བོད་མི་རྣམས་དམ་ཚིག་འོ་ཆུ་གཅིག་འདྲེས་གནས་དགོས་པའི་བཀའ་སློབ།

ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༤ ཚེས་ ༡༢ ཉིན་རྒྱབ་ཏུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་གཙུག་ལག་ཁང་དུ་ཨ་ཁུ་ཤེས་རབ་རྒྱ་མཚོས་མཛད་པའི་འཇམ་དཔལ་དུས་དགྲའི་དབང་པོ་མ་ཧེའི་གདོང་ཅན་བཅུ་གསུམ་ལྷའི་འཁོར་ལོའི་རིམ་གཉིས་ཀྱི་ཟབ་ཁྲིད་ཟིན་བྲིས་འཇིགས་མཛད་རྡོ་རྗེའི་ཞལ་ལུང་གི་བཀའ་ཁྲིད་མ་གནང་གོང་དུ་སྔོན་འགྲོའི་ཀུན་སློང་བཅོས་ཚུལ་རྒྱས་པར་གསུངས་པ་དང་སྦྲགས། བོད་མིའི་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་གཏོང་ཐབས་ཆེད་སྒོ་གསུམ་དང་འབྲེལ་བའི་བསོད་ནམས་རྒྱ་གང་ཆེ་གསོག་དགོས་སྐོར་གསུང་དོན།

In Gyuto Monastery (2)ད་རེས་ང་ཚོས་འཆད་ཉན་བྱ་རྒྱུའི་དུས་ཚོད་འདི་གཞིས་བྱེས་བོད་མི་ཚང་མར་ཕྲན་བུ་སེམས་འཚབ་ཡོད་པ་དང་གཉན་འཕྲང་ཅན་གྱི་དུས་ཚོད་ཅིག་ལ་འཁེལ་ཡོད། མང་ཆེ་བས་མཁྱེན་གསལ་རེད། ཉེ་ཆར་ཕྱི་ཟླ་ ༤ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་གྲོས་ཚོགས་ལྷན་རྒྱས་ཀྱི་ཐོག་ནས་སྤྱི་འཐུས་གྲོས་ཚོགས་གྲོལ་བའི་ཉིན་མོར་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་མོ་དང་ཚེ་རིང་མཆེད་ལྔ་སྐུ་གསོལ་ཞུས་ཏེ་བཀའ་ལུང་ཞུས་འདུག

སྐབས་དེར་བར་ལམ་ཕྱི་ནང་གི་གནས་ཚུལ་མང་པོ་ཞིག་གི་ཐོག་ནས་༸གོང་ས་མཆོག་ཐུགས་ཕམ་བྱུང་ཡོད་པ་དང་། དེའི་དབང་གིས་ཆོས་སྐྱོང་ཚོས་༸གོང་ས་ཆེན་པོའི་སྐུ་ཕྱྭའི་ཐུགས་འགན་བཟོད་མིན་གྱི་གནས་སྟངས་སྐོར་བཀའ་ལུང་ཧ་ཅང་གཞི་ལྗིད་པོ་དེ་འདྲ་ཕེབས་འདུག དེའི་དབང་གིས་མི་ཚང་མར་སེམས་འཚབ་ཡོང་རྒྱུ་ཡིན་པ་དངོས་ཡོད་གནས་སྟངས་ཤིག་རེད། ༸གོང་ས་མཆོག་ཐུགས་ཕམ་ཡོང་རྒྱུ་དང་ཐུགས་བབས་མེད་པའི་གནས་ཚུལ་དེ་དག་ང་ཚོ་བོད་མིའི་སྤྱི་མཐུན་བསོད་ནམས་ཀྱིས་མ་འཁྱོགས་པའི་དབང་གིས་བྱུང་བར་བརྟེན། ང་ཚོ་ཚང་མས་དེའི་ནང་འགན་འཁྲི་དང་ཐེ་གཏོགས་ཡོད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད།

In Gyuto Monastery (1)འདིའི་ཐོག་ལ་གཅིག་གིས་གཅིག་ལ་ཁག་དཀྲི་རེས་བྱ་རྒྱུའི་གནས་སྟངས་ཤིག་རྩ་བ་ནས་མ་རེད། སུས་ནོར་བ་རེད། ག་རེ་ནོར་བ་རེད་ཅེས་བསྙོན་འཛུགས་བྱས་ནས་ཕན་ཐོགས་ཡོད་པ་ཞིག་མིན། ཐུབ་པས་ཉོན་མོངས་དགྲར་གཟིགས་ཀྱི།། ཉོན་མོངས་དང་འབྲེལ་གང་ཟག་མིན།། ཞེས་གསུངས་པ་ལྟར་ཉོན་མོངས་མ་སྤངས་པའི་གང་ཟག་གཅིག་ཡིན་ཕྱིན་ནོར་འཁྲུལ་སུ་ལའང་ཡོང་སྲིད་པ་ཞིག་རེད། དེར་བརྟེན་སུས་ནོར་བ་རེད། སུས་མ་ནོར་བ་རེད། གང་དུ་འགྲིགས་པ་རེད། གང་དུ་མ་འགྲིགས་པ་རེད་ཅེས་པའི་གནས་ཚུལ་དེ་དག་བཞག་ནས། གང་ནས་མ་འགྲིགས་པ་དང་། གང་ནས་འཐུས་ཤོར་བ་དེ་དག་མ་འོངས་པར་མི་ཡོང་བ་དང་། ང་ཚོས་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་གཏོང་རྒྱུར་འབད་བརྩོན་གནང་དགོས་པ་འདི་ཐུགས་གལ་ཆེན་པོ་རེད།

དེར་བརྟེན་གསུང་ཆོས་སྐབས་སུ་ཧ་ལམ་ཉིན་ལྟར་གསོལ་ཇ་ཡོད་རེད་བསམ་གྱི་འདུག གསོལ་ཇའི་སྐབས་སུ་མ་ཎི་ཕྲེང་སྐོར་རེ་འདོན་རྒྱུ་འདི་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚེའི་ཚེ་སྒྲུབ་དང་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་གཏོང་རྒྱུ། དེ་བཞིན་བར་ལམ་ཐུགས་ཕམ་གྱི་རྣམ་པ་བསྟན་དགོས་པའི་རྒྱུ་མཚན་གང་ལས་བྱུང་བ་དེ་དག་བཤགས་བྱང་གིས་དག་རྒྱུའི་ཆེད་དུ་དམིགས་ནས་ཡིན། ཆོས་སྐྱོང་གི་བཀའ་ལུང་གི་ནང་དུའང་བོད་མི་ཚང་མས་མ་ཎི་འབུམ་གཉིས་རེ་འདོན་དགོས་པ་ཕེབས་ཡོད། མ་ཎི་འབུམ་གཉིས་རེ་འདོན་ཐུབ་མཁན་དང་མི་ཐུབ་མཁན་གཉིས་ཀ་ཡོད་མདོག་ཁ་པོ་རེད། འབུམ་གཉིས་ཆ་ཚང་མ་ལོངས་པ་ཡིན་ནའང་ཚང་མས་ཉིན་ལྟར་ཕྲེང་སྐོར་འགའ་ཤས་འགྲོ་ཞོར་བསྡད་ཞོར་དུ་གསུངས་པ་ཡིན་ན་ཡག་པོ་ཡོད་རེད་བསམ་གྱི་འདུག

འདིར་ཉིན་གུང་གསོལ་ཇའི་སྐབས་མ་ཎི་ཕྲེང་སྐོར་རེ་འདོན་པ་ཡིན་ནའང་ཚོགས་ཆེན་པོ་ཡིན་སྟབས། གྲངས་གསོག་ཡག་པོ་ཡོང་གི་རེད། དེས་༸སྐྱབས་མགོན་རིན་པོ་ཆེའི་སྐུ་ཚེའི་ཚེ་སྒྲུབ་དང་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་གཏོང་རྒྱུར་ཐུགས་ཕན་གསོས་ཀྱི་རེད། ལར་ནས་ཚང་མས་རྒྱུན་དུ་༸གོང་ས་མཆོག་ལ་ཁ་ཞེ་གཉིས་མེད་ཀྱིས་གསོལ་བ་ཕུར་ཚུགས་སུ་བཏབ་ནས་སྐུ་ཚེ་༧ཞབས་པད་བརྟན་པ་དང་། བོད་མི་མང་ཚོགས་ཐུགས་རྗེའི་སྐྱབས་འོག་ནས་མི་འདོར་བའི་གསོལ་བ་ཡང་ཡང་འདེབས་དགོས་པ་འདི་གལ་ཆེན་པོ་རེད།

ཐུགས་རྗེའི་ལྕགས་ཀྱུ་དང་དད་པའི་ཨ་ལོང་ཟུང་དུ་འབྲེལ་དགོས་ཞེས་བོད་པའི་གཏམ་དཔེར་ཡོད། སངས་རྒྱས་ལ་ཐུགས་རྗེ་ཡོད་པ་ཡིན་ནའང་སེམས་ཅན་ལ་ཐུགས་རྗེ་དེ་འཇུག་པའི་སྣོད་དུ་མ་གྱུར་པ་ཡིན་ན་སངས་རྒྱས་ཉག་གཅིག་གིས་བརྩེ་བ་སྙིང་རྗེ་ཆེན་པོ་ཡོད་པ་ཙམ་གྱིས་སེམས་ཅན་བཟུང་ནུས་ཀྱི་མེད། དེར་བརྟེན་སངས་རྒྱས་ཀྱི་འཕྲིན་ལས་འཇུག་པའི་སྣོད་ལྟ་བུ་དེ་ང་ཚོས་བསྐྲུན་དགོས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་ཡིན་སྟབས། སུ་ལའང་དགོངས་པ་འགལ་བ་དང་ཐུགས་རྗེ་མེད་པ་མི་ཡོང་། འོན་ཀྱང་ང་ཚོའི་ངོས་ནས་ཐུགས་རྗེ་དེ་འཇུག་རྒྱུར་སྣོད་ཡག་པོ་ཞིག་སྨིན་མ་ཐུབ་པ་ཡིན་ན། གྱོང་ང་རང་ཚོར་རག་རྒྱུའི་ཉེན་ཁ་ཡོད་པ་ཞིག་རེད། དེར་བརྟེན་གཙོ་བོ་བོད་རིགས་ནང་ཁུལ་དམ་ཚིག་ཟོང་ཁ་ཆིག་བསྒྲིལ་ཡོང་བ་བྱ་རྒྱུ་འདི་གལ་ཆེན་པོ་རེད།

བོད་རིགས་ནང་ཁུལ་དམ་ཚིག་ཟོང་ཁ་ཆིག་བསྒྲིལ་ཡོང་རྒྱུའི་རྒྱུ་རྐྱེན་གཙོ་བོ་ནི་གཅིག་གིས་གཅིག་ལ་བྱམས་བརྩེ་བྱེད་རྒྱུ་དང་། གུས་ཞབས་བྱེད་རྒྱུ། ཕན་ཚུན་སྐྱོན་བརྗོད་དང་ཁག་དཀྲི་རེས་མིན་པར་མཐུན་འགྱུར་དང་ཡོན་ཏན་གྱི་ངོས་ནས་བལྟ་དགོས་པ་གལ་ཆེ་ཡིན་སྟབས། ད་ལྟའི་གནས་སྐབས་སུ་ང་ཚོ་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པས་༸སྐྱབས་མགོན་རིན་པོ་ཆེར་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་དང་། རང་གིས་སྤྱི་མཐུན་གྱི་བསོད་ནམས་གསོག་རྒྱུ། ཚུལ་བསྟན་དགོངས་པར་མ་བབས་པའི་གནས་ཚུལ་ཡོད་ཚེ་མ་འོངས་པར་བསྐྱར་ལྡབ་མི་ཡོང་ཆེད་ང་ཚོས་གང་གནང་དགོས་པ་འདུག་དེར་གཟིགས་རྒྱུ་དང་། ནོངས་པ་དང་འཁྲུལ་པ་བྱེད་མཁན་གང་ཟག་དེ་དག་ལའང་བྱེད་སྟངས་ལ་འགལ་ཟླ་བྱེད་དགོས་ཀྱང་། བྱེད་མཁན་གང་ཟག་དེར་ཉེ་རིང་མེད་པ་བྱེད་དགོས། བྱེད་མཁན་གང་ཟག་དེར་ཁོང་ཁྲོ་མེད་པར་སྙིང་རྗེའི་ཡུལ་དུ་འཇོག་དགོས། དེའི་ཐོག་ནས་ང་ཚོ་ཚང་མས་དམ་ཚིག་འོ་ཆུ་ཆིག་བསྒྲིལ་ཡོང་རྒྱུའི་རེ་བ་ཡོད་པ་ཞིག་རེད། དེར་བརྟེན་ཚང་མས་དེ་ལྟར་དགོངས་པར་འཇགས་རོགས་གནང་ཞེས་བཀའ་བསྩལ།། །།