་སྲིད་ཀྱི་རང་བཞིན་དང༌། རྩ་དོན། གཞི་རྩའི་ཐོབ་ཐང༌། གཞུང་གི་རྩ་བའི་བྱེད་སྒོ་ལམ་སྟོན་བཅས་མ་གཏོགས། བཅའ་ཁྲིམས་འདིའི་དོན་ཚན་གང་ལའང་བཅའ་ཁྲིམས་ཀྱི་ཁྲིམས་བཟོ་ལྷན་ཚོགས་ཟུར་དུ་འོས་འདེམས་མ་དགོས་པར་རྒྱུན་དུ་སྤྱི་འཐུས་སྐབས་སོ་སོ་ནས་བསྐྱར་བཅོས་བྱེད་ཆོག་པའི་ཆ་རྐྱེན་ལེའུ་བཅུ་གཅིག་པའི་ནང་འཁོད་པ་འདིའང་སྤྱི་འཐུས་ལྷན་ཚོགས་ཀྱི་དམིགས་བསལ་དབང་ཚད་ཀྱི་གྲས་ཤིག་ཡིན། གང་ལྟར་བཅའ་ཁྲིམས་འདིའི་མགོ་མཇུག་ཆ་ཚང་བ་གཟིགས་ཞིབ་གནང་ཚེ་བོད་མིའི་ཆབ་སྲིད་ཀྱི་མཐའ་མའི་ཐག་གཅོད་ཀྱི་འགན་དབང་ཡོངས་རྫོགས་སྤྱི་འཐུས་ལྷན་ཚོགས་སམ། བོད་མི་མང་ཚོགས་ལ་ཡོད་པ་དང༌། བཀའ་ཤག་དང༌། ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཆབ་སྲིད་ཀྱི་མཛད་འགན་ཁག་བཅས་མཐའ་དོན་སྤྱི་འཐུས་ལྷན་ཚོགས་ཀྱི་ཁྲིམས་བཟོའི་དབང་ཚད་ཀྱི་ཁྱབ་ཁོངས་སུ་འདུས་པ་འདི་བཅའ་ཁྲིམས་འདིའི་གཞི་རྩའི་བཀོད་དབྱིབས་ཡིན།

ཕྱོགས་གཅིག་ནས་འོས་འདེམས་བྱས་པའི་བཀའ་ཤག་གིས་རྒྱལ་ཁབ་དང་མང་ཚོགས་ཀྱི་སྲི་ཞུ་འགན་ཁུར་ཇི་བཞིན་མ་ཐུབ་པའི་གནས་ཚུལ་ནམ་བྱུང་ལ་བཀའ་བློན་བྱེ་བྲག་པའམ། བཀའ་ཤག་འཕོ་འགྱུར་གནང་རྒྱུའི་སྐུ་དབང་དང༌། སྤྱི་འཐུས་ལྷན་ཚོགས་ནས་བོད་མིའི་བློ་འདུན་དང་མཐུན་པའི་ཁྲིམས་བཟོའི་འགན་ཁུར་མ་ཐུབ་པ་དང༌། རྒྱལ་ཁབ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་གཞིའི་ལས་དོན་བྱེད་དྭོགས་ནམ་བྱུང་ལ་སྤྱི་འཐུས་ལྷན་ཚོགས་ལས་དོན་བར་མཚམས་འཇོག་པའམ། འཕོ་འགྱུར་གནང་རྒྱུའི་སྐུ་དབང༌། གཞན་ཡང་རྒྱུན་དུ་བཀའ་ཤག་དང༌། སྤྱི་འཐུས་ལྷན་ཚོགས་ལ་ལམ་སྟོན་བཏང་འཛིན་གནང་རྒྱུ་དང༌། དགོས་གལ་ནམ་བྱུང་སྐབས་མང་ཚོགས་ལ་མང་མོས་ཐག་གཅོད་འོས་བསྡུའི་བཀའ་ཁྱབ་གནང་རྒྱུའི་སྐུ་དབང་བཅས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ཡོད་པས་ལས་དོན་ཐལ་ཆ་འགྲོ་གཞིའང་མེད།

མདོར་ན། གངས་ལྗོངས་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་དབང་ལུང་གི་བརྒྱུད་རིམ་བར་མ་ཆད་པའི་སྒྲིག་འཛུགས་འདིའི་ལམ་སྲོལ་མང་གཙོའི་མཚན་ཉིད་ཡོངས་སུ་ཚང་བ་ཞིག་ཏུ་བསྒྱུར་ཏེ། བཙན་བྱོལ་གཞུང་གི་མངའ་ཁོངས་སུ་གཏོགས་པའི་བོད་ཀྱི་ཡུལ་མི་ཡོངས་ལ་ཆབ་སྲིད་ཀྱི་འགན་དབང་རིས་མེད་འདྲ་མཉམ་དུ་སྤྲོད་རྒྱུ་དེ་བཅའ་ཁྲིམས་འདིའི་དམིགས་ཡུལ་ཡིན།

མཁྱེན་ལྡན་འགའ་རེ་ལ་བཅའ་ཁྲིམས་འདིར་ྋགོང་ས་ཆེན་པོའི་སྐུ་དབང་ཆུང་དྲགས་པ་དང༌། ཆེ་དྲགས་པའི་ལྟར་སྣང་གཟིགས་ཚུལ་རེ་བྱུང་འདུག་པ་མང་ཚོགས་ཀྱི་དགོངས་འཆར་ཁག་ནས་གསལ་རྟོགས་བྱུང་རུང༌། ལམ་སྲོལ་ཙམ་ལ་གཙིགས་ཆེར་མ་གནང་བར་བཙན་བྱོལ་བོད་མིའི་ཁེ་ཕན་དང་བདེ་དོན་འབའ་ཞིག་བཅའ་ཁྲིམས་འདིས་མཚོན་རང་རེའི་ཆབ་སྲིད་ཀྱི་ལས་དོན་མཐའ་དག་གི་དགོས་དམིགས་ཉག་གཅིག་ཡིན་པ་དེ་དགོངས་ཕུགས་སུ་བཞག་ནས་དོན་ཚན་རེ་ཟུང་ཟུར་འདོན་མ་ཡིན་པར་བཅའ་ཁྲིམས་ཆ་ཚང་གཟིགས་ཞིབ་མཛད་ན་ཐུགས་དྭོགས་ཕལ་ཆེར་རང་ཞིར་འགྲོ་བའི་ཡིད་ཆེས་ཡོད།

རྩོམ་སྒྲིག་བྱས་ཚུལ།

རྩ་ཁྲིམས་བསྐྱར་ཞིབ་ཚོགས་ཆུང་ནས་འཕྲལ་མཁོའི་༼བཙན་བྱོལ་བོད་མིའི་བཅའ་ཁྲིམས་༽ ཀྱི་འཆར་ཟིན་འདི་བཞིན་གོང་སྨོས་ལམ་སྟོན་ཡིག་ཆ་ཁག་གཞིར་བཞག་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོར་བཀའ་སློབ་དགོངས་སྐོར་སྔ་རྗེས་རིམ་ཞུས་དང་འབྲེལ། རགས་ཟིན་གཉིས་པ་ཕྱི་ལོ་༡༩༩༡ ཕྱི་ཟླ་༢ ཚེས་༥ ཉིན་བཙན་བྱོལ་བོད་མིའི་གནས་གཞི་ཡོངས་རྫོགས་སུ་དགོངས་འཆར་བཀའ་སློབ་ཞུ་ཆེད་འགྲེམས་སྤེལ་ཞུས་པར། མང་ཚོགས་ནས་ཐུགས་སྣང་ཆེན་པོས་ཉམས་ཞིབ་མཐིལ་ཕྱིན་མཛད་བསྟུན་སྤྱི་སྒེར་ཁག ༡༤༨ ནས་དགོངས་འཆར་ཟབ་རྒྱས་འབྱོར་བ་དེ་དག་ལ་བསམ་ཞིབ་ནན་ཏན་ཞུས་ཏེ་སྣོན་འཕྲི་ཞུ་འོས་ཡོངས་རྫོགས་བཅའ་ཁྲིམས་ཟིན་བྲིས་མཐའ་མའི་ནང་ཚུད་པ་ཞུས་ཤིང༌། ཚོགས་ཆུང་གི་རྩ་འཛིན་ཡིག་ཆ་ཁག་དང་མི་མཐུན་པའི་དགོངས་འཆར་གལ་ཆེའི་རིགས་མཐའ་དག་བསྡུས་དོན་དཀར་ཆག་ཟུར་བཀོད་དང་འབྲེལ་དགོངས་འཆར་ཡིག་ཆ་ངོ་མ་ཆ་ཚང་སྐབས་བཅིུག་པའི་སྤྱི་འཐུས་ལྷན་ཚོགས་སུ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་དགོངས་ལྟར་བཅའ་ཁྲིམས་གཏན་འབེབས་སྐབས་དགོངས་པའི་དཔྱད་གཞིར་འབུལ་ལམ་ཞུས་ཡོད། སྤྱི་སྒེར་རེ་ཟུང་ནས་མང་ཚོགས་ཀྱི་དགོངས་འཆར་བསྡུ་རྒྱུའི་དུས་ཡུན་ཐུང་སྐྱོན་ཆེ་བའི་དགོངས་འཆར་གནང་མཁན་བྱུང་རུང༌། ཐུགས་ཁུར་གནང་ཚེ་ཟླ་བ་གཉིས་ནང་མི་ཟིན་པ་མི་འདུག་པ་མ་ཟད། སྤྱི་འཐུས་སྐབས་བཅིུག་པའི་དམ་འཇོག་ཚེས་ཆའང་དུས་གཏུགས་ཀྱིས་དུས་ཡུན་དེ་ལྷག་འགྱངས་ཐབས་མ་བྱུང༌།

ཇི་ལྟར་ཁྲིམས་སུ་བཅའ་བར་འགྱུར་བ།

རྒྱལ་ཁབ་སོ་སོའི་རྩ་ཁྲིམས་ཇི་ལྟར་བྱུང་བའི་ཚུལ་ཡོངས་སུ་གྲགས་པ་ནི། བཀའ་རྩ་གསལ་བསྒྲགས་ཀྱི་སྒོ་ནས་གནང་བ་དང༌། རྩ་ཁྲིམས་ཁྲིམས་བཟོ་ཚོགས་པས་ཆེད་དུ་གཏན་ལ་ཕབ་པ། གསར་བརྗེའི་གྱེན་ལངས་ཀྱི་སྒོ་ནས་བྱུང་བ། ཁྲིམས་གཞི་རིམ་གྱིས་ཡར་རྒྱས་ཕྱིན་པ་ལས་གྲུབ་པ་བཅས་ཡོད་པ་ལས། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་བོད་མི་མང་ཚོགས་ཀྱི་ཤེས་ཡོན་ཡར་རྒྱས་འབྱུང་ཐབས་དང༌། རང་སྟོབས་ཀྱིས་མང་གཙོའི་རང་སྲིད་རང་སྐྱོང་གི་ནུས་པ་སྨིན་ཐབས་ཉག་གཅིག་གཙོ་བོར་མཛད་བཞིན་པ་ལྟར། བཅའ་ཁྲིམས་འདིའང་བཀའ་རྩ་ཁྱབ་བསྒྲགས་ཀྱི་སྒོ་ནས་མ་གནང་བར་སྔ་ལོ་དམིགས་བསལ་ཚོགས་ཆེན་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་དགོས་པའི་ཐག་གཅོད་མཛད་དེ། ད་ཆ་བཅའ་ཁྲིམས་ཀྱི་འཆར་ཟིན་འདི་བཞིན་གོ་སྒྲིག་ཐོག་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་དང་བཅས། དཔྱད་གཞིའི་ཟིན་བྲིས་ཙམ་དུ་སྤྱི་འཐུས་ལྷན་ཚོགས་ལ་གཏན་འབེབས་བྱ་རྒྱུར་བསྩལ་ཅིང༌། དེ་ཡང་རང་རེའི་ད་ལྟའི་གནས་ཚུལ་དང་བསྟུན་ཏེ་བཅའ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་ཟུར་འཛུགས་མ་དགོས་པར། སྐབས་བཅིུག་པའི་སྤྱི་འཐུས་ལྷན་ཚོགས་འདིས་བཅའ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་ཀྱི་གོ་ཆོད་པར་མཛད་དེ། ད་ལམ་ཐོག་མར་བཅའ་ཁྲིམས་གཏན་འབེབས་གནང་རྒྱུའི་མཛད་ཁུར་བཞེས་རྒྱུ་དང༌། སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་ཇི་བྱུང་གི་བཅའ་ཁྲིམས་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཆོག་མཆན་དང་འགོ་འཛུགས་ཚེས་ཆ་གཏན་འབེབས་ཀྱིས་ཁྲིམས་སུ་བཅས་པར་མཛད་པའི་རྗེས་སུ། བཅའ་ཁྲིམས་གཞིར་བཟུང་ཚོགས་གཙོ་དང༌། བཀའ་ཤག་འོས་འདེམས། སྒྲིག་གཞི་གཏན་འབེབས་གནང་རྒྱུ་སོགས་ཀྱིས་མཚོན་ཆབ་སྲིད་ཀྱི་གནང་སྒོ་གཞན་དག་རིམ་པས་གནང་རྒྱུ་བཅས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཀྱི་ངོ་སྤྲོད་མདོར་བསྡུས་སུ། བོད་ཀྱི་རྩ་ཁྲིམས་ཟིན་བྲིས་བསྐྱར་ཞིབ་ཚོགས་ཆུང་ནས་བོད་རྒྱལ་ལོ་༢༡༡༨ བོད་ཟླ་༤ ཚེས་༨ ཕྱི་ལོ་༡༩༩༡ ཕྱི་ཟླ་༥ ཚེས་༢༡ ལ།།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་འདི་བཞིན་ཁྲིམས་བཟོ་ལྷན་ཚོགས་སུ་གཏན་འབེབས་གནང་སྟབས་བདེ་བླག་ཏུ་ཡོང་ཆེད་ངོ་སྤྲོད་མདོར་བསྡུས་བྲིས་པ་ཞིག་ཡིན་འདུག