བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་གསར་བྲིས་དང་འབྲེལ་བའི་ལམ་སྟོན།

འདི་ཡན་ཆད་དྲི་བ་དྲིས་ལན་གྱི་དུས་ཚོད་ཟིན་པ་དང་ཆབས་ཅིག་སྤྱི་འཐུས་རྣམས་ཀྱི་ཕྱག་ཏུ་ཡོད་པའི་ཡིག་ཆ་ཨང་ ༢༣ པ་འདི་དམིགས་བསལ་གྱི་གྲོས་ཆོད་གྲོས་འཆར་ཞིག་ཡིན་སྟབས། ཚོགས་གཙོའི་དབང་ཚད་ལྷག་མའི་ཐོག་ནས་སྔ་དྲོའི་དུས་ཚོད་འདིར་གྲོས་ཚོགས་ནང་ཁྱེར་ཆོག་པའི་བཀའ་ཁྲོལ་ཕུལ་བ་ཡིན། སྒྲིག་གཞི་གཞིར་བཟུང་བྱས་ན་བདུན་ཕྲག་འདིའི་ནང་སྤྱི་འཐུས་སྒེར་གྱི་གྲོས་འཆར་གཏོང་རྒྱུའི་དུས་ཚོད་ཚོགས་དུས་འདིའི་ཉིན་མཐའ་མ་དེར་ཡིན་ཡང་གྲོས་ཆོད་ཀྱི་ངོ་བོར་བལྟས་ན་ཚོགས་དུས་ཉིན་མཐའ་མར་བཞག་ན་མི་འགྲིགས་པས་དེ་རིང་གི་དྲི་བ་དྲིས་ལན་གྱི་དུས་ཚོད་རྗེས་སུ་ད་ལྟ་གྲོས་འཆར་འདི་ལེན་གྱི་ཡོད། བཙན་བྱོལ་བོད་མིའི་འོས་བསྡུ་སྒྲིག་གཞི་གསར་བྲིས་གནང་བ་འདིའི་ཐོག་བརྗོད་པ་དང་པོའི་སྐབས་ཆ་ཚང་སྙན་སྒྲོན་ཞུས་ཟིན། དེའི་རྗེས་སྤྱི་འཐུས་རྣམ་པས་གཟིགས་ཞིབ་དང་དགོངས་པ་བཞེས་རྒྱུའི་ཆེད་ཉིན་གཉིས་དུས་ཚོད་བཞག་ཡོད། དེ་རྗེས་བརྗོད་པ་གཉིས་པ་འགོ་འཛུགས་ཞུས་པ་རེད། ཁ་སང་མདོར་ཙམ་ཞུས་ཟིན་པ་ལྟར་ཟིན་བྲིས་འདི་ཆ་མ་ཚང་བ་དང༌། དེའི་ཐོག་བསྐྱར་དུ་ཞིབ་འཇུག་གནང་དགོས་རྒྱུའི་གནས་ཚུལ་ཞིག་ཡོད་ན་བརྗོད་པ་དང་པོའི་མཇུག་ཏུ་སྒྲིག་གཞི་གཞིར་བཟུང་ཆེད་འཛུགས་ཚོགས་ཆུང་ལ་གཏོང་རྒྱུའི་གྲོས་འཆར་བཏོན་པ་ཡིན་ན་གྲོས་ཚོགས་ཀྱི་དུས་ཚོད་མང་པོ་ཞིག་ཆུད་ཟོས་སུ་མི་འགྲོ་བ་དང༌། སྤྱི་འཐུས་དང་གཞན་སུའི་ངོས་ནས་དགོངས་འཆར་གནང་རྒྱུ་ཡོད་ནའང་ཆེད་འཛུགས་ཚོགས་ཆུང་ལ་གནང་རྒྱུའི་གོ་སྐབས་ཤིག་ཡོང་གི་རེད། བརྗོད་པ་གཉིས་པ་འགོ་བཙུགས་ཏེ་དོན་ཚན་བཞི་ལྔ་ཕྱིན་ཟིན་པའི་རྗེས་སུ་གཞི་ནས་སྤྱི་འཐུས་རྣམ་པ་ཚོས་བསྐྱར་དུ་ཟིན་བྲིས་འདི་གཞི་རིམ་གྱི་ངོ་བོ་ཆ་མ་ཚང་བའི་བཀའ་མོལ་ཞིག་བྱུང་བས་བརྗོད་པ་གཉིས་པ་བར་མཚམས་བཞག་སྟེ་ཚོགས་གཙོས་ལམ་སྟོན་དུ་གདམ་ཁ་གཉིས་ཕུལ་བ་ཡིན། གདམ་ཁ་དང་པོ། གལ་སྲིད་བརྗོད་པ་གཉིས་པ་འགོ་འཛུགས་བྱས་ཟིན་པའི་རྗེས་སུའང་ད་དུང་ཆེད་འཛུགས་ཚོགས་ཆུང་ལ་གཏོང་རྒྱུའི་གྲོས་འཆར་བཏོན་པ་ཡིན་ནའང་གྲོས་འཆར་ངོས་ལེན་བྱེད་ཆོག་ཞུས་པ་ཡིན། གདམ་ཁ་གཉིས་པ། ཆེད་འཛུགས་ཚོགས་ཆུང་ལ་གཏང་རྒྱུའི་གྲོས་འཆར་མ་བཏོན་པ་ཡིན་ན་ད་ཡོད་ཟིན་བྲིས་འདིའི་ཐོག་བཟོ་བཅོས་གྲོས་འཆར་ག་ཚོད་གནང་རྒྱུ་ཡོད་ཀྱང་ངོས་ལེན་ཞུ་རྒྱུ་ཡིན་ཞེས་ཞུས་པ་ཡིན། ད་ལྟའི་གྲོས་གཞི་འདི་གདམ་ཁ་གཉིས་པོ་གང་ཡང་མ་ཡིན་པའི་གྲོས་གཞི་གསར་པ་ཞིག་འདུག་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ལག་ལེན་དོག་ཆ་ནས་བཀལ་བ་ཡིན་ན་གྲོས་འཆར་འདི་ངོས་ལེན་བྱེད་མི་འོས་པ་ཞིག་རེད། ཡིན་ནའང་སྤྱི་འཐུས་མང་པོ་ཞིག་གིས་ཚོར་སྣང་ཆེན་པོའི་ཐོག་ནས་གྲོས་འཆར་གནང་བ་དང༌། གྲོས་འཆར་གནང་རྒྱུའི་གཞི་རྩ་འདི་བཙན་བྱོལ་བོད་མིའི་འོས་བསྡུ་སྒྲིག་གཞི་གསར་བཟོ་དང་འབྲེལ་བ་ཡོད་པའི་དོན་གནད་ཆེན་པོ་ཞིག་ཡིན་པའི་རྒྱུ་མཚན་གཉིས་ལ་བརྟེན་ནས་གྲོས་འཆར་ཚོགས་གཙོའི་ལས་ཁུངས་ནས་བཀག་འགོག་བྱེད་པ་ལས་གྲོས་ཚོགས་ཀྱི་མདུན་དུ་བཞག་སྟེ། གྲོས་ཚོགས་རང་གིས་ཐུགས་ཐག་བཅད་ན་ལེགས་སྙམ་སྟེ་གྲོས་འཆར་གྲོས་ཚོགས་སུ་གཏོང་བཅུག་དགོས་པའི་རྒྱུ་མཚན་དེ་ལྟར་ཡིན། ཚང་མས་དགོངས་ཆུབ་བཞིན་བཙན་བྱོལ་བོད་མིའི་སྤྱི་འཐུས་འོས་བསྡུ་བྱེད་ཕྱོགས་ཀྱི་སྒྲིག་གཞི་འདི་ང་ཚོའི་གནས་བབས་དང་མཐུན་པའི་ལེགས་པོ་ཞིག་དགོས་ཀྱི་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་རེད། དེའི་ཐོག་ྋསྐྱབས་མགོན་རིན་པོ་ཆེས་ཆེད་དུ་མངགས་ནས་གསུང་འཕྲིན་གནང་ཡོད་པ་དེར་ང་ཚོས་ཀླད་པ་གང་ཐུབ་དཀྲུགས་གནང་དགོས་པ་ནི་སྐབས་བབ་ཀྱི་ལས་འགན་ཞིག་རེད། དེའི་ཆེད་དུ་དོན་ཕན་ཡོད་པའི་གནས་ཚུལ་འཕར་མ་ཞིག་གསུང་རྒྱུ་ཡོད་པ་ཡིན་ན་གྲོས་ཚོགས་ཚོགས་དུས་འདིའི་དུས་ཡུན་རིང་དུ་གཏོང་དགོས་སམ། ཚོགས་དུས་དམིགས་བསལ་བ་ཞིག་ཚོགས་དགོས་གང་ལེགས་གཟིགས་ཆོག་གི་རེད། གལ་ཏེ་ཚོགས་དུས་བཅུ་པའི་བར་དུ་འགྱངས་པ་ཡིན་ནའང་དེ་ཙམ་གྱིས་གནད་འགག་ཅིག་ཆགས་ཀྱི་ཨེ་ཡོད་སྙམ། སྐབས་བཅུ་གསུམ་པའི་སྤྱི་འཐུས་འོས་འདེམས་བྱ་རྒྱུ་དེ་འདི་ལོའི་ཕྱི་ཟླ་ ༡༠ པ་ནས་འགོ་བཙུགས་ནའང་ཟླ་བ་ལྔ་དྲུག་ཙམ་གྱི་གོ་སྐབས་འཐོབ་ཀྱི་ཡོད་པས་དེའི་ནང་ཧ་ལམ་མ་ཚར་བ་ཞིག་མེད་སྙམ། མ་གཞི་དོན་ཕན་ཡོད་པའི་དགོངས་ཚུལ་གསར་པ་ཞིག་བཀའ་གནང་རྒྱུ་ཡོད་ན་བཟོ་བཅོས་གྲོས་འཆར་གྱི་བརྒྱུད་ནས་ཡོང་མ་ཐུབ་པ་མེད་པ་ལྟ་བུ་རེད། ད་ལྟའི་གྲོས་འཆར་འབུལ་མཁན་ལའང་ད་ལྟའི་ཟིན་བྲིས་འདིར་མ་ཚང་བའི་དོན་སྙིང་གང་ཡིན་པ་རྣམས་ཟུར་དུ་བཏོན་ནས་གསུངས་པ་ཡིན་ན་དེ་བཟོ་བཅོས་གྲོས་འཆར་ཐོག་ཡོང་ཐུབ་ཀྱི་འདུག་གམ། ཡང་ན་དེ་མིན་པའི་ཐབས་ལམ་གཞན་ཞིག་འཚོལ་དགོས་ཀྱི་འདུག་གཟིགས་ཆོག་གི་རེད་ཅེས་ལན་གཉིས་ཞུས་ཀྱང་དོན་ཚན་མ་ཚང་བ་འདི་འདུག་ཅེས་ད་བར་བཀའ་གནང་མ་སོང༌། ད་ལྟའི་ཟིན་བྲིས་ནང་དུ་མ་ཚང་བའི་དོན་གནས་འདི་དང་འདི་ཞེས་གསལ་པོ་ཡིག་ཐོག་ཏུ་བཀོད་དེ་བརྗོད་ཚིག་འདི་ལྟ་བུའི་ཐོག་ནས་ཚང་བ་འདི་ལྟར་བཟོ་དགོས་ཞེས་བཀའ་གནང་རྒྱུ་ཡོད་ན་ཡག་པོ་དང༌། ཚང་མས་གུས་བཀུར་ངོས་ལེན་ཞུ་དགོས་རྒྱུ་རེད། དེ་མིན་འགྲིག་མི་འདུག་ཅེས་གསུང་ཁ་རྒྱས་པོ་ཡོད་པ་གང་ཞིག་ལ་འདིའི་ནང་དུ་འདི་གསར་དུ་བཅུག་དགོས་ཞེས་ཟིན་བྲིས་ཞིག་བསྣམ་ཕེབས་རྒྱུ་མེད་ན། དུས་ཚོད་མང་པོ་བཏང་ཡང་ཐུགས་ཕན་གསོས་པ་ཞིག་ཡོང་གི་ཨེ་ཡོད་སྙམ། འདི་ཚོགས་གཙོས་དངོས་དོན་གྱི་ཐོག་ཏུ་བལྟས་པའི་མཐོང་ཚུལ་ཞིག་ཡིན་པས་དེ་ཚང་མས་ཐུགས་ལ་བཞག་ནས་གྲོས་གཞི་འདིའི་ཐོག་དགོངས་པ་བཞེས་སྟངས་ཧར་རྒྱུགས་དང་བྲེལ་འཚབ་ངང་ཐག་གཅོད་གནང་བ་མ་ཡིན་པར། དངོས་ཡོད་གནས་ཚུལ་ཚང་མར་གཟིགས་ཏེ་དགོངས་པ་གཏིང་ཟབ་ཅིག་བཞེས་ནས་བགྲོ་གླེང་དང་ཐག་གཅོད་གནང་ཐུབ་ན་ཡག་པོ་ཡོང་ས་རེད་སྙམ། གྲོས་ཚོགས་ཀྱི་ལས་རིམ་རྣམ་གཞག་གི་འགན་ཡོད་པའི་ཆ་ནས་ཚོགས་གཙོས་ཐུན་མོང་གི་བསམ་ཚུལ་གསལ་པོ་སྔོན་དུ་ཞུས་པ་ཡིན། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་དགུ་པ། ༢༠༠༠/༠༣/༢༡ ་་་ ༢༠༠༠/༠༣/༣༡