བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་བོད་ཀྱི་ལོ་རྒྱུས་བགྲོ་གླེང་ཐོག་གནང་བའི་གསུང་བཤད།

༄༅། །ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་ྋསྐྱབས་མགོན། ས་སྟེང་ྋསྐྱབས་གནས་ཡོངས་རྫོགས་ཀྱི་མངའ་བདག བདག་གི་བཀའ་དྲིན་གསུམ་ལྡན་གྱི་མཁན་ཆེན་རྡོ་རྗེ་འཆང་ྋགོང་ས་ྋསྐྱབས་མགོན་རིན་པོ་ཆེ་མཆོག་གི་ལ་གུས་ཕྱག་སྔོན་དུ་འགྲོ་བའི་སྒོ་ནས། དེ་རིང་གི་ཚོགས་འདུར་ཕེབས་པའི་སྐྱབས་འོས་དགེ་འདུན་གྱི་སྡེ་དང༌། དཔལ་ལྡན་ཁྲིམས་ཞིབ་པ་རྣམ་པ། བཀུར་འོས་ཚོགས་གཙོ་མཆོག ཕྱག་སྦྲེལ་བཀའ་བློན་རྣམ་པ།སྤྱི་འཐུས་རྣམ་པ། ཕྱོགས་མཐའ་ནས་ཕེབས་པའི་ལོ་རྒྱུས་སྨྲ་བའི་མཁས་དབང་རྣམ་པ། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་རྣམ་པ་དང་དམིགས་བསལ་ཉམས་ཞིབ་པ་སྐུ་ཞབས་དམ་ཆོས་དཔལ་བཟང་མཆོག གཞུང་ཞབས་རྣམ་པ་དང་སྐུ་མགྲོན་རྣམ་པ་བཅས་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བོད་ཀྱི་དཔེ་མཛོད་ཁང་ནས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཞིག་སྐོང་ཚོགས་གནང་བར།བཙན་བྱོལ་བོད་གཞུང་བཀའ་ཤག་གི་ངོས་ནས་ལེགས་སོའི་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལས་རིམ་འདི་ཧ་ཅང་གལ་ཆེན་པོ་ཞིག་རེད། བོད་ཀྱི་དཔེ་མཛོད་ཁང་གི་རྒྱུན་གཏན་གྱི་ཕྱག་ལས་དང༌། བར་ལམ་གསར་གཏོད་གནང་བའི་ཕྱག་ལས་ངོ་སྤྲོད་གནང་བ་དེ་དག་ལ་གཞིགས་ན། གལ་གནད་ཧ་ཅང་ཆེ་བའི་ལས་གཞི་མང་པོ་ཞིག་དབུ་འཛུགས་གནང་ཐུབ་འདུག་པར། བཙན་བྱོལ་བོད་གཞུང་ངོས་ནས་ཡི་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ལས། བགྲོ་གླེང་ལ་ཕན་པའི་གནས་ཚུལ་དམིགས་བསལ་ཞུ་རྒྱུ་མེད།
ང་ལོ་རྒྱུས་ཀྱི་སློབ་གཉེར་བ་ཞིག་མིན། ཆུང་དུས་བོད་ཀྱི་ལོ་རྒྱུས་ཚད་ལྡན་ཞིག་ཤེས་ན་སྙམ་པའི་རེ་འདུན་བྱུང་མྱོང་ཡང༌། ལོ་རྒྱུས་རིག་པ་ནི་ཧ་ཅང་རྙོག་ཁྲ་ཚ་པོ་རེད་འདུག དགེ་འདུན་ཆོས་འཕེལ་གྱིས།
དུས་གསུམ་དུས་ཀྱི་འཁོར་ལོ་འཁོར་བ་ན།
བྱུང་ནས་ཡལ་བའི་སྔོན་གྱི་གཟུགས་བརྙན་རྣམས།
སྟོང་པའི་མཁའ་ལ་སེམས་ཀྱིས་བྲིས་པ་འདི།
ཞེས་གསུངས་པ་ལྟར་ལོ་རྒྱུས་མང་པོ་སྒྲུང་གཏམ་དང་འདྲེས་ནས་དངོས་བདེན་ལོ་རྒྱུས་རིག་པ་དང་མཐུན་པ་ཞིག་ཡོང་རྒྱུ་སྤྱིར་བཏང་ནས་ཁག་པོ་ཡིན་པ་དང༌། ལྷག་པར་དུ་བོད་ཀྱི་འདས་པའི་བྱུང་རབས་རྣམས་ལོ་རྒྱུས་རིག་པ་ལ་དམིགས་བསལ་གྱི་ཐུགས་སྣང་གི་སྒོ་ནས་འབྲི་རྩོམ་གནང་མཁན་བྱུང་མེད་པ་ལྟ་བུ་དང༌། ལོ་རྒྱུས་ཀྱི་ཆེད་དུ་བེད་སྤྱོད་བྱས་པའི་ཚིག་དེ་ཚོའང་གང་བྱུང་གི་བརྡ་ཆད་ཅིག་རྗེས་སུ་གཏིང་ཚུགས་པར་གྱུར་པ། དཔེར་ན། ད་ལྟ་ང་ཚོས་རྒྱུན་དུ་བེད་སྤྱོད་བྱེད་བཞིན་པའི་ལོ་རྒྱུས་ཞེས་པའི་ཚིག་དེ་ངེས་ཚིག་གི་བཤད་པའི་དབང་དུ་བྱས་ན་དེང་སྐབས་དབྱིན་སྐད་ལ་ཧིསཀྲིརི་Historyདང༌། རྒྱ་གར་གྱི་སྐད་ལ་ཨི་ཏི་ཧཱས་ཟེར་བ་གཉིས་ཀའི་འབྲུ་དོན་མེད་པ་མ་ཟད། དབྱིན་སྐད་ལ་ཀོ་རོ་ནོ་ལོ་ཇི་Chronologyཟེར་བའི་ཚིག་དང་དོན་ཉེ་བ་ཡོད། བོད་དུ་སྤྱིར་རིག་པའི་གནས་མང་པོ་དང༌། ལྷག་པར་ནང་དོན་རིག་པའི་ལྟ་གྲུབ་དང་འབྲེལ་བ་དེ་དག་ལ་བརྟག་དཔྱད་ཧ་ཅང་རྒྱ་ཆེན་པོ་དང་གཏིང་ཟབ་པོ་བྱུང་ཡོད། ཡིན་ནའང་དེ་བྱུང་རིག་པའམ་ལོ་རྒྱུས་རིག་པ་ཞེས་པའི་རིག་གནས་ལ་རྟོག་དཔྱོད་ཚད་ལྡན་མ་བྱུང་བ་ལྟ་བུར་སྣང༌། མང་པོ་ཞིག་གིས་དེ་བྱུང་རིག་པ་དེ་དེང་རབས་ཀྱི་རིག་གནས་གསར་པ་ཡིན་སྟབས། བོད་དུ་མ་དར་བ་རེད་དགོངས་ཀྱི་ཡོད། ཕྱོགས་གཅིག་ནས་བལྟས་ན་དེང་སང་ནུབ་ཕྱོགས་པའི་ལྟ་ཚུལ་གྱི་དེ་བྱུང་རིག་པ་དེ་རིག་གནས་གསར་པ་ཡིན་པ་དང༌། དེའི་དབང་གིས་བོད་དུ་མ་དར་བ་ཡིན་ངེས། འོན་ཀྱང་ཕྱོགས་གཞན་ཞིག་ནས་བལྟས་ན་སྟོན་པ་བདེ་བར་གཤེགས་པའི་གསུང་རབ་རྣམས་ཡན་ལག་བཅུ་གཉིས་སུ་ཕྱེ་བའི་སྐབས་རྟོགས་པ་བརྗོད་པའི་སྡེ་དང༌། སྐྱེས་པའི་རབས་ཀྱི་སྡེ། གླེང་གཞིའི་སྡེ། དེ་ལྟ་བུ་བྱུང་བའི་སྡེ་ཞེས་དེ་བྱུང་གི་སྡེ་དེ་རྟོགས་བརྗོད་དང༌། སྐྱེས་རབས། གླེང་གཞི་སོགས་ལས་ཐ་དད་དུ་ཕྱེ་བའི་རྒྱུ་མཚན་ལ་གཟིགས་ན་དེ་བྱུང་རིག་པའི་རིག་གནས་ཤིག་ཡོད་པ་གསལ་པོ་རེད། སྤྱིར་བཏང་གསུང་རབ་ཡན་ལག་བཅུ་གཉིས་བརྗོད་བྱ་དང་རྗོད་བྱེད་གཉིས་ཀྱི་སྒོ་ནས་ཕྱེ་བ་ཡིན་ཞིང༌། བརྗོད་བྱའི་དབང་གིས་རྟོགས་བརྗོད་སོགས་ལས་ལོགས་སུ་དེ་བྱུང་གི་སྡེ་ཟུར་དུ་དབྱེ་བ་དང༌། དེ་ལྟ་བུ་བྱུང་བ་ཞེས་པའི་སྐད་དོད་ཨིཏི་ཧཱས་ཞེས་པ་དེ་རྒྱ་གར་གྱི་ལེགས་སྦྱར་དང་ཕལ་སྐད་གཉིས་ཀའི་ནང་བྱུང་རབས་སམ། ལོ་རྒྱུས་ལ་གོ་བའི་ཚིག་དེ་རང་ཡིན་པས་སྲོལ་རྒྱུན་རིག་གནས་ཀྱི་ནང་དེ་བྱུང་གི་རིག་གནས་མེད་པ་མ་རེད། འོན་ཀྱང་བོད་དུ་དེ་བྱུང་རིག་པའི་དམིགས་བསལ་གྱི་སྲོལ་རྒྱུན་དང༌། ལྷག་པར་དུ་རིག་གནས་དེའི་མཚན་ཉིད་སྟོན་པའི་གཞུང་བྱུང་མེད། དེ་ནི་ཕལ་ཆེར་རྒྱ་གར་དུའང་དེ་བྱུང་རིག་པའི་མཚན་ཉིད་སྟོན་པའི་གཞུང་ལུགས་ཟུར་དུ་མ་བྱུང་བའི་དབང་གིས་ཡིན་སྲིད་པ་རེད།
དེ་སྔ་བོད་ཀྱི་ལོ་རྒྱུས་སྨྲ་བ་མང་ཆེ་བས་ལོ་རྒྱུས་དང་སྒྲུང་གཏམ། ཆོས་ཕྱོགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་དང་དག་པའི་སྣང་བར་ཤར་བའི་གནས་ཚུལ་རྣམས་ཀྱང་བྱུང་རབས་དང་བསྲེས་ནས་བྲིས་ཡོད་སྟབས། དེང་སྐབས་སྐྱེ་བོ་ཕལ་པའི་ཐུན་མོང་བའི་སྣང་ངོ་དང་བསྟུན་པའི་བྱུང་རབས་གང་ཡིན་པ་དང༌། ཆོས་ཕྱོགས་ཀྱི་ཐུན་མོང་མ་ཡིན་པའི་གནས་ཚུལ་གང་ཡིན་དབྱེ་བ་ཕྱེ་དཀའ་བའི་གནས་སུ་གྱར་ཡོད། ལྷག་པར་དུ་བོད་མི་རང་གིས་བྲིས་པའི་བོད་ཀྱི་སྤྱི་ཚོགས་དང༌། སྲིད་དོན། མི་རིགས་སོགས་དང་འབྲེལ་བའི་ལོ་རྒྱུས་དེ་བྱུང་རིག་པའི་གནས་ཚད་དང་ལྡན་པ་ཞིག་མེད་པ་དེ་ང་ཚོའི་ཞན་ཆ་ཆེན་པོ་ཞིག་ཡིན། དེ་འདྲ་ཡིན་སྟབས་དེང་རབས་ཀྱི་དེ་བྱུང་རིག་པའི་མཚན་ཉིད་སྟོན་པའི་གཞུང་ལུགས་ནས་ལེགས་ཆ་བླངས་ཏེ་རྒྱ་ཆེན་པོ་མ་བྱུང་རུང༌། ལོ་རྒྱུས་བཤད་པའི་སྐབས་དེ་བྱུང་རིག་པ་དང་མཐུན་པའི་ལྟ་སྟངས་ག་འདྲ་ཞིག་བྱེད་དགོས་པ་དེ་གསལ་པོ་ཤེས་པའི་ཐོག་ནས་དངོས་ཡོད་ཀྱི་གནས་ཚུལ་གང་བྱུང་བ་དེ་ཚོ་བྱུང་བའི་ངོ་བོར་བཞག་ཐུབ་པ་ཞིག་དང༌། དེ་དག་ཚད་ལྡན་རིགས་པའི་ལམ་ནས་བསྒྲུབ་ཐུབ་པ་ཞིག་བྱེད་རྒྱུ་དེ་ད་ལྟའི་བོད་རིགས་ན་གཞོན་ཚོ་དང༌། འབྱུང་འགྱུར་བོད་ཀྱི་མི་རབས་གསར་པ་ཚོའི་དམིག་བསལ་གྱི་ལས་འགན་ཞིག་རེད། གང་ཡིན་ཞེ་ན། ད་ཆ་སྔོན་གྱི་ཞན་ཆ་དེ་ཚོ་ང་ཚོས་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་པ་མ་ཟད། ཞན་ཆ་དེ་དག་སེལ་བའི་ནུས་པ་དང་མཐུན་རྐྱེན་ཡང་དེང་སྐབས་འཛོམས་ཡོད། དེ་འདྲ་སོང་ཙང་ད་ལྟ་མ་སྔ་མ་ཕྱི་པའི་དུས་སྐབས་འདིར་བོད་ཀྱི་སྔོན་བྱུང་གི་བྱུང་རབས་ཚད་དང་ལྡན་པ་ཞིག་རྟོགས་བརྗོད་དང་སྐྱེས་རབས་སོགས་དང་མ་འདྲེས་པ། གསང་བ་བསམ་གྱིས་མི་ཁྱབ་པའི་དག་པའི་སྣང་བ་ལ་ཤར་བའི་གནས་ཚུལ་རྣམས་དང་ཡང་མ་འདྲེས་པ།ང་ཚོས་དེ་བདེན་པ་མ་རེད་ཞུས་པ་མིན། སྒྲོ་བཏགས་ཀྱི་སྒྲུང་གཏམ་དང་ཡང་མ་འདྲེས་པ། སྐྱེ་བོ་ཐ་མལ་པའི་མཐུན་སྣང་དུ་གྲུབ་པའི་གནས་ཚུལ་གང་བྱུང་བ་དེ་བང་རིམ་བསྒྲིགས་ཏེ་གསལ་པོ་ཞིག་འབྲི་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེའི་ཆེད་བོད་ཀྱི་དཔེ་མཛོད་ཁང་ནས་ཐུགས་འགན་བཞེས་པ་དེ་ཧ་ཅང་ཡག་པོ་རེད། བོད་རིགས་ན་གཞོན་ཚང་མས་དེའི་ཐོག་ཐུགས་སྣང་གནང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
དེ་རིང་བགྲོ་གླེང་འདིའི་གླེང་གཞིའམ་བརྗོད་གཞི་གསུམ་བཀོད་གནང་འདུག་པ་འདི་ཕྱོགས་གཅིག་ནས་བགྲོ་གླེང་གནང་བའི་སྐབས་དམིགས་བཀར་གྱི་དོན་ཚན་བྱེ་བྲག་པའི་ཐོག་དྲི་བ་གསལ་པོ་བཀོད་ཐུབ་ན་བགྲོ་གླེང་མི་འཐོར་བའི་དགེ་མཚན་ཡོད་ཀྱང༌། ཕྱོགས་གཞན་ཞིག་ནས་དྲི་བ་ཧ་ཅང་དམིགས་ཀྱིས་བཀར་དྲགས་ན། བགྲོ་གླེང་གཞི་རྒྱ་ཆུང་དུ་འགྲོ་བའང་སྲིད་ཀྱི་རེད། ཇི་ལྟར་ཡང་དྲི་བ་གསུམ་པོ་དེའི་སྐོར་སྐུ་ཞབས་དམ་ཆོས་དཔལ་བཟང་ལགས་ཀྱིས་ངོ་སྤྲོད་གནང་ཟིན་སོང་བས་ངས་འགྲེལ་བརྗོད་ཞུ་དགོས་མ་མཆིས།
མཁས་པ་སྔོན་མ་རྣམས་ཀྱིས་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་དེ་མང་པོ་དྲངས་ཡོད། འོན་ཀྱང་ལུང་དེ་ཚད་ལྡན་ཡིན་མིན་དེ་བྱུང་རིག་པའི་དཔྱད་པ་བྱེད་སྟངས་ཀྱི་ཐོག་ནས་དཔྱད་ན་གྲུབ་དོན་རྙེད་རྒྱུ་ཁག་པོ་རེད། གང་ཡིན་ཞེ་ན། འཇམ་དཔལ་རྩ་རྒྱུད་ཀྱི་གཞུང་ཁོ་རང་ཡང་མི་འདྲ་བ་མང་པོ་འདུག རྒྱ་ནག་གི་སྐད་དུ་འཇམ་དཔལ་རྩ་བའི་རྟོགས་པའི་འགྱུར་སྔ་ཕྱི་གསུམ་ཙམ་འདུག རྒྱ་སྐད་དུ་སངས་རྒྱས་ཀྱི་གསུང་འགྱུར་སྔ་ཤོས་གྲས་རེད། ཕལ་ཆེར་ཕྱི་ལོ་བརྒྱ་ཕྲག་གཉིས་པའི་ནང་བསྒྱུར་འགོ་ཚུགས་ཟིན་པ་ཡིན་ཚོད། རྗེས་སུའང་བསྐྱར་བསྒྱུར་ཡང་བསྒྱུར་བྱས་ཏེ་ཕྱི་ལོ་བརྒྱ་ཕྲག་བརྒྱད་པ་དགུ་པའི་ནང་བསྒྱུར་བ་དེ་འདྲའང་ཡོད་བཟོ་འདུག འགྱུར་དེ་དག་ལ་རྒྱས་བསྡུས་དང་ཚིག་བརྗོད་མི་འདྲ་བ་སྣ་ཚོགས་ཤིག་ཡོད་འདུག གཞུང་དེ་བོད་སྐད་དུ་བསྒྱུར་བ་ད་ལྟ་བཀའ་འགྱུར་ནང་བཞུགས་པ་དེ་ཡོངས་གྲགས་སུ་འཇམ་དཔལ་རྩ་རྒྱུད་ཅེས་བརྗོད་ཀྱི་ཡོད་ཀྱང་མཚན་ངོ་མ་འཇམ་དཔལ་རྩ་བའི་རྟོགས་པ་ཞེས་པའི་རྒྱུད་དེ་རེད། རྒྱུད་དེ་ཕལ་ཆེར་བྱ་རྒྱུད་ཀྱི་ཁོངས་སུ་གཏོགས་སམ་སྙམ། ད་ལྟ་ང་ཚོས་བགྲང་བཞིན་པའི་ལུང་དེ་བཀའ་འགྱུར་དུ་བཞུགས་པའི་འཇམ་དཔལ་རྩ་རྒྱུད་དེའི་ནང་རྙེད་ཀྱི་མི་འདུག དེ་མི་རྙེད་པ་དེ་འཇམ་དཔལ་རྩ་བའི་རྟོགས་པ་ནང་ལུང་དེ་མེད་པའི་དབང་གིས་མ་རྙེད་པ་ཡིན་གྱི་མ་རེད། སྔོན་བྱུང་མཁས་པ་རྣམས་ཀྱིས་གཞུང་དུ་མེད་པའི་ལུང་དྲངས་པ་ཕལ་ཆེར་མེད། འོན་ཀྱང་རྗེས་སུ་མཁས་པ་གཞན་གྱིས་རྩ་གཞུང་ལ་མ་གཟིགས་པར་གཞུང་གཞན་དུ་དྲངས་པའི་ལུང་དེ་ནས་བསྐྱར་དྲངས་ཡང་དྲངས་བྱེད་སྐབས་ནོར་སྲིད་པ་རེད། ང་ཚོས་རྒྱུན་དུ་དྲངས་པའི་ལུང་དེ་ཚོ་དང༌། འཇམ་དཔལ་རྩ་བའི་རྟོགས་པའི་ནང་ཡོད་པའི་ལུང་དེ་དག་གི་ཚིག་མི་འདྲ་བའི་དབང་གིས་མ་རྙེད་པའང་ཡིན་སྲིད་ཀྱི་རེད། འགྱུར་མི་འདྲ་བའི་དབང་གིས་བོད་སྐད་དུ་ཚིག་མི་འདྲ་བར་གྱུར་པ། དཔེར་ན། དབུ་མ་འཇུག་པའི་རང་འགྲེལ་དུ་ཡོད་པའི་རྩ་བའི་ཚིག་དང༌། དབུ་མ་འཇུག་པའི་འགྱུར་རང་དབང་བའི་རྩ་ཚིག་དེ་དག་མི་འདྲ་བ་མང་པོ་ཡོད་པ་མཁས་པ་ཚོས་མཁྱེན་གྱི་རེད། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །ཞེས་པ་དང༌། ཉན་ཐོས་དེ་ཉིད་རྟོགས་འབྲིང་ཐུབ་དབང་སྐྱེས། །ཞེས་པའི་ཚིག་རྐང་གཉིས་པོ་གང་ཡང་རུང་བ་ཞིག་དབུ་མ་འཇུག་པའི་ནང་ལ་མི་འདུག་ཅེས་བརྗོད་མི་ཐུབ། འགྱུར་མི་འདྲ་བའི་དབང་གིས་ཚིག་མི་འདྲ་བ་ཆགས་པ་རེད། ད་ལྟ་ང་ཚོས་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་དུ་གྲགས་པ་མང་པོ་ཞིག་བཀའ་འགྱུར་དུ་བཞུགས་པའི་འཇམ་དཔལ་རྩ་རྒྱུད་ནང་མི་རྙེད་པ་ནི་འགྱུར་མི་འདྲ་བའི་དབང་གིས་ཡིན་སྲིད་པ་རེད། ཡང་ན། ལུང་དེ་ཚོ་དྲང་སའི་རྒྱ་དཔེའི་ནང་ཡོད་ཀྱང༌། བཀའ་འགྱུར་དུ་བཞུགས་པའི་འཇམ་དཔལ་རྩ་རྒྱུད་ཀྱི་བསྒྱུར་གཞྀའི་རྒྱ་དཔེའི་ནང་མེད་པའང་ཡོང་སྲིད་པ་རེད། ད་ལྟ་ལེགས་སྦྱར་ནང་རྙེད་པའི་འཇམ་དཔལ་རྩ་བའི་རྟོགས་པ་དང༌། བཀའ་འགྱུར་དུ་བཞུགས་པའི་བོད་སྐད་གཉིས་ལའང་མི་འདྲ་བ་མང་པོ་འདུག
ལུང་དེ་ཚོ་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་ཚད་ལྡན་ཡིན་མིན་ཇི་ལྟར་ཡང༌། དེ་དག་མ་འོངས་ལུང་བསྟན་ཡིན་པ་ནི་རྩོད་མེད་རེད། མ་འོངས་ལུང་བསྟན་གྱི་ལུང་དེ་ཚོ་འདས་པའི་བྱུང་རབས་ཀྱི་སྒྲུབ་བྱེད་དུ་བཀོད་མི་རུང་བ་ནི་དེ་ལྟ་བུའི་བྱུང་བའི་རིག་པའི་རྣམ་གཞག་ཤེས་མཁན་ཚང་མས་མགྲིན་གཅིག་ཏུ་བཤད་རྒྱུའི་གནད་དོན་ཞིག་རེད། དེ་འདྲ་ཡིན་ཙང་ང་ཚོས་བོད་ཀྱི་ལོ་རྒྱུས་སམ་བྱུང་རབས་ལ་ཞིབ་འཇུག་བྱེད་པའི་སྐབས་འཇམ་དཔལ་རྩ་རྒྱུད་ནས་དྲངས་པའི་མ་འོངས་ལུང་བསྟན་གྱི་ལུང་དེ་ཚོ་གཞི་རྩར་མ་བཞག་ན་སྟབས་བདེ་བ་ཡོང་གི་རེད། རྒྱུ་མཚན་ནི་མ་འོངས་ལུང་བསྟན་གྱི་ལུང་དེ་དག་གང་དུ་འདྲེན་འདྲེན་ལྟ་བུ་ཡིན་པ། དཔེར་ན། འཇམ་དཔལ་རྩ་རྒྱུད་དུ་ང་ཚོའི་བོད་ཀྱི་ཆོས་རྒྱལ་རྣམས་ཀྱི་ལུང་བསྟན་ཡིན་ཞེས་དྲངས་པ་དེ་དག་བལ་ཡུལ་བ་ཚོས་བལ་པོའི་རྒྱལ་རྒྱུད་ཀྱི་ལུང་བསྟན་ཡིན་ཞེས་བཤད་ཀྱི་ཡོད་པ་རེད། བལ་ཡུལ་བ་གངས་ཅན་པ་མ་རེད་ཅེས་བཤད་ཐུབ་ཐབས་མེད། དེ་འདྲའེི་རྙོག་གྲའི་ནང་ང་ཚོ་འཛུལ་བ་ཡིན་ན་བོད་ཀྱི་བྱུང་རབས་ལ་ཕན་ཐོགས་ཡོད་མིན་ཐེ་ཚོམ་རེད། རྒྱ་གར་གྱི་མཧཱ་བྷཱརཏ་ཞེས་པའི་གཞུང་གི་ནང་ལུང་བསྟན་མང་པོ་ཡོད་ཅིང༌། ལུང་བསྟན་དེ་ཚོའི་ནང་ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་པའི་ནང་ཚུགས་པའི་གོརཁཔུར་དུ་ཡོད་པའི་གིའ་ཏཱ་པྲེས་ཞེས་པའི་པར་ཁང་ཆེན་པོ་དེའི་བདག་པོའང་ལུང་བསྟན་འདུག་ཅེས་བཞད་གད་སློང་རྒྱུར་བགྲང་གི་ཡོད་པ་རེད། དེ་སྔོན་བོད་ཀྱི་མཁས་པ་ཞིག་གིས་ཀྱང་བཟང་སྤྱོད་སྨོན་ལམ་དུ། སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང༌། །ཞེས་པ་དེ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ལུང་བསྟན་དུ་འདོད་ན་འགྲིགས་ཀྱི་རེད་ཅེས་གསུངས་ཚུལ་གོ་རྒྱུ་འདུགདེ་འདྲ་ཡིན་སྟབས་མ་འོངས་ལུང་བསྟན་དང༌། བྱུང་རབས་གཉིས་ལོགས་སུ་བཞག་ན་ལེགས། ལྷག་པར་རྒྱུད་ཀྱི་ཚིག་དེ་ཚོ་རྒྱ་གར་དུ་སན྄དྷ྄ཡ྄འ་བྷཱ་ཥཱ་བརྡའི་སྐད་ཅེས་ཡོང་གྲགས་སུ་འདོད་ཚུལ་ཡོད་པ་ལྟར་ཚང་མ་སྒྲ་ཇི་བཞིན་པར་བཟུང་ནས་འགྲེལ་བཤད་བརྒྱབ་ན་མི་འགྲིགས། བྱུང་བ་ལ་དཔྱོད་པའི་སྐབས་ལུང་དེ་ཚོ་ལ་མ་བརྟེན་ན་སྟབས་བདེ་བ་ཡོང་གི་རེད།
དེ་རིང་བགྲོ་གླེང་ཚོགས་འདུ་འདིའི་བརྗོད་གཞི་གཙོ་བོ་བོད་ཀྱི་གདོད་མའི་མིའི་བྱུང་སྟངས་དང༌། བོད་མི་རིགས་ཀྱི་གནས་བབ་དང་བྱུང་རབས་སྐོར་ཡིན་པ་ངས་ཤེས་ཐུབ་ཀྱི་འདུག དེང་དུས་སྲིད་དོན་གྱི་བསམ་བློ་འཁྱེར་མཁན་མང་པོ་ཞིག་གིས་རིགས་ཞེན་དང་རྒྱལ་ཞེན་གྱི་དབང་གིས་རང་གི་མི་རིགས་དེ་མི་རིགས་གཞན་དང་མི་འདྲ་བ་ཞིག་ཡིན་དགོས་པའི་ལྟ་ཚུལ་ཞིག་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་མང་པོ་ཞིག་གིས་སོ་སོའི་མི་རིགས་ཀྱི་འབྱུང་ཁུངས་རྩད་གཅོད་བྱ་རྒྱུ་གལ་འགངས་ཆེན་པོར་བརྩི་བ་ཡིན་ནའང་དེ་ནི་ལྟ་ཕྱོགས་ཚད་ལྡན་ཞིག་མ་རེད། ལྟ་ཚུལ་དེའི་དབང་གིས་བྱུང་རབས་ལ་འཁྱོག་བཤད་སྣ་ཚོགས་བྱུང་ཡོད་པ། དཔེར་ན། རྒྱ་གར་གྱི་ཨཱརྱན་ཏེ་འཕགས་པའི་རིགས་ཞེས་པ་དེ་དུས་ཡུན་རིང་པོའི་བར་རྒྱ་གར་བ་ཚང་མས་རྒྱ་གར་རང་གི་མི་རྒྱུད་ཡིན་ཤག་ལས་ཕྱི་ནས་ཡོང་བ་ཞིག་ཡིན་པའི་དོགས་པ་ཙམ་ཡང་མེད་མོད། ཕྱིས་སུ་དབྱིན་ཇིའི་ལོ་རྒྱུས་སྨྲ་བ་ཚོས་ཨཱརྱན་གྱི་མི་རིགས་དེ་རྒྱ་གར་དུ་བྱུང་བ་མ་ཡིན་པར་དབུས་ཨེ་ཤི་ཡའི་ལུང་པ་གྲང་ས་ཞིག་ནས་མར་ཡོང་བ་རེད་ཅེས་ཟེར། ཡང་རྒྱ་གར་གྱི་ཆོས་ལུགས་སྨྲ་བ་མང་པོས་བོད་དེ་སུམ་ཅུ་རྩ་གསུམ་གྱི་གནས་ཡིན་པ་དང༌། བོད་མི་དེ་དག་ལྷ་ཡིན་པ། བོད་ཀྱི་རྒྱལ་པོའང་ལྷ་དབང་བརྒྱ་བྱིན་ཡིན་པ་སོགས་གྲལ་འགྲིག་མདོག་ཁ་པོ་པྲཀཱཤ་ཞེས་པའི་དེབ་ལ་སོགས་པའི་ནང་མང་པོ་བྲིས་ཡོད། Csomo D Koros ཞེས་པའི་ཧང་ག་རིའི་ན་གཞོན་ཞིག་གིས་ཧང་ག་རིའི་མི་རིགས་བོད་ནས་མཆེད་པ་རེད་ཅེས་ཐོས་ནས་རང་གི་མི་རིགས་ཀྱི་འབྱུང་ཁུངས་རྩད་གཅོད་པའི་ཆེད་དུ་ལ་དྭགས་དང་བོད་དུ་ཕྱིན་ནས་མི་ཚེ་ཆ་ཚང་བསྐྱལ་ནས་དཀའ་ལས་མང་པོ་བརྒྱབས་ཡོད། མཐའ་མ་བོད་ཀྱི་སྐད་ཡིག་ལ་ཉམས་ཞིབ་དང༌། ཚིག་མཛོད་བཟོ་སྐྲུན། བཀའ་འགྱུར་བསྟན་འགྱུར་གྱི་དཀར་ཆག་བཟོ་རྒྱུ་སོགས་ཤེས་ཡོན་དང་འབྲེལ་བའི་ལས་ཀ་རླབས་ཆེན་བྱས་ཐུབ་པ་བྱུང་ཡོད་ཀྱང་ཐོག་མ་ཁོ་རང་གི་དམིགས་ཡུལ་ཧང་ག་རིའི་མི་རིགས་ཀྱི་འབྱུང་ཁུངས་རྩད་གཅོད་རྒྱུའི་ལས་དོན་ལ་གྲུབ་འབྲས་གང་ཡང་ཐོན་མེད། སྔོན་གྱི་བོད་མི་ཚོའི་བསམ་བློར་ཡང༌། བོད་རིགས་ཀྱི་བྱུང་བ་བཙལ་སྐབས་རྒྱ་གར་ནས་མ་ཡིན་པ། རྒྱ་ནག་ནས་མ་ཡིན་པ། སོག་ཡུལ་ནས་མ་ཡིན་པ། བོད་རང་ནས་བྱུང་བ་ཞིག་ཡིན་དགོས་པའི་བསམ་ཚུལ་མེད་དམ་སྙམ། གང་ལྟར་སྤྲེའུ་བྱང་ཆུབ་སེམས་དཔའ་ནས་བྱུང་བ་རེད་ཅེས་པའི་བཤད་ཚུལ་ཞིག་ཡོངས་ཁྱབ་ཏུ་ཡོད། སྤྱིར་བཏང་བཤད་ཚུལ་དེ་ཚན་རིག་པ་ཊར་ཝིན་གྱི་བཤད་སྟངས་དང་མི་འདྲ་བ་གང་ཡང་མེད། སྤྲ་ནས་མི་ཆགས་པ་རེད་ཅེས་ལབ་ཆོག་གི་ཡོད་ན། ང་ཚོ་སྤྲེའུ་ནས་བྱུང་བ་རེད་ཅེས་ལབ་རྒྱུར་ངོ་ཚ་དགོས་དོན་ཅི་ཡོད། མདོ་དོན་བོད་མི་རིགས་ཀྱི་འབྱུང་ཁུངས་བཙལ་བའི་སྐབས་ངེས་པར་དུ་བོད་རང་ནས་བྱུང་བ་ཞིག་ཡིན་དགོས་པ་དང༌། གཞན་ཞིག་ནས་བྱུང་བ་ཡིན་ན་ང་ཚོའི་མི་རིགས་ཀྱི་རིན་ཐང་ཆུང་དུ་འགྲོ་བ་ལྟ་བུའི་བསམ་ཚུལ་ཞིག་འཁྱེར་དགོས་དོན་མེད། ལྷག་པར་དེང་སང་གི་ལོ་རྒྱུས་སྨྲ་བ་དང་ཚན་རིག་སྨྲ་བ་ཚོར་ཆུ་རྒྱུད་དུ་མི་རིགས་བྱུང་བའི་རྨོངས་དད་ཅིག་ཡོད། དེ་ལ་དཔྱད་པ་ཡེ་ནས་མི་དགོས་པར་ཡིན་ཤག་བྱས་པ་དེའང་ཚད་ལྡན་ཞིག་ཨེ་ཡིན། ནང་པའི་ལྟ་ཚུལ་དུ་བསྐལ་པ་དང་པོའི་མི་རྣམས་བརྫུས་སྐྱེས་ཡིན་ཟེར། དེར་ཚན་རིག་པ་ཚོས་གཏན་ནས་བདེན་པ་མ་རེད་བསམ་གྱི་ཡོད། ཚན་རིག་པས་བརྫུས་སྐྱེས་མེད་ཀྱང་མི་ཟེར། བྱ་དེ་དང་སྒོ་ང་སྔོན་ལ་གང་བྱུང་བ་རེད་ཅེས་པའི་དྲི་བ་དེའང་ཚན་རིག་པ་ཚོར་ཡོད་པ་ཞིག་རེད། ཡང་མང་པོས་སློབ་དཔོན་ཤེས་རབ་གོ་ཆའི་ལུང་ཡང་དྲངས་གནང་གི་ཡོད། དེའང་དེ་ཙམ་གྱི་ཚད་ལྡན་ཞིག་ཨེ་ཡིན་སྙམ། ད་ལྟ་ཡོད་པའི་མཧཱབྷཱརཏ་ཞེས་པའི་སྒྲུང་གཞུང་དེ་ཕྱི་ལོའི་སྔོན་གྱི་བརྒྱ་ཕྲག་མང་པོའི་གོང་ནས་བྱུང་ཟེར་བ་དེའང་རྨོངས་ཞེན་ཙམ་རེད་མ་གཏོགས་གཞུང་དེའི་ཚིག་འགྲོས་ལ་དཔྱད་ན་ཕྱི་ལོའི་སྔོན་གྱི་བརྒྱ་ཕྲག་གཉིས་པ་ཡས་མས་ཀྱི་ཚིག་འགྲོས་དང༌། ཁ་ཤས་ཕྱི་ལོ་བརྒྱ་ཕྲག་བརྒྱད་པ་དགུ་པའི་ཚིག་འགྲོས་ཀྱང་ཡོད་འདུག་པས་གཞུང་དེ་དུས་གཅིག་ཏུ་བརྩམས་པ་མ་ཡིན་པར་རིམ་གྱིས་གྲུབ་པ་ཞིག་ཡིན་པ་གསལ་པོ་རེད། ཅི་སྟེ་སྒྲུང་གཞུང་དེའི་ནང་ཡོད་པའི་བྱུང་བ་རྣམས་བདེན་པ་ཡིན་པའི་དབང་དུ་བཏང་ནའང་རྣམ་འདྲེན་བཞི་པ་འཇིག་རྟེན་དུ་མ་བྱོན་པའི་སྔོན་ལ་བོད་དུ་མི་རིགས་ཡོད་པའི་སྒྲུབ་བྱེད་དུ་ཤེས་རབ་གོ་ཆའི་ལུང་དེ་མི་འགྲོ། ང་ཚོས་དེ་བྱུང་རིག་པའི་རིགས་འགྲོས་ཀྱི་ཐོག་ནས་བོད་ཀྱི་མི་རིགས་ཀྱི་འབྱུང་ཁུངས་རྩད་གཅོད་བྱེད་པའི་སྐབས་མི་རིགས་འདི་ཁྱད་པར་བ་ཞིག་ཡིན་པས་བོད་ས་རང་ནས་བྱུང་བ་ཞིག་ཡིན་དགོས་སྙམ་པའམ། ཡང་ན་ཕྱི་ནས་ཡོང་བ་ཞིག་ཡིན་དགོས་སྙམ་པའི་རྨོངས་ཞེན་ཚང་མ་བཞག་ནས་གཟུ་བོར་གནས་པའི་བློས་རྩད་གཅོད་མ་བྱས་ན་དངོས་ཡོད་ཀྱི་གནས་ཚུལ་རྙེད་དཀའ་བས་རྨོངས་ཞེན་སྤངས་ནས་རིགས་པ་དང་བྱུང་རབས་ཀྱི་དན་རྟགས་ཁག་བརྒྱུད་ནས་དཔྱད་པ་བྱེད་རྒྱུ་གལ་ཆེ།
མཐའ་དོན་དེང་སང་ང་ཚོས་མི་རིགས་ཀྱི་སྐད་ཆ་བཤད་རྒྱུ་དེ་ཕྱོགས་ཐམས་ཅད་ནས་གལ་ཆེན་པོ་ཆགས་ཀྱི་ཡོད། ལྷག་པར་དུ་བོད་སྐད་ཀྱི་རིགས་ཞེས་པའི་མིང་ཚིག་དེ་ཧ་ཅང་ཁྱབ་ཆེན་པོར་བེད་སྤྱོད་བྱས་འདུག ལེགས་སྦྱར་སྐད་ཀྱི་མིང་ཚིག་མི་འདྲ་བ་མང་པོ་ཞིག་དང༌། དབྱིན་སྐད་ཀྱི་མིང་ཚིག་མི་འདྲ་བ་མང་པོ་ཞིག་གི་ཆེད་དུ་བོད་སྐད་དུ་རིགས་ཞེས་པའི་ཚིག་དེ་བེད་སྤྱོད་བྱས་འདུག ཚིག་དེ་བེད་སྤྱོད་བྱེད་སྐབས། ང་ཚོས་བོད་མི་རིགས་ཞེས་འབོད་པའི་སྐབས་ཀྱི་རིགས་ཟེར་བ་དེར་ངེས་ཚིག་གི་བཤད་པ་གསལ་པོ་ཞིག་ཡོད་དགོས་པ་གལ་ཆེན་པོ་རེད། དཔེ་མཚོན་ཙམ་ཞུ་ན། མངོན་རྟོཌ་རྒྱན་དུ། རིགས་དང་རུས་དང་ཆོ་འབྲང་དང༌། །ཞེས་པའི་སྐབས་ལེགས་སྦྱར་དུ་རིགས་ཀྱི་སྐད་དོད་ཀུལ་ཞེས་བརྗོད་པ་དང༌། ཡང་ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་པའི་སྐབས་ཀྱི་རིགས་ལ་གོཏྲ་ཞེས་འདུག དེ་གཉིས་ཀ་ལ་བོད་སྐད་དུ་རིགས་ཞེས་པའི་ཚིག་དེ་བེད་སྤྱོད་བྱས་ཡོད། མདོར་བསྡུས་ཏེ་ཞུ་ན་ལེགས་སྦྱར་སྐད་ཀྱི་ཀུལ་དང༌། ཛཱཏ། གོཏྲ། བཾཤ བརྞ་ལྟ་བུའི་ཚིག་ལྔ་གར་ཕལ་ཆེ་བར་རིགས་ཞེས་བཀོད་འདུག སྐབས་འགར་རུས་དང་ཆོ་འབྲང་སོགས་ཉུང་ཤས་བེད་སྤྱོད་བྱས་ཡོད། ལྷག་པར་དེང་དུས་སྲིད་དོན་ཚན་རིག་གི་ནང་གལ་ཆེ་བའི་མིང་ཚིག་དབྱིན་ཇིའི་སྐད་ནང་Race, Ethnic, Caste, Tribe ཞེས་པའི་མིང་ཚིག་བཞི་གར་བོད་སྐད་ལ་རིགས་ཞེས་བརྗོད་ཀྱི་ཡོད། དེ་ཙམ་མ་ཟད་ནེ་ཤན་Nationཞེས་པའི་ཚིག་ལའང་བོད་སྐད་དུ་མི་རིགས་ཞེས་བསྒྱུར་གྱི་ཡོད། འབྱུང་འགྱུར་ང་ཚོས་བོད་སྐད་དུ་རིགས་དང་མི་རིགས་ཞེས་པ་དེ་དབྱིན་སྐད་ལ་ Race དང་ Nation ཞེས་པ་རྐྱང་པར་གོ་དགོས་པ་དང༌། གོ་ཐུབ་པ་ཞིག་བྱེད་དགོས།Ethnicདང་ Tribe ལ་ཚིག་གཞན་པ་བེད་སྤྱོད་དགོས་པ་མཁས་པ་རྣམས་ཀྱིས་གཏན་ལ་ཕབ་ཐུབ་པ་ཡིན་ན། ང་ཚོའི་ཡིག་ཆའི་ནང་མི་རིགས་ཀྱི་འཐབ་རྩོད་ཅེས་བརྗོད་སྐབས་ནེ་ཤན་གྱི་འཐབ་རྩོད་ཡིན་པ་རང་བཞིན་གྱིས་གོ་ཐུབ་པ་ཡོང་རྒྱུ། རྒྱ་སྐད་ནང་ལའང་ནེ་ཤན་ཞེས་པའི་སྐད་དོད་ཅིག་སྔོན་མ་ནས་ཡོད་འདུག ལྷག་པར་དེང་སྐབས་ཁོང་ཚོས་མི་རིགས་ཀྱི་འཐབ་རྩོད་དང་རྒྱལ་ཁབ་ཀྱི་འཐབ་རྩོད་དབྱེ་བ་ཕྱེ་དགོས། འཛམ་གླིང་འདིར་མི་རིགས་ ༦༠༠༠ ལྷག་ཡོད་ཀྱང༌། རྒྱལ་ཁབ་ ༢༠༠ ལྷག་ཙམ་ལས་མེད། མི་རིགས་རྒྱལ་ཁབ་Nation Stateཞེས་པ་དེ་གལ་ཆེན་པོ་མིན་པར་མི་རིགས་མང་པོ་རྒྱལ་ཁབ་གཅིག་ཏུ་མཉམ་གནས་ཆོག་པ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་མི་རིགས་མང་པོའི་རྒྱལ་ཁབ་Multi-national stateཡིན་ཞེས་བརྗོད་ཀྱི་ཡོད། དེར་བརྟེན་བོད་རིགས་དེ་རྒྱ་ནག་གི་ནང་ Ethnic གཅིག་མ་ཡིན་པར་རྒྱ་ནག་གི་མི་རིགས་ ༥༦ ནང་གི་མི་རིགས་བྱེ་བྲག་པ་གཅིག་ཡིན་པ་དང༌། དེ་འདྲའི་མི་རིགས་བྱེ་བྲག་པ་དེར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་དང་གང་ཡོད་སོགས་ཀྱི་སྐོར་བགྲོ་གླེང་གནང་རྒྱུ་གནད་འགག་ཆེན་པོ་རེད། རྒྱ་མིས་དེ་སྔོན་ Nation ཞེས་པའི་ཚིག་དེ་རྒྱུན་དུ་བེད་སྤྱོད་བྱེད་ཀྱི་ཡོད་ཀྱང༌། སྔ་ལོ་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་ནང་རྒྱ་སྐད་ཀྱི་ཚིག་ལ་འགྱུར་བ་མེད་ཀྱང་དབྱིན་སྐད་དུ་ Ethnic ཞེས་བསྒྱུར་འདུག ང་ཚོས་རྒྱུན་དུ་བོད་མི་རིགས་ཞེས་པའི་ཚིག་དེ་དབྱིན་སྐད་དུ་ Tibet Nation ཞེས་པ་དང་དོ་མཉམ་གནས་ཐུབ་པ་བྱེད་དགོས།Nation ཞེས་པའི་ཚིག་གི་འཇུག་ཡུལ་ལ་ཚང་དགོས་པའི་ཁྱད་ཆོས་མཉམ་དུ་གནས་པ་དང༌། གཅིག་གྱུར་གྱི་རིག་གཞུང་དང་ལེགས་བྱང་ཡོད་པ། ལྷག་པར་དུ་སྐད་ཡིག་ཡོད་པ་བཅས་བོད་རིགས་ལ་ཚང་ཡོད། ལུང་དུ་སྟོན་པའི་རྣམ་གཞག་སྐད་ཡིག་གཞན་དང་འདྲ་མཚུངས་ཡོད་པའི་རྒྱུ་མཚན་གྱིས་བོད་ཀྱི་སྐད་ཡིག་སྐད་ཡིག་གཞན་ནས་བྱུང་བ་མིན་ནམ་བསམ་དགོས་དོན་མེད། བོད་སྐད་ལ་ལེགས་སྦྱར་སྐད་ཀྱི་ཤན་ཤུགས་ཡོད་པ་དངོས་བདེན་ཡང༌། སོག་པོའི་སྐད་དང༌། རྒྱ་སྐད་ཀྱི་ཤན་ཤུགས་ཀྱང་ཡོད། དེ་ནི་བོད་ཀྱི་སྐད་ཡིག་སྐད་ཡིག་གཞན་དག་ནས་ལེགས་ཆ་བླང་ཐུབ་པའི་ཡོན་ཏན་ཡིན་པ་ལས། སྐྱོན་ག་ལ་ཡིན། བོད་ཀྱི་སྐད་ཡིག་ནི་བརྡ་སྤྲོད་དང༌། མིང་ཚིག་རྩོ་མ་རིག་གང་གི་ཆ་ནས་ཧ་ཅང་གནས་ཚད་མཐོ་བ་ཞིག་ཡིན་པ་དང༌། མི་རིགས་ལ་ས་ཁྱོན་ཞིག་ཀྱང་ཡོད་དགོས་པ་དེ་ནི་བོད་རིགས་ཚང་མ་བོད་ཀྱི་ས་མཐོའི་ Tibet Plateauཐོག་ཉུང་ཉུང་མཉམ་སྡོད་བྱེད་མཁན་ཞིག་ཡིན་པ་ལས། མང་པོ་ཁ་ཐོར་བྱས་ནས་སྡོད་མཁན་ཞིག་རྩ་བ་ནས་མིན།
ཞང་ཞུང་དང་མིའུ་གདོང་དྲུག་ཅེས་པ་དེ་ཚོ་ཡང་བྱུང་བ་རིག་པའི་ཐོག་ནས་དཔྱད་པ་བྱེད་རྒྱུ་ཁག་པོ་རེད། ཞང་ཞུང་གང་དུ་ཡོད་མེད་ཀྱང་ཚད་འཛིན་དཀའ། སྐབས་རེ་ཞང་ཞུང་ཧ་ཅང་གི་ས་ཆ་ཆེན་པོ་དང༌། ཡང་སྐབས་རེ་ཧ་ཅང་ས་ཆ་ཆུང་ཆུང་གྲོང་བརྡལ་ལྟ་བུ་གཅིག་ལ་གོ་བའི་སྐབས་ཀྱང་ཡོད། རུས་ལ་མཚོན་ནའང་རུས་ལྔ་བཤད་པ་དང༌། དྲུག་བཤད་པ།བདུན་བཤད་པ་ལྟ་བུ་དཔེ་ཆ་ཁག་གི་ནང་འདྲ་མིན་སྣ་ཚོགས་ཡོད་སྟབས། དེ་ཚོ་བྱུང་བའི་རིག་པའི་ཐོག་ནས་དཔྱད་ཞིབ་བྱེད་དཀའ་བ་ཙམ་དུ་མ་ཟད་དགོས་གལ་ཡང་ཆེན་པོ་ཨེ་ཡོད་སྙམ། གལ་སྲིད་རུས་ཀྱི་གནད་དོན་གསལ་པོ་ཆགས་ནའང༌། དེས་ Ethnic གི་གནས་བབ་ཅིག་སྟོན་རྒྱུ་མ་གཏོགས།Nation དང་ Race གྱི་གནས་བབ་གསལ་སྟོན་ཐུབ་རྒྱུ་ཁག་པོ་རེད། བྱས་ཙང་གནད་དོན་དེ་ཚོའི་ཐོག་བྱུང་བ་རིག་པའི་ལྟ་སྟངས་དང་སྤྱིར་བཏང་བོད་པའི་ཡོངས་གྲགས་ཀྱི་ལྟ་སྟངས་གཉིས་དབྱེ་བ་ཕྱེ་ནས་གཟིགས་ཐུབ་ན་ཕན་ཐོགས་ཡོང་ངེས།
བོད་སིལ་བུར་ཐོར་བའི་རྗེས་ཀྱི་སྲིད་གཞུང་ཁག་གི་སྐྱོན་གནད་ཆེ་ཤོས་གང་བྱུང་མིན་ཞེས་པ་དེའང་ལོ་རྒྱུས་ཀྱི་སྟེང་ནས་ཉམས་མྱོང་ལེན་དགོས་པ་ཡིན་སྟབས་གལ་ཆེན་པོ་རེད། ཡིན་ནའང་དེ་ལ་དཔྱད་ཞིབ་བྱེད་སྐབས་ལྟ་སྟངས་མ་ནོར་བ་དང༌། ལྷག་པར་དུ་ཆབ་སྲིད་ཀྱི་གནས་སྟངས་རང་གི་ཐོག་ནས་བལྟ་ཐུབ་པ་དགོས། ད་ལྟ་བོད་མི་རིགས་ཀྱི་ཁྱད་ཆོས་དང་ངོས་འཛིན་མ་བརླགས་པར་གནས་ཐུབ་པའི་གནས་ཚུལ་འདི་ལ་སྔོན་གྱི་ཆབ་སྲིད་དབང་འཛིན་པ་རྣམས་ཀྱིས་ཕན་ཐོགས་རྩ་བ་ནས་བྱས་མེད་པ་རེད་ཅེས་ལབ་མི་ཐུབ། འདས་པའི་ཆབ་སྲིད་དབང་འཛིན་པ་རིམ་བྱོན་གྱིས་ཆོས་དང་རིག་གཞུང་གི་ཐོག་ཕྱག་ལས་ཡག་པོ་གནང་བ་དེ་ཚོའང་ངོས་འཛིན་བྱེད་དགོས་པ་ཞིག་རེད། ང་ཚོས་ཡུལ་གྱི་རང་དབང་གི་མངའ་ཐང་དེ་རྒྱལ་སྤྱིའི་ནང་གསལ་བར་མ་བྱས་པ་དང༌། ཕྱི་འབྲེལ་གྱི་ལས་དོན་ཐོག་ཆབ་སྲིད་ཀྱི་བསམ་ཚུལ་ཧ་ཅང་རྗེས་ལུས་ཐེབས་པའི་སྐྱོན་དེ་ཚོ་ནི་ཧ་ཅང་མངོན་གསལ་དོད་པོ་ཡོད་པ་བརྗོད་མ་དགོས་པ་རེད།
མཇུག་ཏུ་དེ་རིང་གལ་ཆེའི་བགྲོ་གླེང་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།

༢༠༠༦ ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་བོད་ཀྱི་ལོ་རྒྱུས་བགྲོ་གླེང་ཐོག་གནང་བའི་གསུང་བཤད།