བོད་མི་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བར་ཡོངས་ཁྱབ་ཏུ་གནང་བའི་འབོད་སྐུལ།

༄༅། ། གུས་པར་འོས་པའི་རྒྱ་ཆེའི་བོད་མི་མང་ཚོགས་དང༌། བོད་ཀྱི་གྲོགས་པོ་ཡོངས་ལ། ཉེ་བའི་ཆར་བོད་རྒྱ་གཉིས་བར་འབྲེལ་ལམ་བསྐྱར་གསོ་བྱ་རྒྱུའི་ང་ཚོའི་འབད་བརྩོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་འགོ་ཚུགས་ཡོད། ཚང་མས་མཁྱེན་གསལ་ལྟར། ཕྱི་ལོ་ ༢༠༠༢ ཟླ་ ༩ ཚེས་ ༩ ནས་ ༢༤ བར་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང༌། སྐུ་ཚབ་སྐལ་བཟང་རྒྱལ་མཚན་རྣམ་གཉིས་རྒྱ་ནག་དང༌། བོད་དུ་གཟིགས་སྐོར་ཕེབས་ནས་རྒྱ་ནག་གི་དབུ་ཁྲིད་དང༌། ལས་བྱེད་སྐུ་བགྲེས་ཁག་གཅིག་དང་མཇལ་འཕྲད་གནང་ཐུབ་པ་བྱུང་ཡོད། སྐུ་ཚབ་རྣམས་ཕྱིར་འཁོར་རྗེས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བཀའ་ཤག་ལ་ད་རེས་རྒྱ་གཞུང་གི་དབུ་ཁྲིད་རྣམས་དང་བཀའ་བསྡུར་བྱུང་བའི་གནས་ཚུལ་དང༌། བཀའ་བསྡུར་གྱི་བརྒྱུད་རིམ་ནང་བཟང་ཕྱོགས་ཀྱི་འགྱུར་བའི་ཚོར་སྣང་བྱུང་བ་སྙན་གསན་ཞུས་ཡོད། ང་ཚོས་བོད་རྒྱའི་འབྲེལ་བའི་ལེའུ་གསར་པ་ཞིག་ཕྱེ་ཐུབ་པ་དང༌། འབྲེལ་བའི་གོ་སྐབས་བརྒྱུད་ཞི་མོལ་འགོ་འཛུགས་དང་འབྲེལ་བོད་ཀྱི་གནད་དོན་ཕན་ཚུན་གྲོས་མོལ་བྱས་ཏེ་ཡང་དག་པའི་ཐག་གཅོད་ཐུབ་པའི་རེ་བ་ཞིག་བྱུང་ཡོད།

ད་རེས་པེ་ཅིང་གཞུང་ནས་ང་ཚོའི་སྐུ་ཚབ་ཚོགས་པ་གདན་ཞུ་གནང་སྟེ་བཟང་ཕྱོགས་ཀྱི་རྣམ་འགྱུར་བསྟན་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དགའ་བསུ་དང་འབྲེལ་ཕན་ཚུན་བར་འབྲེལ་བ་སླར་གསོ་ཐུབ་པར་ཐུགས་དགྱེས་མཉེས་ཆེན་པོ་གནང་བ་མ་ཟད། བཀའ་ཤག་དང༌། སྐུ་ཚབ་རྣམ་གཉིས་ལ་སླད་ཀྱང་འབྲེལ་བ་དེ་དག་ཡང་དག་པའི་རྒྱུན་མཐུད་གོང་འཕེལ་གཏོང་རྒྱུར་འབད་བརྩོན་ཤུགས་ཆེ་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་སྤྱི་ཕེབས་བྱུང་ཡོད།

བཀའ་ཤག་ནས་ཉེ་ཆར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཐོག་བར་ལམ་གནས་ཚུལ་བྱུང་རིམ་ཞིབ་ཕྲ་སྙན་གསན་ཞུས་པ་དང་ཆབས་ཅིག རྒྱ་གཞུང་གི་དབུ་ཁྲིད་རྣམས་ཀྱི་བཟང་ཕྱོགས་ཀྱི་རྣམ་འགྱུར་དང་བསྟུན་ནས་གོང་གསལ་བོད་རྒྱའི་འབྲེལ་བ་དེ་དག་རྒྱུན་མཐུད་ཡར་རྒྱས་གོང་འཕེལ་ཡོང་བའི་ཆེད་དུ་ཕྱི་ལོ་ ༢༠༠༣ ཟླ་ ༦ བར་བོད་རྒྱ་འབྲེལ་ལམ་གོང་འཕེལ་གྱི་བར་བརྒལ་ཁོར་ཡུག་གི་དུས་ཡུན་དུ་གཏན་འབེབས་ཞུས་པའི་གནས་ཚུལ་ངོ་སྤྲོད་ཞུས་པ་ཡིན། དེར་བརྟེན་རྒྱ་ཆེའི་བོད་མི་མང་ཚོགས་དང༌། བོད་ཀྱི་གྲོགས་པོ་རྣམས་ནས་ང་ཚོའི་འབད་བརྩོན་འདིར་མཉམ་གྲོགས་གནང་རོགས་ཞེས་ཞུ་རྒྱུ་ཡིན།

འདི་ལོའི་ཕྱི་ཟླ་ ༡༠ པར་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་ཨ་རི་དང༌། མེཀ་སི་ཁོ་ལ་འཚམས་འདྲིར་བསྐྱོད་རྒྱུ་ཡིན་ཞིང༌། འདས་པའི་ལོ་མང་རིང་བོད་མི་རྣམས་དང༌། བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས་ནས་རྒྱལ་སྤྱིའི་ནང་རྒྱ་ནག་དབུ་ཁྲིད་ཁག་གི་འཚམས་འདྲིའི་གོ་སྐབས་བཟུང་ནས་ཞི་བའི་ཁྲོམ་སྐོར་དང༌། ངོ་རྒོལ་སྐད་འབོད་སོགས་བྱས་ཏེ་རང་རང་གི་བསམ་ཚུལ་འདོན་སྤེལ་བྱས་ཡོད། ལས་འགུལ་དེ་དག་ནང་དམིགས་ཡུལ་གཅིག་ནི། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་དཀའ་རྙོག་འདི་བོད་རྒྱ་ཕན་ཚུན་གྲོས་མོལ་གྱི་ལམ་ནས་ཞི་བའི་འགྲིགས་འཇགས་ཡོང་ཐབས་གནང་བའི་ཟབ་ཡངས་དཀྱེལ་ཆེའི་མཛད་བྱུས་ལ་རྒྱ་གཞུང་དབུ་ཁྲིད་ཚོས་བཟང་ཕྱོགས་ཀྱི་བརྡ་ལན་ཞུ་བའི་སྐུལ་འདེད་བྱས་ཡོད། ད་ལྟ་རྒྱ་གཞུང་དབུ་ཁྲིད་ཚོས་ང་ཚོ་དང་གྲོས་མོལ་བྱ་རྒྱུའི་ཐུགས་འདུན་ཡོད་པའི་རྣམ་འགྱུར་ཞིག་ཐོན་བཞིན་པའི་སྐབས་འདིར་སྲིད་འཛིན་ཅང་ཙེ་མིན་ནས་ཨ་རི་དང༌། མེཀ་སི་ཁོར་འཚམས་འདྲི་གནང་བའི་དུས་ཡུན་འདི་ང་ཚོས་ཁོང་ཚོའི་རྣམ་འགྱུར་ལ་ཚོད་བགམ་བྱ་རྒྱུར་བེད་སྤྱོད་བྱས་ཆོག་ཅིང༌། རྒྱ་ཆེའི་བོད་མི་མང་དང༌། བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས་ལ་སྲིད་འཛིན་ཅང་ཙེ་མིན་གྱི་འཚམས་འདྲིའི་སྐབས་རྒྱ་རྒོལ་ཁྲོམ་སྐོར་དང༌། སྐད་འབོད་སོགས་མི་མང་གི་ལས་འགུལ་སྤེལ་རིགས་མི་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།

ད་ལྟའི་དུས་སྐབས་ནི་ང་ཚོའི་འཚེ་མེད་ཞི་བའི་འཐབ་རྩོད་ལས་འགུལ་གྱི་འགག་རྩའི་དུས་ཚོད་ཅིག་ཡིན། དེས་ན་འཛམ་གླིང་ཁྱོན་ཡོངས་སུ་བོད་དོན་ལས་འགུལ་བྱེད་མཁན་ཚང་མས་འགངས་ཆེའི་གནད་དོན་འདི་རིགས་ཐད་ཐུན་མོང་གི་གཅིག་གྱུར་ལངས་ཕྱོགས་ཤིག་འཛིན་དགོས་རྒྱུ་གལ་ཆེན་པོ་ཡིན་ལ། འདི་ནི་རང་རེའི་བདེན་དོན་འཐབ་རྩོད་ཀྱི་དགོས་མཁོ་ཡིན་ལ། དེང་སྐབས་འཛམ་གླིང་ནང་འཇིགས་སྐུལ་རིང་ལུགས་དང༌། འཚེ་བའི་དྲག་སྤྱོད། དམག་འཐབ་བཅས་ཀྱི་འཇིགས་སྣང་དཀའ་ངལ་འོག་གནས་པའི་སྐབས་འདིར་རང་རེས་ལག་ལེན་དངོས་ཀྱི་ཐོག་བྱས་ནས་རྒྱལ་སྤྱིའི་ནང་གྲོས་མོལ་དང༌། འཚེ་བ་སྤངས་པ། འགྲིགས་འཇགས་བཅས་ཡོང་བར་མིག་ལྟོས་བཟང་པོའི་གཞོགས་འདེགས་ཀྱི་མདུན་བསྐྱོད་ལེགས་སྐྱེས་ཆེན་པོ་ཞིག་འབུལ་ཐུབ་ངེས་ཡིན། མཛའ་བརྩེའི་གུས་འདུད་བཅས་བཀའ་བློན་ཁྲི་པ་ཟམ་གདོང་བློ་བཟང་བསྟན་འཛིན་གྱིས། ཕྱི་ལོ་ ༢༠༠༢ ཟླ་ ༩ ཚེས་ ༣༠ ལ།