མང་གཙོའི་དུས་དྲན་ཐེངས་ལྔ་བཅུ་པའི་སྐབས་གནང་བའི་བཀའ་ཤག་གི་གཏམ་བཤད།

༄༅།། ལྷར་བཅས་སྲིད་ཞིའི་རྣམ་འདྲེན་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུའི་ཕྲེང་བ་བཅུ་བཞི་པ་ཆེན་པོ་མཆོག་གི་ངོ་མཚར་རྨད་དུ་བྱུང་བའི་འཕྲིན་ལས་ཉག་གཅིག་གི་མཐུ་ལས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཡང་དག་པའི་མང་གཙོའི་ལམ་དུ་བསྒྱུར་ནས་ལོ་ལྔ་བཅུ་འཁོར་བའི་སྐལ་བཟང་དུས་སྟོན་གྱི་ཉིན་མོ་འདིར། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ྋགོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གུས་ཕྱག་དང་བཅས་མགོན་པོ་གང་ཉིད་འཇིག་རྟེན་ཡོངས་ཀྱི་མང་གཙོའི་དེད་དཔོན་ཆེན་པོར་ྋཞབས་ཟུང་སྲིད་མཐར་བརྟན་ཅིང༌། རྒྱ་ཆེ་རྒྱུན་མི་ཆད་པའི་འཕྲིན་ལས་ཀྱི་འཇུག་པ་སྔར་བཞིན་སྐྱོང་བའི་གསོལ་འདེབས་དང༌། བོད་དང་བོད་མིར་བརྩེ་གདུང་ཅན་གྱི་རྒྱལ་སྤྱིའི་མང་ཚོགས་དང༌། གཞུང་དང་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་བ་སྤྱི་དང༌། བྱེ་བྲག་རྒྱ་གར་འཕགས་པའི་ཡུལ་གྱི་གཞུང་མང་ཡོངས་ལ་མཛའ་བརྩེའི་འཚམས་འདྲི་དང༌། ལྷག་པར་དེ་རིང་ཤར་ནུབ་རྒྱལ་ཁབ་ཁག་གི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་མཚོན་བོད་དོན་རྒྱབ་སྐྱོར་བ་མང་པོ་སྐུ་ངལ་འཛེམས་མེད་ཀྱིས་འདི་གར་ངོ་ཕེབས་ཐོག བོད་མི་རྣམས་ཀྱི་སྙིང་སྟོབས་དང་སེམས་ཤུགས་སྤེལ་གནང་མཛད་པར་སྙིང་ནས་ཐུགས་རྗེ་དང་བཀྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།

སྤྱིར་འཇིག་རྟེན་གྱི་སྲིད་ལུགས་ཇི་འདྲ་ཞིག་ཡིན་རུང་སྐྱོན་ཆ་མེད་པ་མེད་ཀྱང༌། མི་ལོ་སུམ་སྟོང་བརྒལ་བའི་སྔོན་རྒྱ་གར་དུ་དར་བའི་“ཚོགས་ཀྱི་གཙོ་བ་” ཞེས་པའི་ལམ་སྲོལ་ལ་རིམ་བཞིན་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་མིག་དཔེ་ཡར་བལྟས་བྱས་པའི་“མི་མང་གིས་དབང་སྒྱུར་”རམ་“མང་གཙོའི་རིང་ལུགས་” ཞེས་པ་འདི་ཆབ་སྲིད་ཀྱི་ལམ་སྲོལ་བཟང་ཤོས་སུ་བརྩིས་ཏེ། དེའི་ཆེད་མི་མང་གིས་དཀའ་སྤྱད་རྩོལ་སྒྲུབ་བྱས་དང་བྱེད་བཞིན་པ་དེ་ལྟར་ཡང༌། རང་ཅག་བོད་མི་རྣམས་ལ་དེ་འདྲའི་རྩོལ་བ་ཡེ་ནས་མ་དགོས་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་མང་ཚོགས་ཀྱི་གནས་ཚད་སྨིན་མིན་ལ་མ་གཟིགས་པར་བཙན་ཐབས་སུ་བསྩལ་ནས་ལོ་ལྔ་བཅུ་སོང་བ་དེའི་རིང༌། གྲོས་ཚོགས་གསར་འཛུགས་དང༌། བཅའ་ཁྲིམས་གཏན་འབེབས། མང་གཙོའི་སྒྲིག་འཛུགས་ཁག་ཚགས་ཚུད། འཛིན་སྐྱོང་གི་ལས་དོན་ཕྱི་གསལ་ནང་གསལ། ཁྲིམས་ཀྱི་དབང་སྒྱུར་ངེས་གཏན་རྙེད་པ་བཅས་བྱུང་བ་ནི་དགའ་སྤོབས་འོས་པའི་རླབས་ཆེན་གྱི་གྲུབ་འབྲས་ཤིག་ཡིན་པ་དང༌། དེ་དག་ྋགོང་ས་མཆོག་གི་ཐུགས་རྗེ་དང་འཕྲིན་ལས་ཉག་གཅིག་ལས་བྱུང་བ་ཡིན་པའང་དེ་རིང་རྗེས་དྲན་ཞུ་འོས་པ་ཡིན།

བཀའ་ཤག་སྐབས་བཅིུས་པ་དང་བཅུ་གསུམ་པས་མང་གཙོའི་དུས་དྲན་གྱི་གཏམ་བཤད་ཐེངས་བརྒྱད་ཞུས་ཟིན་པའི་ནང་བོད་མིའི་མང་གཙོའི་ཆབ་སྲིད་ཀྱི་ཐུན་མིན་གནས་བབ་དང༌། དེའི་ཁྱད་ཆོས་དང་ཞན་ཆ། བོད་མི་སྤྱི་དང་བཙན་བྱོལ་བོད་མིས་བསྒྲུབ་དགོས་ཀྱི་ལས་འགན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་མཚོན་ཞི་བའི་སྤྱི་ཚོགས་ཀྱི་བསྒྲུབ་བྱའི་འགན་དབང༌། བཀའ་ཤག་གི་ཆབ་སྲིད་དང་འཛིན་སྐྱོང་གི་ལྟ་གྲུབ། སྲིད་བྱུས་ཁག་སོགས་ཀྱི་སྐོར་གནས་ཚུལ་མང་དག་ཅིག་ཞུས་ཟིན་པ་རྣམས་དྲན་སྐུལ་བསྐྱར་ནན་དང་འབྲེལ། དེ་རིང་གི་གཏམ་བཤད་འདི་མང་གཙོ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་གྱི་སྐབས་འཁེལ་བ་མ་ཟད། ད་ལྟའི་བཀའ་ཤག་གི་མང་གཙོའི་དུས་དྲན་གྱི་གཏམ་བཤད་མཐའ་མ་དེའང་ཡིན་པས། ད་བར་གཞིས་བྱེས་མང་ཚོགས་ཀྱིས་འཛིན་སྐྱོང་ལ་མཐུན་འགྱུར་རྒྱབ་སྐྱོར་དང༌། མཛའ་བརྩེས་ལམ་སྟོན་རླབས་ཆེན་གནང་བར་སྙིང་ནས་ཐུགས་རྗེ་དང་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་བ་དང་ཆབས་ཅིག བར་ལམ་དངོས་བྱུང་གི་ཉམས་མྱོང་ལ་གཞི་བཅོལ་ཏེ་གནས་ཚུལ་རེ་ཟུང་ཞུ་རྒྱུའི་གོ་སྐབས་བླང་རྒྱུ་ཡིན།

དེ་རིང་གི་འདུན་ས་ཆེན་པོ་འདིར་བཀའ་ཤག་གིས། ད་ལྟའི་གནས་སྐབས་སུ་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་དང༌། སྒྲོམ་གཞི་ཡང་དག་པའི་མང་གཙོའི་ལམ་སྲོལ་མཚན་ཉིད་དང་ཆ་ལག་ཚང་བ་ཞིག་གི་ནང་དུ་སླེབས་ཟིན་ཅིང༌། མང་གཙོའི་ན་ཚོད་ཡོངས་སུ་སྨིན་པ་ལ་མངོན་དུ་ཕྱོགས་པ་ཡིན། ཞེས་ཚིག་ཐག་ཆོད་པོ་དང༌། སྐད་གསངས་མཐོན་པོས་འགན་ཁུར་ཡོད་པའི་ཐོག་ནས་བརྗོད་རྒྱུ་ལ་ཐེ་ཚོམ་དང་ནེམ་ནུར་གང་ཡང་མེད་ཅེས་ཞུ་རྒྱུ་ཡིན། འོན་ཀྱང་ད་དུང་ལེགས་བཅོས་དང་ཡར་རྒྱས་མུ་མཐུད་དགོས་པ་དང་ཡོང་རྒྱུའང་ཡིན་པ་སྨོས་མ་དགོས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་ད་རེས་མང་གཙོའི་དུས་དྲན་གྱི་མཛད་སྒོ་ཟབ་རྒྱས་གོ་སྒྲིག་གནང་སྟངས་ལ་གཞིགས་ན་ང་ཚོའི་བསྒྲགས་གཏམ་འདིར་མོས་མཐུན་གནང་བའི་ཡིད་ཆེས་ཡོད།

བར་སྐབས་རེ་ཟུང་གིས་ད་ལྟའི་ལམ་སྲོལ་འདི་མང་གཙོ་མིན་པ་དང༌། མང་གཙོ་ངང་སྒུག་བྱེད་ཀྱི་ཡོད་ཚུལ་སོགས་རྣམ་རྟོག་གི་སྤྲོས་པ་ཇི་སྙེད་ཅིག་སྤེལ་འདུག་པ་དགག་གཞག་གི་དགོས་གལ་མ་མཐོང་ཡང༌། རང་བཞིན་དྲང་བའི་གཞི་རིམ་མང་ཚོགས་མགོ་བོ་མི་རྨོངས་པ་དང༌། མང་གཙོའི་མིང་ཙམ་ཡང་མི་ཤེས་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྲན་གཡོག་ཏུ་བཀོལ་བའི་རྩོམ་པ་པོ་རྣམས་ཀྱིས་དབུལ་པོས་གསེར་རྙེད་ལྟ་བུས་ལུང་འདྲེན་ཡང་ཡང་བྱས་པ་རྣམས་སྣང་མེད་ཡན་པོར་མ་སོང་བའི་ཆེད་གནས་ཚུལ་རེ་ཟུང་བརྗོད་འདོད་བྱུང༌། མང་གཙོའི་སྙིང་དོན་ནི་རང་དབང་དང༌། འདྲ་མཉམ། ཁྲིམས་ཀྱི་དབང་སྒྱུར། ཆིག་བསྒྲིལ་བཅས་ཡིན་ཞིང༌། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དེ་དག་ཇི་ཙམ་ཚད་མཐོར་ཡོད་པ་ནི་རྩོམ་པ་པོ་དེ་རྣམས་ཀྱི་བསམ་སྤྱོད་དང་སྨྲ་བརྗོད་ཀྱི་རང་དབང་ལས་ཀྱང་དཔོག་ནུས།

ཕྱི་ལོ་༡༩༦༠ ནང་དང་༡༩༧༠ འགོ་སྟོད་དུ་བྱུང་བའི་བཙན་བྱོལ་སྤྱི་ཚོགས་ཀྱི་རྙོག་འཛིངས་དང༌། དེ་དག་ལ་བརྟེན་པའི་སྒྲོ་སྐུར་གྱི་འཁྱོག་བཤད་རྣམས་ནི་འདས་པའི་བྱུང་རབས་སུ་གྱུར་ཟིན་པས་ད་ལྟའི་གནས་བབ་དང་འབྲེལ་བ་མེད། ཁྲིམས་བཟོ་དང༌། འཛིན་སྐྱོང༌། ཁྲིམས་གཅོད་བཅས་ཀྱི་དབང་ཚད་ཟུར་དབྱེ་དང་ཆ་བགོས། དེ་དག་ཕན་ཚུན་བཏང་འཛིན་ལྗིད་མཉམ་དགོས་པ་མང་གཙོའི་སྒྲོམ་གཞི་ཡིན་པ་བཞིན་བཅའ་ཁྲིམས་རིན་པོ་ཆེའི་ནང་སྤྱི་འཐུས་ལྷན་ཚོགས་དང༌། བཀའ་ཤག ཁྲིམས་ཞིབ་ཁང་བཅས་ཀྱི་སྒྲིག་འཛུགས་དང་འགན་དབང་ཞིབ་གསལ་ཐོག མཐའ་དོན་འཛིན་སྐྱོང་དང་ཁྲིམས་ལུགས་དབང་འཛིན་གཉིས་ཀས་གྲོས་ཚོགས་ལ་འགན་ཁུར་དགོས་པའི་གྲོས་ཚོགས་དབུས་སུ་བཞག་པའི་སྒྲོམ་གཞི་ཕུན་སུམ་ཚོགས་པ་ཞིག་ཡོད་བཞིན་པ་ཡིན། དེ་བཞིན་ལས་བྱེད་འདེམས་བསྐོ་དང༌། འོས་བསྡུ། དཔལ་འབྱོར་གཏོང་ཡོང་བཅས་ཀྱི་ནང་འཛིན་སྐྱོང་གི་ཐེ་བྱུས་དང་རང་སྣང་གང་ཤར་མི་ཡོང་བའི་ཆེད་རང་དབང་ལྡན་པའི་སྡེ་ཚན་གཞུང་ཞབས་འདེམས་བསྐོ་ལྷན་ཁང་དང༌། འོས་བསྡུ་ལས་ཁང༌། རྩིས་ཞིབ་ལས་ཁང་བཅས་ཀྱི་སྡེ་ཚན་བཅའ་ཁྲིམས་ཀྱི་ཆ་རྐྱེན་འོག་ཡོད་པ་རྣམས་ཀྱིས་སོ་སོའི་ཁུར་འགན་སྒྲུབ་བཞིན་པ་བཅས་མདོར་ན། ཁྲིམས་ཀྱི་དབང་སྒྱུར་དང༌། ཕྱི་གསལ་ནང་གསལ། འགན་ཁུར་དང་རྩིས་རྒྱག་དགོས་པའི་གུ་ཡངས་མང་གཙོའི་ལམ་ལུགས་ཚང་ལ་མ་ནོར་བ་ཞིག་ལག་ལེན་བསྟར་ནས་ད་ཆ་ལོ་ངོ་ཉི་ཤུར་ཉེ་བ་འགྲོ་བཞིན་པ་འདི་ལ་ཕྱི་ནང་གང་ནས་ཞན་ཆ་ཡོད་པ་དང༌། ཆ་མ་ཚང་བའི་སྐོར་རྒྱུ་མཚན་ལྡན་པའི་མཛུབ་སྟོན་གནང་མཁན་བྱུང་མེད།

ྋགོང་ས་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་འོག་བཀའ་ཤག་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་ལས་རྒྱུན་རིང་ཆབ་སྲིད་དང༌། འཛིན་སྐྱོང༌། དཔལ་འབྱོར་སོགས་ཀྱི་ལས་དོན་གང་ཡང་མང་ཚོགས་ཀྱི་མངོན་འདོད་དང་མ་མཐུན་པ་དང༌། གྲོས་ཚོགས་ཀྱི་ཁྲིམས་སྒྲིག་དང་འགལ་བ། མང་གཙོའི་ལྟ་གྲུབ་དང་བཟང་སྤྱོད་ལས་འདས་པ་གང་ཡང་བྱུང་མེད་ཅིང༌། དེ་འདྲ་ཡོད་པའི་ཀླན་ཀ་བྱུང་ན་ཁྲིམས་དང་མང་ཚོགས་གང་གི་མདུན་སར་ཡང་དག་ཕུད་ཐུབ་ངེས་ཀྱི་གདེང་སྤོབས་ཡོད། ལྷག་བསམ་བཟང་པོས་སྒྲུབ་ཕྱོགས་ཀྱིས་སྐྱོན་འདོན་དང་དགོངས་འཆར་གྲོས་ཚོགས་དང༌། མང་ཚོགས་གང་ནས་ཕེབས་ཀྱང་དགའ་གུས་དྭང་ལེན་གྱིས་ལག་བསྟར་ཐུབ་རིགས་ལག་བསྟར་དང༌། དེ་མིན་འགྲེལ་བརྗོད་ཞུ་བཞིན་པ་ཡིན།

གོང་སྨོས་མང་གཙོའི་བསྒྲུབ་བྱའི་སྙིང་དོན་རྣམས་སྲིད་དོན་གྱི་ཚོགས་པ་གཉིས་སམ་མང་པོ་མེད་ན་གཏན་ནས་སྒྲུབ་མི་ཐུབ་པ་མིན་པ་མ་ཟད། སྲིད་དོན་ཚན་རིག་གི་རིག་པའི་གཞུང་ལུགས་རྣམས་སུའང་དེ་འདྲའི་རྣམ་གཞག་མེད། ད་བར་སྲིད་དོན་གྱི་ཚོགས་པ་མང་པོ་མ་བྱུང་བ་བཙན་བྱོལ་གཞུང་ངམ་ྋགོང་ས་མཆོག་གིས་བཀག་པ་མིན་པ་ནི་འཇིག་རྟེན་ཀུན་གསལ་དང༌། ད་ལྟ་སྲིད་དོན་གྱི་ཚོགས་པ་གཅིག་ཡོད་པ་དེ་རང་གིས་ཁུངས་སྐྱེལ་ཐུབ་ངེས་ཡིན། བོད་མིའི་སྤྱི་ཚོགས་ནང་སྲིད་དོན་གྱི་ཚོགས་པ་གང་མང་ཡོང་ཐབས་སུ་ྋགོང་ས་མཆོག་ནས་ཀྱང་མཐུན་འགྱུར་དང་སྐུལ་འདེབས་རྒྱུན་མཐུད་གནང་ཡོད་ཀྱང་ཐུགས་བཞེད་འགྲུབ་པ་མ་བྱུང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་སྐབས་སྲིད་དོན་གྱི་ཚོགས་པ་མང་པོ་མེད་པའི་དབང་གིས་སྲིད་དོན་ཚོགས་པའི་སྐོར་ཆ་རྐྱེན་གསལ་གཏོད་མེད་ཀྱང༌། བཅའ་ཁྲིམས་འདིས་དངོས་ཤུགས་བརྒྱུད་གསུམ་ནས་སྲིད་དོན་ཚོགས་པ་མང་པོ་ཡོང་རྒྱུར་འགོག་རྐྱེན་གང་ཡང་མི་བྱེད་ཅིང༌། སྲིད་དོན་ཚོགས་པ་ངོས་ལེན་བྱེད་ཕྱོགས་ཀྱི་ཁྲིམས་འཆར་གྲོས་ཚོགས་སུ་སླེབས་མ་མྱོང་བའང་མིན། སྲིད་དོན་ཚོགས་པ་ནི་མང་ཚོགས་ནས་རང་འགུལ་གྱིས་ཡོང་དགོས་པ་ཞིག་ལས། ྋགོང་ས་མཆོག་དང་བཙན་བྱོལ་གཞུང་གིས་བཙན་སྐུལ་གྱིས་འཛུགས་ཐབས་མེད།

སྤྱི་ཚོགས་ག་འདྲ་ཞིག་གི་ནང་དུའང་མང་གཙོ་ཚད་ལྡན་ཡོང་བར་ཡུལ་མི་སུ་ཞིག་ཡིན་རུང་མང་ཚོགས་ཀྱི་མངོན་འདོད་དང་བཀའ་ལུང་ལ་གུས་བརྩི་ཐུབ་པ་ཞིག་དང༌། དེ་ལྟར་མ་བྱུང་ཡང་བཟོད་བསྲན་ཐུབ་པ་ཞིག་ངེས་པར་དུ་དགོས་པ་ལས་རང་འདོད་ལ་མང་མོས་མ་ཐོབ་ན་མང་ཚོགས་ལྐུགས་པ་དང་རྨོངས་དད་ཅན་ཡིན་པ། འགན་ཁུར་མེད་པ་སོགས་ཀྱི་སྐྱོན་བརྗོད་བྱེད་ན་རང་ཉིད་ལ་མང་གཙོའི་ལེགས་བྱང་གི་དྲི་མ་ཙམ་ཡང་མེད་པའི་དངོས་རྟགས་ཡིན།

མང་ཚོགས་ཀྱིས་རང་དབང་གིས་བཏོན་པའི་མངོན་འདོད་ལ་བརྩི་བཀུར་མི་ཐུབ་ཅིང༌། མང་ཚོགས་ཀྱི་བློ་སྣའང་ཁྲིད་མི་ཐུབ་པའི་སྐྱེ་བོ་ཞིག་གིས་མང་གཙོའི་འདྲེན་པ་བྱ་རྒྱུ་ཕར་བཞག དོན་གཉེར་བ་ཞིག་ཀྱང་ཡོང་དཀའ། སྐབས་རེ་བཀའ་ཁྲིས་ྋགོང་ས་མཆོག་གི་བཀའ་ལ་བསྟུན་རྐྱང་གིས་རང་གིས་མང་གཙོའི་འགན་དབང་སྤྱོད་ཀྱི་མེད་ཚུལ་དང༌། ཡང་སྐབས་རེ་ྋགོང་ས་མཆོག་དང་བཀའ་ཁྲིའི་དབར་དབང་ཆའི་འཐབ་རྩོད་ཡོད་ཚུལ་ལྟ་བུ་གཏད་སོ་བྲལ་བའི་བཅོས་སྒྲུང་ཇི་སྙེད་ཅིག་སྤྲོས་འདུག་པ་དེ་དག་གཞི་མེད་ཡིན་པ་སུས་ཀྱང་རྟོགས་ཐུབ། དངོས་བྱུང་དང་དངོས་ཡོད་ཀྱི་གནས་ཚུལ་ཆ་ཚང་མ་ཤེས་པའམ། བདེན་པ་མིན་པའི་འཁྱོག་བཤད་ཁག་ལ་བརྟེན་ནས་བསམ་ཚུལ་བཟོས་པ་དང་ཐག་གཅོད་བྱེད་པ་ནི་གཟུ་བོར་གནས་པ་དང༌། ཤེས་མྱོང་ཡོད་པའི་བྱེད་སྟངས་ཤིག་མིན།

ད་ལྟ་མང་ཚོགས་ཀྱིས་སྤྱོད་བཞིན་པའི་མང་གཙོའི་འགན་དབང་ལ་མཉམ་སྤྱོད་མ་གནང་བར་དེ་ལས་གཞན་ཞིག་ཡོང་རྒྱུར་ངང་སྒུག་གནང་རུང༌། རང་གིས་དཀའ་སྤྱད་འབད་རྩོལ་གང་ཡང་མ་དགོས་པར་དེང་རབས་ཀྱི་མཁོ་རྒུར་སྤྱད་དེ་ལྷོད་བཞུགས་ངང་ཐུགས་འདོད་དང་མཐུན་པའི་མང་གཙོ་ཞིག་ནམ་མཁའ་ནས་འབབ་རེ་བྲལ།

གོང་སྨོས་ལྟར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་འཕེལ་རིམ་ཚད་མཐོར་སླེབས་ཡོད་པ་མ་ཟད། འདིའི་འཕེལ་རིམ་མཐའ་དག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་རྐྱང་གི་དགོངས་འཆར་དང་སྐུལ་འདེབས་ལས་གྲུབ་པ་ཤ་སྟག་མ་གཏོགས། དེང་སྐབས་མང་གཙོ་དོན་གཉེར་བར་སྒྲོགས་པ་རྣམས་ཀྱི་འབད་རྩོལ་ལས་བྱུང་བ་གཅིག་ཀྱང་མེད། འདས་ལོ་ལྔ་བཅུ་ང་གཅིག་གི་བྱུང་རིམ་ལ་བསྐྱར་ཞིབ་ཅིག་གནང་ན། བཙན་བྱོལ་དུ་ཕེབས་མ་ཐག་གཞུང་གི་ལས་ཁུངས་ཁག་གི་སྒྲིག་འཛུགས་བསྐྱར་བཅོས་ྋགོང་ས་མཆོག་ཉིད་ཀྱིས་བཀས་བཀོད་གནང་བ་དང༌། ཕྱི་ལོ་༡༩༦༠ ལོ་འགོར་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་དགོས་པ་ྋགོང་ས་མཆོག་ཉིད་ཀྱིས་ལམ་སྟོན་མཛད་པ་ལ། སྐབས་དེར་གྲོས་ལ་དབང་བ་མང་པོས་ཡོང་ཐབས་དཀའ་བའི་བསམ་ཚུལ་ཞུ་མཁན་བྱུང་རུང༌། ཨུ་ནན་གྱིས་གོ་བསྐོན་གནང་སྟེ་ལོ་དེའི་ཕྱི་ཟླ་༩ ཚེས་༢ ཉིན་སྤྱི་ལྷན་གསར་འཛུགས་ཐུབ་པ་བྱུང༌། དེ་ནས་བཟུང་ྋགོང་ས་མཆོག་གིས་ཕ་མས་ཕྲུ་གུ་གསོ་སྐྱོང་ལྟར་མང་གཙོའི་ལམ་སྲོལ་དང༌། གོམས་གཤིས་ཡར་རྒྱས་གཏོང་ཐབས་རྒྱུན་ལྡན་དུ་མཛད་ནའང་མང་ཚོགས་ཀྱི་ངོས་ནས་ཕྱིར་འཐེན་དང་རྗེས་ལུས་ཤོར་བ་ཇི་སྙེད་ཅིག་བྱུང་ཡོད། ཕྱི་ལོ་༡༩༩༡ ལོར་སྐབས་དེའི་སྤྱི་འཐུས་དང་བཀའ་ཤག་ཕྱིར་བསྡུས་ཀྱིས་བར་བརྒལ་བཀའ་ཤག་འོས་འདེམས་དང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་བསྐོ་འཛུགས། སྤྱི་ལྷན་རྒྱ་བསྐྱེད་གནང་རྒྱུ་བཅས་ཀྱི་དགོངས་འཆར་ཡང་ྋགོང་ས་མཆོག་རང་གིས་གནང་བ་ལས་མང་ཚོགས་ཀྱི་ངོས་ནས་སུས་ཀྱང་ཞུ་མཁན་བྱུང་མེད། དེ་དུས་མང་ཚོགས་ཀྱིས་ཚོར་སྣང་ཆེན་པོས་འོས་འདེམས་བྱས་པའི་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་སྤྱི་འཐུས་༤༦ ཡོད་པ་དེ་ལ་ད་ལྟ་ལག་བསྟར་བྱེད་བཞིན་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཟིན་བྲིས་ཀྱང་ྋགོང་ས་མཆོག་གིས་གསོལ་བསྩལ་གནང་ཡོད།

ཟིན་བྲིས་དེའི་ནང་ཆོས་ལུགས་རིས་མེད་ལས་ཆོས་སྲིད་ཟུང་འབྲེལ་གྱི་ཚིག་བརྗོད་མེད་ཀྱང་གྲོས་ཚོགས་སུ་མང་མོས་མ་ཐོབ། མཐའ་མ་བཅའ་ཁྲིམས་ཟིན་བྲིས་དོན་ཚན་༡༡ པའི་ཁ༽ སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཀྱི་མོས་མཐུན་བྱུང་ན་ྋགོང་ས་མཆོག་གི་འགན་འཛིན་མཛད་ཁུར་ཕྱིར་བསྡུ་ཆོག་པའི་ཆ་རྐྱེན་གསལ་བ་དེ་དག་གྲོས་ཚོགས་ཀྱིས་ཕྱིར་འཐེན་བྱས་ཏེ་གཏན་འབེབས་བྱས་ཀྱང་ྋགོང་ས་མཆོག་ནས་ཆོག་མཆན་མ་བསྩལ་བར་ལམ་སྟོན་དང་སྦྲགས་ཕྱིར་སློག་མཛད་པར་བརྟེན་སྤྱི་འཐུས་ཀྱི་རྩ་འབོར་གྱི་བཞི་ཆ་གསུམ་གྱི་མོས་མཐུན་བྱུང་ན་ྋགོང་ས་མཆོག་གི་འགན་འཛིན་མཛད་ཁུར་ཕྱིར་བསྡུ་ཆོག་པའི་ད་ཡོད་ཆ་རྐྱེན་དང༌། ས་གནས་འཐུས་ཚོགས། ས་འགོ་ས་གནས་མི་མང་གིས་འོས་འདེམས་བྱ་རྒྱུའི་ཆ་རྐྱེན་བཅས་བསྐྱར་འཇུག་ཞུ་དགོས་བྱུང་ཡོད། ཕྱི་ལོ་༢༠༠༡ ལོར་ྋགོང་ས་མཆོག་གིས་སྤྱི་འཐུས་གྲོས་ཚོགས་ལ་བཅའ་ཁྲིམས་དོན་ཚན་༢༡ པ་བསྐྱར་བཅོས་དགོས་པའི་ལམ་སྟོན་བསྩལ་ཏེ་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱ་རྒྱུའི་ཆ་རྐྱེན་གསར་གཏོད་གནང་ནས་དེང་སྐབས་བོད་མི་མང་ཚོགས་སུ་བཀའ་ཁྲིའི་འོས་འདེམས་སྐོར་ཚ་ཚ་འུར་འུར་གྱིས་བགྲོ་གླེང་བྱ་ས་ཡོད་པའི་གཞི་རྩ་དེའང་ྋགོང་ས་མཆོག་རང་ཉིད་ཀྱིས་བསྐྲུན་པ་མ་གཏོགས་སྤྱི་འཐུས་སམ་མང་གཙོ་དོན་གཉེར་བ་སུ་ཞིག་གི་བློ་ཡུལ་དུ་ཤར་མེད།

གཞན་ཡང་ཕྱི་ལོ་༡༩༨༨ ལོར་ཆབ་སྲིད་ཚོགས་ཆེན་དང༌། ཕྱི་ལོ་༡༩༩༧ ལོར་མང་མོས་ཐག་གཅོད་འོས་བསྡུའི་སྔོན་འགྲོའི་ལས་རིམ། ཕྱི་ལོ་༢༠༠༨ ལོར་དམིགས་བསལ་ཚོགས་ཆེན་སོགས་དགོས་གལ་ནམ་བྱུང་མང་ཚོགས་ལ་བསམ་ཚུལ་འདོན་པའི་གོ་སྐབས་བསྐྲུན་སླད་ལས་གཞི་སྣ་ཚོགས་བརྩམས་པ་དེ་དག་ཀྱང་ྋགོང་ས་མཆོག་རང་གིས་ལམ་སྟོན་སྐུལ་འདེད་གནང་བ་ཤ་སྟག་ཡིན། དངོས་བྱུང་གི་གནས་ཚུལ་འདི་དག་ལ་གཟུ་བོའི་བློས་དཔགས་ན་ང་ཚོས་ད་ལྟ་ལོངས་སུ་སྤྱོད་བཞིན་པའི་མང་གཙོའི་ཁེ་དབང་ཡོངས་རྫོགས་ྋགོང་ས་མཆོག་རང་ཉིད་ཀྱིས་བཙན་ཐབས་སུ་གསོལ་བསྩལ་གནང་བ་ཡིན་པས་ྋགོང་ས་མཆོག་ནི་བོད་མིའི་མང་གཙོའི་འབྱུང་ཁུངས་དང་འགན་སྲུང་གཉིས་ཀ་ཡིན་པ་མ་ཟད། འཇིག་རྟེན་ཡོངས་ཀྱི་མང་གཙོའི་དབུ་ཁྲིད་རྩོད་མེད་དང༌། གུ་ཡངས་མང་གཙོའི་རིང་ལུགས་ཀྱི་མཚོན་རྟགས་ཤིག་ཡིན་པར་ཡར་ཐོན་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་མང་པོས་ངོས་འཛིན་དང་གུས་བཀུར་སླད་ཆེ་བསྟོད་གཟེངས་རྟགས་སོགས་འབུལ་བཞིན་ཡོད། ྋགོང་ས་མཆོག་གིས་དུས་ནས་དུས་སུ་གསར་གཏོད་དང་སྐུལ་འདེབས་ཀྱི་ལམ་ནས་མང་གཙོའི་གསར་བརྗེ་རླབས་ཆེན་གནང་བ་དེ་དག་རང་རེའི་མིག་སྔར་རང་དུ་བྱུང་བ་ཡིན་པས་སུས་ཀྱང་མངོན་སུམ་ལ་བསྙོན་ཐབས་མེད། ྋགོང་ས་མཆོག་གིས་རླབས་ཆེན་གྱི་མཛད་འཕྲིན་དེ་དག་མ་བསྐྱངས་པར་བཙན་བྱོལ་མང་ཚོགས་ཀྱི་བྱེད་བབ་སོར་བཞག་མཛད་ཡོད་ན་ད་ལྟ་མང་གཙོ་ལྟ་ཞོག སྤྱིའི་སྒྲིག་འཛུགས་གོ་འཕེར་ཞིག་ཀྱང་གནས་ཐུབ་མེད་པ་ནི་ལོང་བས་བལྟས་ཀྱང་རྒྱལ་ཁམས་ཀྱི་དཔེ་ལྟར་རེད། དངོས་དོན་འདི་དག་ལ་གཞིགས་ན་བསམ་མེད་རེ་འགས་ྋགོང་ས་མཆོག་དང་མང་གཙོ་གཉིས་གང་གཙོ་བོ་རེད་དམ་ཞེས་པ་དང༌། བོད་དོན་འཐབ་རྩོད་ལ་ཧུར་བརྩོན་ཆེ་ཤོས་སུ་རེད་དམ་ཞེས་པ་སོགས་འདེམས་སྒྲུག་བྱས་པའི་མི་སྣ་ལས་བསམ་ཚུལ་བསྡུས་པ་དང༌། ཡང་སེང་གེ་གཉིད་ལོག་དང་ཁྱི་རྒན་ཟུག་ལུའི་དཔེ་དོན་སྦྱར་བ། སྤྱི་འཐུས་གྲོས་ཚོགས་ཀྱིས་ྋགོང་ས་མཆོག་ལ་ལམ་སྟོན་གྱི་རེ་འདུན་ཞུས་པ་མང་གཙོའི་ལམ་སྲོལ་དང་མི་མཐུན་ལུགས་སོགས་འགན་ཁུར་མེད་པའི་གང་དྲན་གྱི་གཏམ་བཤད་དེ་དག་གིས་ྋགོང་ས་མཆོག་དང་བཙན་བྱོལ་གཞུང་ལ་ཕན་གནོད་གང་ཡང་མི་འབྲེལ་མོད། རང་ཉིད་ཀྱིས་༼དམངས་’དང་‘དམངས་༽ཞེས་གཙིགས་ཆེར་འཛིན་པའི་མང་ཚོགས་ཀྱི་བསམ་སྤྱོད་ལ་བརྙས་སྨོད་དང༌། མང་གཙོའི་གཞི་རིམ་གྱི་ལྟ་གྲུབ་ལ་གོ་རྟོགས་དང་མོས་པ་གཉིས་ཀ་མེད་པའི་རང་མཚང་གསལ་སྟོན་ཐོག ཕ་རོལ་པོར་ལུང་འདྲེན་བྱ་རྒྱུའི་རྒྱུ་ཆ་མཁོ་སྤྲོད་བྱས་པ་ཙམ་དུ་ཟད།

སྤྱི་འཐུས་གྲོས་ཚོགས་ཀྱིས་བོད་ཀྱི་རྩ་དོན་སྐོར་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ལམ་སྟོན་ཡོང་བའི་གྲོས་ཆོད་སྔ་རྗེས་བཞག་པ་ནི་མང་མོས་ཐག་གཅོད་འོས་བསྡུའི་སྔོན་འགྲོའི་ལས་རིམ་དང༌། དམིགས་བསལ་ཚོགས་ཆེན་སོགས་སྐབས་སོ་སོའི་གཞི་རིམ་མང་ཚོགས་ཀྱི་མངོན་འདོད་ལ་གུས་བརྩི་ཞུས་ཏེ་བཞག་པ་ལས་ྋགོང་ས་མཆོག་ལ་ངོ་སྲུང་ངམ། གྲོས་ཚོགས་ཀྱིས་རང་འདོད་ལྟར་བཞག་པ་མིན་པ་ཀུན་གྱིས་མཁྱེན་གསལ་ཡིན།

བཀའ་ཤག་གིས་ྋགོང་ས་མཆོག་གི་ལམ་སྟོན་ལ་གལ་གནད་ཆེ་ཤོས་སུ་བརྩི་བའི་རྒྱུ་མཚན་ཡང་མང་གཙོའི་ལྟ་གྲུབ་ཉིད་ལ་བརྟེན་པ་སྟེ། གཞིས་བཞུགས་རྒྱ་ཆེ་མང་ཚོགས་ཀྱིས་བཀའ་ཁྲི་དང༌། སྤྱི་འཐུས་འོས་བསྡུའི་ནང་ཞུགས་ཐབས་བྲལ་བས་ཁོང་ཚོའི་ངོ་ཚབ་དང་མགྲིན་ཚབ་མཚོན་ཐུབ་མཁན་ནི་ྋགོང་ས་མཆོག་ཉག་གཅིག་ཡིན་པ་གཞིས་བཞུགས་བོད་མི་ཡོངས་ཀྱི་དགོངས་ཚུལ་ཡིན་པས། ྋགོང་ས་མཆོག་གི་བཀའ་ལུང་ནི་བོད་མི་ས་ཡ་དྲུག་གི་བཀའ་ལུང་ཡིན་པར་ངོས་འཛིན་ཞུས་ཀྱི་ཡོད། དེ་ནི་དེང་རབས་སྲིད་དོན་ཚན་རིག་པས་བཤད་པའི་ཐོུང་བའི་མངོན་འདོད་ཟེར་བ་དེ་རང་ཡིན།

བོད་མི་རིགས་རྒྱལ་བསྟན་ཆབ་སྲིད་དང་བཅས་པ་ཆགས་འཇིག་གི་སོ་མཚམས་སུ་སླེབས་པའི་ཛ་དྲག་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ལྟ་བུའི་མགོན་དཔུང་དང་དབུ་ཁྲིད་ཅིག་མ་བྱུང་ན་བོད་རིགས་ཡོངས་ཀྱི་འཕྲལ་ཕུགས་ཀྱི་མངོན་འདོད་གང་ཡང་སྒྲུབ་ཐབས་མེད་པའི་བདེན་དོན་གྱི་གནས་ཚུལ་འདི་རིས་མེད་བོད་རིགས་བསམ་ཤེས་ཡོངས་ལ་མངོན་སུམ་དུ་གྲུབ་པ་ཡིན་སྟབས། ཕྱི་ལོ་༡༩༦༠ ལོར་ཆོལ་གསུམ་བོད་རིགས་ཡོངས་ཀྱིས་མནའ་གན་ཐུ་མོ་ཆེ་ཕུལ་བ་ནས་བཟུང་ད་ལྟའི་བར་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་དབུ་ཁྲིད་བླ་ཆེན་རྣམ་པའི་ཆོས་ཚོགས་སྔ་རྗེས་དང༌། གཞིས་བྱེས་བོད་གཞུང་མང་ལྷ་མི་ཡོངས་ཀྱི་བརྟན་བཞུགས་རིམ་པའི་ནང་གསོལ་འདེབས་དང༌། གཏན་ཚིགས། ཞུ་སྐུལ་སོགས་བསྐྱར་ལྡབ་ཡང་ལྡབ་ཏུ་ནན་ཏན་ཆེན་པོ་དང་གདུང་ཤུགས་དྲག་པོས་ྋགོང་ས་མཆོག་གིས་བོད་རིགས་རྣམས་ཐུགས་རྗེའི་སྐྱབས་འོག་ནས་མི་འདོར་བར་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་རྒྱུན་སྐྱོང་ཡོང་བའི་ཨུ་ནན་ཞུས་དང་ཞུ་བཞིན་ཡང༌། ྋགོང་ས་མཆོག་ནས་ཡང་ཡང་ད་ལྟ་ཕྱེད་བགྲེས་ཡོལ་དང་ནམ་ཞིག་ཆ་ཚང་བགྲེས་ཡོལ་གནང་བཞེད་ཡོད་ཚུལ་སོགས་ཀྱི་གསུང་ངག་ཕེབས་བཞིན་པ་འདི་འདྲའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར། ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཀྱིས་ཕོངས་པའི་བློ་ཆུང་ཆེས་ཉུང་ཤས་ཀྱིས་ྋགོང་ས་མཆོག་གི་དབུ་ཁྲིད་ལ་ལྟོས་མི་དགོས་པའི་བོད་མིའི་མང་གཙོའི་ལམ་སྲོལ་ཞིག་དགོས་རྒྱུའི་སྐད་ཅོར་འབྱིན་འགོ་ཚུགས་པ་འདི་ནི་བོད་རིགས་ཡོངས་ཀྱི་འཕྲལ་ཡུན་གྱི་འདུན་མ་གཏན་ཕུང་འགྲོ་གཞིའི་ཉེན་ཚབས་ཅན་གྱི་གནས་ཚུལ་ཞིག་ཡིན་པས། བོད་མི་བསམ་ཡོད་ཡོངས་ནས་ཚོར་སྣང་རྐྱེན་པོས་བླང་དོར་མ་ནོར་བ་དགོས་པའི་རེ་བསྐུལ་ནན་པོ་བྱ་གཏོང་སྙན་སྒྲོན་གྱི་ཚུལ་དུ་ཞུ་རྒྱུ་ཡིན།

བཙན་བྱོལ་སྤྱི་ཚོགས་ཀྱི་ནང་གཏམ་བཤད་ཀྱི་སྡིངས་ཆ་དང་གསར་འགྱུར་བརྒྱུད་ལམ་སོགས་ཀྱི་ནང་དངོས་གསལ་མེད་པའི་མི་དཀྱུས། ལེགས་ཉེས་འབྱེད་པའི་རྣམ་དཔྱོད་དང་ལྡན་ཞིང༌། ཡིན་ལུགས་ཚུལ་མཐུན་གྱིས་རང་གི་འཚོ་བའི་འདུ་འགོད་དང་སྐབས་བབ་སྤྱི་སྒེར་གྱི་བྱ་བར་བརྩོན་པ་ལས། དོན་མེད་སྲིད་དོན་གྱི་འཁྲབ་སྟེགས་ཐོག་འཁྲུགས་ཆ་དོད་པོ་མི་གནང་མཁན་གྱི་སེར་སྐྱ་རྒན་གཞོན་བཙན་བྱོལ་བོད་མིའི་ཁྱོན་འབོར་གྱི་བརྒྱ་ཆ་བརྒྱད་ཅུ་བརྒལ་བ་ཞིག་ཡོད་པ་དེ་དག་ནི་ང་ཚོའི་ཡིད་ཆེས་བྱ་ཡུལ་དང༌། བཙན་བྱོལ་བོད་མིའི་ནུས་ཤུགས་ཡིན། ཁོང་ཚོའི་བཀའ་དྲིན་ལ་བརྟེན་ནས་བོད་མིའི་གོང་བུའི་ནུས་པ་མ་ཉམས་ཤིང༌། མང་གཙོའི་འཕེལ་རིམ་ཐོག་མདུན་བསྐྱོད་གང་ལེགས་བྱུང་ཡོད་པ་དང༌། འབྱུང་འགྱུར་ཡང་ཁོང་ཚོའི་དྲང་ཚུགས་དང་བརྟན་ལྷིང་ལ་བརྟེན་ནས་བོད་མིའི་ཆབ་སྲིད་ཀྱི་གཞུང་ལམ་སྲོང་པོར་གནས་པའི་ཡིད་ཆེས་ཡོད་ཅིང༌། འབྱུང་ཉེའི་འོས་བསྡུའི་ལས་རིམ་གྱི་ནང་དུའང་འོལ་ཚོད་དང་གཡམ་རྒྱུགས་མིན་པར་རང་དབང་གིས་ཐག་གཅོད་བརྟན་པོ་ཞིག་གནང་རྒྱུར་ཐེ་ཚོམ་མེད།

ྋགོང་ས་མཆོག་ནི་རྣམ་ཀུན་གཞི་རིམ་མང་ཚོགས་ཀྱི་མངོན་འདོད་ལ་ཐུགས་ཚོར་ཧ་ཅང་རྐྱེན་པས་དུས་ནས་དུས་སུ་རྩ་དོན་ཐོག་མང་ཚོགས་ཀྱི་བསམ་ཚུལ་བསྡུ་བཞེས་ཡང་ཡང་མཛད་བཞིན་པ་ལྟར། འབྱུང་འགྱུར་ཡང་དགོས་གལ་ནམ་བྱུང་སྐབས་མང་ཚོགས་དང་ཐད་འབྲེལ་གནང་ངེས་ཡིན་པ་བཅས་ལ་བརྟེན་བཀའ་ཤག་གིས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་ཐོག་མང་ཚོགས་ཀྱི་བཀའ་ལུང་གཙང་མ་ཡོད་པའི་གདེང་སྤོབས་ཆེན་པོས་སྐབས་འཁྲིའི་ཞུ་སྒོ་རྣམས་འཐུས་ཤོར་མེད་ཙམ་ཞུས་ཐུབ་པ་བྱུང་བས་སླར་ཡང་གཞི་རིམ་མང་ཚོགས་ལ་བཀྲིན་རྗེས་དྲན་གྱིས་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། འབྱུང་འགྱུར་ཡང་ལོ་ལྔ་རེའི་མཚམས་འོས་བསྡུའི་ལས་རིམ་དུ་ཐེངས་རེ་ཆ་ཤས་བླངས་ཐུབ་པ་ཙམ་གྱིས་མ་ཚིམས་པར་རྒྱུན་དུ་འོས་ཐོན་གྱི་མི་ཚོས་མང་ཚོགས་ཀྱི་མངོན་འདོད་དང་མཐུན་པའི་ལས་དོན་ཕྱག་བསྟར་གནང་མིན་ལ་གཟིགས་རྟོག་དང་བཏང་འཛིན་ལྷོད་མེད་གནང་བའི་རེ་སྐུལ་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང༌། ཐུགས་ཀྱི་བཞེད་དོན་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་བཅས་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཕྱི་ལོ་༢༠༡༠ ཟླ་༩ ཚེས་༢ ལ།། །།

 ཕྱི་ལོ་༢༠༡༠ ཟླ་༩ ཚེས་༢ ཉིན་མང་གཙོའི་དུས་དྲན་ཐེངས་ལྔ་བཅུ་པའི་སྐབས་གནང་བའི་བཀའ་ཤག་གི་གཏམ་བཤད།