བོད་ཕྲུག་ཁྱིམ་སྡེའི་དུས་དྲན་མཛད་སྒོའི་ཐོག་གནང་བའི་གསུང་བཤད།

༄༅། ། བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་ལོ་ངོ་ ༤༥ འཁོར་བའི་དུས་དྲན་མཛད་སྒོར་བཙན་བྱོལ་བོད་གཞུང་བཀའ་ཤག་དང༌། ངའི་འཛིན་སྐྱོང་ངོས་ནས་ཚང་མར་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

གོང་དུ་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་མཆོག་གིས་ལས་བསྡོམས་ནང་བཀའ་གནང་བ་ནང་བཞིན་འདས་པའི་ལོ་ ༤༥ རིང་ལ་བོད་མི་རིགས་ཀྱི་མ་འོངས་པའི་མདུན་ལམ་དང་འབྲེལ་བ་ཡོད་པའི་ལས་དོན་རླབས་ཆེན་ཞིག་བོད་ཕྲུག་ཁྱིམ་སྡེ་འདི་ནས་བསྐྲུན་ཡོད་པ་རེད། འདས་པའི་ལོ་ ༤༥ སྔོན་ལ་རྡ་རམ་ས་ལའི་ས་གནས་འདིར་བོད་ཕྲུག་ཁྱིམ་སྡེ་ཐོག་མར་དབུ་འཛུགས་གནང་བའི་སྐབས་དེའི་གནས་སྟངས་རང་ཉིད་ཀྱིས་དངོས་སུ་མཐོང་མྱོང་དང་ཉམས་མྱོང་ཡོད་མཁན་འདུ་ཚོགས་འདིའི་ནང་ལ་ཕལ་ཆེར་མང་པོ་ཡོད་ཀྱི་མ་རེད་བསམ་གྱི་འདུག བོད་ཁྱིམ་དབུ་འཛིན་མཆོག་ནས་གཏམ་བཤད་གནང་བ་ནང་བཞིན་གང་ཟག་རང་ཉིད་ཐོག་མར་འགོ་འཛུགས་བྱེད་པ་ནས་བཟུང་སྐུ་ངལ་ག་རེ་ཡོད་པ་དང༌། གནས་བབས་གང་འདྲ་ཡོད་པ། གདོང་ལེན་ག་འདྲ་གནང་བ་དང་དེའི་སྐབས་ཕུགས་རྒྱང་རིང་པོའི་འཆར་གཞི་བསྒྲིགས་ནས་ལོ་ ༤༥ རིང་ལ་གྲུབ་འབྲས་ག་རེ་ཐོན་པ་ཚང་མ་སོ་སོའི་མིག་སྔར་གྲུབ་པ་ཡིན་ཙང་སྐབས་རེར་གྲུབ་འབྲས་རླབས་ཆེན་དེ་འདྲ་ཐོན་པར་ཡིད་ཆེས་མི་ཐུབ་པའི་གནས་སྟངས་དེ་འདྲ་ཡོང་གི་འདུག དེ་ཚོ་ཡོངས་སུ་རྫོགས་པ་ཕྱོགས་གཅིག་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད་དང་ལམ་སྟོན་འཕྲིན་ལས་ཀྱི་བྱིན་རླབས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་འདི་ཚང་མས་ངེས་པར་དུ་མཁྱེན་ཐུབ་ཀྱི་རེད་བསམ་གྱི་འདུག

འཛམ་བུའི་གླིང་གི་རང་དབང་ཡོད་པ་དང༌། རང་དབང་མེད་པའི་སྤྱི་ཚོགས་དང༌། མི་རིགས་གང་འདྲ་ཞིག་ལ་བལྟས་པ་ཡིན་ནའང་ང་ཚོ་བོད་པའི་སྤྱི་ཚོགས་ཀྱི་གཞོན་སྐྱེས་ཚོ་ལ་ཤེས་ཡོན་ཕུལ་བྱུང་གི་གོ་སྐབས་བཟང་པོ་ཐོབ་པ་དང༌། སྒྲིག་འཛུགས་གནས་ཐུབ་པ། དེར་བརྟེན་ནས་མ་འོངས་པའི་སོན་རྩའི་ངོ་བོར་གྱུར་པའི་གཞོན་སྐྱེས་མང་པོ་ཞེ་པོ་ཞིག་ལ་སྲོལ་རྒྱུན་དང་དེང་རབས་གཉིས་ཀའི་སློབ་སྦྱོང་ཚད་དང་ལྡན་པ་སྤྲད་ཐུབ་པ་བྱུང་བ་དེ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་འཕྲིན་ལས་ཉག་ཅིག་ལས་བྱུང་བ་ཡིན་པ་ད་ལོ་བཀྲིན་རྗེས་དྲན་གྱི་ལོ་འདིའི་ཐོག་ལ་སླར་ཡང་ང་ཚོ་ཚང་མས་འདས་པའི་བྱུང་རབས་ལ་སྡོམ་གཅིག་བརྒྱབས་ནས་ྋརྒྱལ་བ་རིན་པོ་ཆེའི་བཀྲིན་སྔོན་ནས་རྗེས་དྲན་ཞུ་རྒྱུ་ལ་ཤེས་ཡོན་སློབ་སྦྱོང་གི་ལས་རིམ་འདི་འབུར་དུ་ཐོན་པའི་གནས་ཚུལ་ཆེ་བ་ཞིག་ཡིན་པ་ང་ཚོས་ངོས་འཛིན་ཐུབ་ཀྱི་རེད་བསམ་གྱི་འདུག ང་ཚོའི་གནས་ཡུལ་རྒྱ་གར་རང་དབང་ཡོད་པའི་ལུང་པ་ཡིན་ནའང་ས་ཁུལ་མང་པོ་ཞིག་ནས་ང་རང་ཚོ་ལ་དཔེ་བལྟ་རྒྱུ་དང༌། ང་ཚོའི་ནང་ཚུད་རྒྱུའི་འབད་བརྩོན་གནང་གི་ཡོད་པ་བཀའ་ཟུར་རྗེ་བཙུན་པདྨ་ལགས་ཀྱིས་ལས་སྡོམ་སྐབས་གསུངས་པ་ནང་བཞིན་རེད། རི་རྒྱུད་ཀྱི་མངའ་སྡེ་མང་པོ་ཞིག་ཤེས་ཡོན་སློབ་སྦྱོང་ཐོག་ལ་བོད་ཕྲུག་ཁྱིམ་སྡེས་དབུ་ཁྲིད་བྱུང་ན་བསམ་པའི་བསམ་ཚུལ་གཏིང་ཟབ་པོ་ཡོད་པ་རེད་འདུག

ཉེ་ཆར་ང་རང་ལ་དྭགས་སུ་ཕྱིན་པའི་སྐབས་ལ་ལ་དྭགས་རི་རྒྱུད་ལྷན་ཚོགས་ཀྱི་ངོས་ནས་ཀྱང་ང་ཚོའི་ངོས་ནས་མཐུན་རྐྱེན་སྒྲུབ་ཐུབ་པ་ཡིན་ནའང་ཤེས་ཡོན་ཕུལ་བྱུང་གི་འགོ་ཁྲིད་དང་ལམ་སྟོན་དེ་བོད་ཕྲུག་ཁྱིམ་སྡེ་ནང་བཞིན་བྱེད་ཐུབ་ཀྱི་མི་འདུག་པས་ལ་དྭགས་ཀྱི་ཤེས་ཡོན་ཐོག་ལ་བོད་ཕྲུག་ཁྱིམ་སྡེས་ངེས་པར་དུ་མཐུན་འགྱུར་གནང་དགོས་ཀྱི་འདུག ཁོ་རང་ཚོས་དངོས་སུ་འཛེམས་ཟོན་མེད་པའི་ཐོག་ནས་དེ་འདྲ་གསུང་གནང་གི་འདུག རྒྱ་གར་བྱང་ཤར་གྱི་རྒྱུད་ལ་དུས་ཡུན་རིང་པོ་ཞིག་ནས་བོད་ཕྲུག་ཁྱིམ་སྡེའི་ཡན་ལག་ཅིག་བྱུང་ན་བསམ་པ་བོད་མི་དང་ཡུལ་མི་གཉིས་ཀས་མངོན་འདོད་ཆེན་པོ་བྱེད་ཀྱི་ཡོད། དེ་རིང་ལས་སྡོམ་ནང་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་འབྲེལ་གྱིས་མ་འོངས་པར་རྒྱ་གར་བྱང་ཤར་ལ་བོད་ཕྲུག་ཁྱིམ་སྡེའི་ཡན་ལག་གསར་འཛུགས་གནང་རྒྱུ་ཐུགས་གཏན་འཁེལ་བ་འདིར་དམིགས་སུ་བཀར་ནས་བོད་གཞུང་བཀའ་ཤག་གི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་པའི་སྤྱི་ཚོགས་དང་ཡུལ་མིའི་སྤྱི་ཚོགས་གཉིས་ཀ་ལ་ཧ་ཅང་དགོས་གལ་ཆེ་བའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་རེད།

འདས་པའི་ལོ་ ༤༥ རིང་ལ་བོད་མིའི་ཤེས་ཡོན་གྱི་བྱུང་རབས་ཀྱི་ནང་གནས་ཚུལ་སྣ་ཚོགས་ཤིག་བྱུང་ཡོད་རེད། བཟང་པོའི་ཕྱོགས་ནས་བལྟས་པ་ཡིན་ན་རླབས་ཆེའི་བཟང་ཕྱོགས་ཀྱི་སྡོམ་བརྒྱབ་རྒྱུ་ཡོད་པ་དང༌། ཞན་ཆའི་ཕྱོགས་ནས་བལྟས་པ་ཡིན་ནའང་ཞན་ཕྱོགས་ཀྱི་གནས་སྟངས་ང་ཚོས་དུས་ཐོག་ལ་ངོས་འཛིན་མ་ཐུབ་པ་དེ་འདྲ་རེ་གཉིས་བྱུང་ཡོད་རེད། སློབ་གྲྭའི་ནང་དམའ་རིམ་གྱི་འཛིན་གྲྭ་ཁག་གི་ཤེས་ཡོན་སློབ་སྟོན་སྐད་ཡིག་བོད་སྐད་ནང་བསྒྱུར་རྒྱུ་དེ་ང་ཚོ་གང་འཚམས་ཤིག་རྗེས་ལུས་ཐེབས་པ་རེད། དཀའ་ངལ་བྱུང་བ་རེད། ཡིན་ནའང་བོད་ཕྲུག་ཁྱིམ་སྡེས་དབུ་ཁྲིད་གནང་ནས་ད་ལྟའི་གནས་སྐབས་ལ་བོད་མིའི་གཞི་རིམ་སློབ་གྲྭ་ཡོངས་སུ་རྫོགས་པའི་ནང་འཛིན་རིམ་ལྔ་པའི་བར་སློབ་སྦྱོང་གི་སྐད་ཡིག་བོད་སྐད་ཐོག་བསྒྱུར་ཐུབ་པ་དེ་ང་ཚོ་མི་རབས་ཀྱི་བྱུང་རབས་ནང་ཟུར་དུ་འདོན་ཐུབ་པའི་གནས་ཚུལ་ཞིག་ཡིན་བསམ་གྱི་ཡོད། འཛིན་གྲྭ་ལྔ་པའི་བར་སླེབས་པ་འདིར་འདོད་པ་ཚིམས་ནས་བསྡད་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་མ་རེད། གཞི་རིམ་འཛིན་གྲྭ་བཅིུས་བར་དུ་སོ་སོའི་འདང་ངེས་དང་ཕྱུག་པོ་ཡོད་བཞིན་པའི་བོད་པའི་སྐད་ཡིག་འདིའི་ཐོག་ནས་ཕྱི་ནང་གི་རིག་གནས་ཡོངས་སུ་རྫོགས་པ་སློབ་ཁྲིད་ཐུབ་རྒྱུའི་གོ་སྐབས་བསྐྲུན་རྒྱུ་དེ་ང་ཚོའི་མི་རབས་ཀྱི་དམིགས་བསལ་གྱི་ལས་འགན་ཞིག་ཆགས་ཀྱི་ཡོད་པ་རེད། མ་འོངས་པར་བོད་ཕྲུག་ཁྱིམ་སྡེས་ལས་དོན་འདིའི་ཐོག་ལ་མུ་མཐུད་ནས་སྔ་མ་ནང་བཞིན་འགོ་ཁྲིད་དང་མདུནསྐྱོད་གནང་ཐུབ་རྒྱུའི་རེ་བ་ཞུ་གི་ཡོད།

འདས་པའི་ ༢༠༠༤ ལོའི་ནང་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་གསར་པ་ཞིག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་གཏན་འབེབས་གནང་ཡོད་རེད། གཏན་འབེབས་གནང་བའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དེ་རིམ་པས་ང་ཚོའི་བོད་ཕྲུག་གི་བསྟི་གནས་ཡོངས་སུ་རྫོགས་པར་ལག་ལེན་བསྟར་དགོས་པ་ཞིག་རེད། འདིའི་ཐོག་ལ་ད་ལྟའི་གནས་སྐབས་ལ་བཙན་བྱོལ་བོད་མིའི་སློབ་གྲྭ་འཛིན་སྐྱོང་བྱེད་མཁན་གྱི་སྡེ་ཚན་ཁ་ཤས་ཤིག་ཡོད་པའི་ནང་ནས་སློབ་ཕྲུག་གི་ཆ་ནས་དང༌། ཤེས་ཡོན་གནས་ཚད་ཀྱི་ཆ་ནས་བུ་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་མདུན་སྐྱོད་གནང་བཞིན་པ་རེད།

ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་བའི་ཐོག་ལ་བོད་ཕྲུག་ཁྱིམ་སྡེས་ལམ་སྟོན་དང་མདུན་སྐྱོད་སྔ་མ་ནང་བཞིན་ཡོང་རྒྱུར་ང་ཚོས་སྙིང་ཐག་པ་ནས་ཡིད་ཆེས་བྱེད་ཀྱི་ཡོད། ད་ལྟའི་གནས་སྐབས་འདི་ལ་ང་ཚོས་ཚད་དང་ལྡན་པར་བོད་མི་རང་ཉིད་ནས་ད་ལྟ་དང་མ་འོངས་པའི་དགོས་མཁོ་དང་འཚམས་པའི་ཤེས་ཡོན་གྱི་ལམ་སྲོལ་གསར་པ་ཞིག་བཟོ་མ་ཐུབ་པ་ཡིན་ན་ཇི་སྲིད་ཀྱི་བར་དུ་ད་ལྟ་ང་ཚོར་ཡོད་བཞིན་པ་ནུབ་ཕྱོགས་པའི་སྤྱི་ཚོགས་དང་ནུབ་ཕྱོགས་པའི་བསམ་ཚུལ་དང་འཚམས་པ་ཡིན་ན་ཡང་ང་ཚོའི་དམིགས་བསལ་གྱི་དགོས་མཁོ་དང་མི་འཚམས་པའི་ཤེས་ཡོན་གྱི་ལམ་སྲོལ་འདིའི་ཐོག་ནས་ཉིན་གཅིག་རྒྱ་གར་ནང་བཞིན་ང་ཚོ་བོད་པ་ཡང་སློབ་སྦྱོང་ཐོན་པའི་རྗེས་ལ་ན་གཞོན་ལས་མེད་དང༌། ན་གཞོན་ལས་ཀ་བྱེད་འདོད་མེད་པ་དེ་འདྲའི་ཁྱུ་ཆེན་པོ་ཡོང་རྒྱུ་ཡིན་པས་འདི་ལྟར་མུ་མཐུད་ནས་བསྡད་པ་ཡིན་ན་མ་འོངས་པར་ང་ཚོའི་མི་རིགས་འདི་ངོས་འཛིན་ཐུབ་མིན་དང༌། མི་རིགས་ཀྱི་གནས་བབས་བསྐྱར་གསོ་བྱེད་རྒྱུའི་ལས་དོན་ཐོག་ལ་ཏན་ཏན་འཐུས་ཤོར་འགྲོ་རྒྱུའི་ཉེན་ཁ་ཞིག་ང་ཚོས་མཐོང་བསྡད་ཀྱི་འདུག་པས་ཤེས་ཡོན་སྲིད་བྱུས་ལ་ཕྱོགས་ཚང་མས་དོ་སྣང་གནང་དགོས་རྒྱུ་དང༌། དེའི་ཐོག་ལ་ད་དུང་མ་འདང་བ་ཡོད་ན་ཉིན་རེའི་ལས་ཀའི་ནང་ཡར་རྒྱས་གནང་དགོས་རྒྱུ་དང༌། སློབ་གྲྭ་ཁག་ལ་ལག་ལེན་བསྟར་གནང་དགོས་རྒྱུ་འདི་གལ་ཆེན་པོ་ཞིག་རེད། བོད་མི་གཞིས་བྱེས་འཛོམས་པའི་རྗེས་ལ་བོད་པའི་ཤེས་ཡོན་གྱི་ལས་དོན་ཡོངས་སུ་རྫོགས་པ་དེ་གཞུང་གི་ཐད་འཛིན་མ་ཡིན་པར་གཞུང་འབྲེལ་མ་ཡིན་པའི་སྒེར་འཛུགས་ཁག་གི་འགོ་ཁྲིད་གནང་དགོས་པ་འདི་ཧ་ཅང་གལ་ཆེན་པོ་ཡིན་པ་ད་ལྟའི་བཀའ་ཤག་གི་བསམ་ཚུལ་ནང་གསལ་པོ་ཞེ་དྲགས་རེད། བཙན་བྱོལ་ལ་གནས་པའི་སྐབས་ཏེ་ད་ལྟའི་གནས་སྐབས་ལ་བོད་ཕྲུག་ཁྱིམ་སྡེ་དང་དབུས་བོད་སློབ་འཛིན་ཚོགས་འོག་ལ་ཡོད་པ་དང་སམ་བྷོ་ཊ་ཤེས་རིག་ལས་ཁུངས་ཀྱི་ཐད་འཛིན་ལྟ་བུ་སློབ་གྲྭ་དེ་འདྲའི་སྡེ་ཚན་གསུམ་ལ་དབྱེ་ནས་ཡོད་རེད།

ཕུགས་རྒྱང་རིང་པོའི་དམིགས་ཡུལ་ནང་སློབ་སྦྱོང་གི་སྡེ་ཚན་དེ་དག་གཞུང་གི་ཐད་འཛིན་འོག་མ་ཡིན་པའི་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཤིག་གི་འོག་འགྲོ་གི་ཡོད་པའམ་ཡང་ན་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་མང་པོ་ཞིག་གི་འོག་ལ་འགྲོ་གི་ཡོད་ནའང་རེད། གང་ལྟར་གཞུང་འབྲེལ་མ་ཡིན་པའྀ་ལམ་ཞིག་གི་ཐོག་ནས་བོད་མིའི་ཤེས་ཡོན་གྱི་འཛིན་སྐྱོང་ཆ་ཚང་བ་ཞིག་བྱེད་དགོས་པ་མེད་དུ་མི་རུང་བའི་གནས་བབས་ཤིག་མཐོང་གི་ཡོད་པ་རེད། ང་ཚོ་ལོ་གྲངས་གང་ཙམ་ཞིག་བཙན་བྱོལ་དུ་གནས་དགོས་པའི་གནས་ཚུལ་ཆགས་པ་ཡིན་ནའང་བཙན་བྱོལ་ནང་ལ་བོད་མིའི་སློབ་སྦྱོང་གི་འཛིན་སྐྱོང་དང་དེའི་འགན་འཁུར་དེ་རིམ་པས་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་ནས་གནང་དགོས་རྒྱུ་མེད་དུ་མི་རུང་བ་རེད། འདིའི་ཐོག་ལ་བཙན་བྱོལ་གཞུང་གི་ངོས་ནས་བོད་ཕྲུག་ཁྱིམ་སྡེ་ལ་རེ་བ་ཆེན་པོ་རྒྱག་གི་ཡོད། གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད། མ་འོངས་པར་ང་ཚོའི་ཤེས་ཡོན་གྱི་གནས་བབས་ཡོངས་སུ་རྫོགས་པ་འདི་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་དེ་འདྲ་ཞིག་གི་ཐོག་ནས་གནང་ཐུབ་པ་ཡིན་ན་ཡག་པོ་ཡོང་གི་རེད་བསམ་གྱི་ཡོད།

དེ་རིང་གོ་སྐབས་འདི་བཟུང་ནས་འདས་པའི་ལོ་ ༤༥ རིང་ལ་བོད་ཕྲུག་ཁྱིམ་སྡེའི་མ་ལག་དང་བཅས་པའི་ལས་དོན་ཐོག་ལ་ཐུགས་ཁུར་བཞེས་མཁན་གྱི་ལས་བྱེད་བགྲེས་ཡོལ་ལ་ཕེབས་ཟིན་པ་དང༌། ཕྱག་ལས་གནང་བཞིན་པ། འཚོ་བཞུགས་ཡོད་པ་དང་མེད་པ་ཚང་མར་བཙན་བྱོལ་གཞུང་གི་བཀྲིན་རྗེས་དྲན་དང་ལེགས་སོ་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་ད་ལྟ་ཕྱག་ལས་གནང་བཞིན་པའི་འགན་འཛིན་གྱིས་གཙོས་པའི་ལས་བྱེད་ཆེ་ཕྲ་ཡོངས་སུ་རྫོགས་པ་ལ་བཙན་བྱོལ་གཞུང་གི་ངོས་ནས་གདེང་འཇོག་ཆེན་པོ་དང་ལེགས་སོ་བསྔགས་བརྗོད་དང་མ་འོངས་པར་མུ་མཐུད་ནས་ཕྱག་ལས་གནང་རྒྱུའི་ཡིད་ཆེས་དང་རེ་བ་ཞུ་གི་ཡོད། སློབ་ཕྲུག་ཚང་མར་ཁྱེད་རང་ཚོའི་སྒྲིག་འཛུགས་འདིས་གཅེས་འཛིན་བྱེད་རྒྱུའི་ཚིག་རང་ལས་གཞན་གཅེས་ཞེས་པ་འདི་རེད། དེ་ངེས་པར་དུ་རང་གི་མི་ཚེའི་ཀུན་སྤྱོད་དང་ཉམས་ལེན་ནང་སླེབས་ཐུབ་པ་ཞིག་ངེས་པར་གནང་རོགས་གནང༌། ཐུགས་རྗེ་ཆེ། །