མང་གཙོའི་དུས་དྲན་ཐེངས་ ༤༨ པའི་ཐོག་བཀའ་ཤག་གི་གསུང་བཤད།

༢༠༠༨ ཕྱི་ཟླ་ ༩ ཚེས་ ༢ ཉིན། ༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་སྐུའི་ཕྲེང་བ་བཅུ་བཞི་པ་ཆེན་པོ་མཆོག་གི་ངོ་མཚར་རྨད་དུ་བྱུང་བའི་འཕྲིན་ལས་ལ་བརྟེན་ནས་བོད་མིའི་ཆབ་སྲིད་ཡང་དག་པའི་མང་གཙོའི་ལམ་སྲོལ་དུ་བསྒྱུར་ནས་ལོ་ ༤༨ འཁོར་བའི་དུས་ཚིགས་ཁྱད་པར་ཅན་འདིར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་བཀའ་དྲིན་རྗེས་དྲན་གྱི་གུས་ཕྱག་སྔོན་དུ་འགྲོ་བས་གཞིས་བྱེས་བོད་མི་ཡོངས་དང༌། བོད་དང་བོད་མིར་ཕན་གྲོགས་གནང་མཁན་གྱི་གཞུང་དང་གྲོས་ཚོགས། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁགབོད་དོན་རྒྱབ་སྐྱོར་ཚོགས་པ་ཁག རྒྱལ་སྤྱིའི་མང་ཚོགས་བཅས་ལ་མཛའ་བརྩེའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
བོད་མིའི་མང་གཙོའི་ཆབ་སྲིད་ཀྱི་གནས་བབ་དང༌། དེའི་ཞན་ཆ་ཁག བོད་མི་སྤྱི་དང༌།ཁྱད་པར་བཙན་བྱོལ་བོད་མིས་ངེས་པར་བསྒྲུབ་དགོས་པའི་ལས་འགན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་མཚོན་པའི་ཞི་བའི་སྤྱི་ཚོགས་ཀྱིས་བསྒྲུབ་བྱའི་འགན་དབང་སོགས་ཀྱི་སྐོར་ལོ་སྔོན་མ་རྣམས་སུ་རིམ་ཞུས་ཟིན་པ་དེ་དག་བསྐྱར་ནན་ཞུས་པ་དང་ཆབས་ཅིག་ཛ་དྲག་དང་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་བོད་མི་ཚང་མས་མང་གཙོའི་ཐོབ་ཐང་ལས་ལས་འགན་གལ་ཆེར་བརྩི་དགོས་པ་དང༌། སྒེར་དང་ཚོགས་སྡེ་ཁག་གི་ཁེ་ཕན་ལས་མི་རིགས་དང་སྤྱི་ཚོགས་ཀྱི་ཁེ་ཕན་གལ་ཆེར་བརྩི་དགོས་པ། འགལ་ཟླའི་སྟོབས་ཤུགས་ལ་གདོང་ལེན་ཆེད་བོད་མིའི་ནུས་ཤུགས་ཆིག་བསྒྲིལ་དགོས་པ་བཅས་ནན་བརྗོད་ཞུ་རྒྱུ་ཡིན།
གཞིས་བཞུགས་བོད་མི་རྣམས་ཀྱིས་འདས་པའི་ལོ་གྲངས་ ༦༠ ཉེ་བའི་རིང་མུ་མཐུད་མྱངས་པའི་དཀའ་སྡུག་དང༌། བོད་མི་རིགས་ཆགས་འཇིག་གི་གནས་སུ་གྱར་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་གཅིག་སྡུད་དབང་འཛིན་རིང་ལུགས་པའི་གཡོན་ཐལ་ཅན་གྱི་སྲིད་བྱུས་འོག་བོད་མིའི་ཆབ་སྲིད་དང་སྤྱི་ཚོགས། ཆོས་དང་རིག་གཞུང་སོགས་དང་འབྲེལ་བའི་བོད་མིའི་གཞི་རིམ་གྱི་ཐོབ་ཐང་རྣམས་རྩ་མེད་དུ་གཏོང་བ་ལ་བརྟེན་ནས་བྱུང་བ་ཡིན་སྟབས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་རང་བཞིན་གུ་ཡངས་དང༌། རང་དབང༌། ཕྱི་གསལ་ནང་གསལ་གྱི་གནས་བབ་ཅིག་མ་བྱུང་བར་བོད་ཀྱི་དཀའ་རྙོག་གཏན་སེལ་ཐུབ་ཐབས་དཀའ་བས་བོད་མི་རྣམས་ཀྱིས་ཀྱང་དེ་མཚུངས་ཀྱི་གུ་ཡངས་དང༌། རང་དབང༌། ཕྱི་གསལ་ནང་གསལ་གྱི་གོམས་གཤིས་གོང་མཐོར་ཡོང་ཐབས་ལ་འབད་བརྩོན་ཤུགས་བསྐྱེད་གནང་དགོས།
མང་གཙོའི་སྤྱི་ཚོགས་ཚད་ལྡན་ཡོང་བར་ཕོ་མོ་འདྲ་མཉམ་གྱི་གནས་བབ་སྤྱི་དང༌། ཁྱད་པར་འཛིན་སྐྱོང་དང་ཆབ་སྲིད་ཀྱི་ལས་དོན་ཐོག་བུད་མེད་ཀྱིས་མཉམ་ཞུགས་འདྲ་མཉམ་དགོས་པ་ཤིན་ཏུ་གལ་ཆེ། བོད་དུ་ཕོ་མོ་འདྲ་མཉམ་མེད་པའི་གནས་ཚུལ་གནའ་རབས་ནས་ད་བར་བྱུང་མེད་ཀྱང༌། ཆབ་སྲིད་དང་འཛིན་སྐྱོང་ནང་དངོས་སུ་ཞུགས་མཁན་གྲས་སུ་ཕོ་མོ་གྲངས་འབོར་མི་མཚུངས་པའི་གནས་ཚུལ་ཡོད་སྟབས། འབྱུང་འགྱུར་གྲངས་འབོར་མཚུངས་པ་ཡོང་ཐབས་བྱ་གལ་ཆེ་བས་བཀའ་ཤག་གིས་དེའི་ཆེད་རིང་མིན་བུད་མེད་ཀྱི་ནུས་ཤུགས་སྤེལ་ཐབས་ཀྱི་སྲིད་བྱུས་གཏན་འབེབས་བྱ་རྒྱུ་ཡིན་པས་ཚང་མས་མཐུན་འགྱུར་གནང་བའི་རེ་སྐུལ་ཞུ་རྒྱུ་ཡིན།
མང་གཙོའི་ལམ་སྲོལ་གྱི་ནང་ལག་ལེན་བསྟར་དཀའ་ཞིང༌། ཁྱད་པར་ཤར་གླིང་རྒྱལ་ཁབ་ཁག་གི་ནང་ཡང་ཡང་དཀའ་ངལ་འཕྲད་བཞིན་པ་ཞིག་ནི་ཆབ་སྲིད་ཀྱི་ལྟ་གྲུབ་དང་སྲིད་བྱུས་མི་མཐུན་པའི་དགོས་ངེས་ཀྱི་གདམ་ག་དང༌། འགྲན་བསྡུར་ནང་ཞུགས་སྐབས་རྒྱལ་ཁབ་དང་མི་རིགས་ཀྱི་གཞི་རིམ་ཁེ་ཕན་ཐོག་ཆིག་བསྒྲིལ་མི་ཐུབ་པའི་གནས་བབ་དེ་ཡིན། དེ་ནི་ཡུལ་མི་རྣམས་ཀྱི་ཤེས་ཡོན་དང་རྣམ་དཔྱོད་ཀྱི་གནས་སྟངས་ཚད་ལོངས་མ་བྱུང་བའི་དབང་གིས་ཡིན་སྟབས། བོད་མིའི་སྤྱི་ཚོགས་ཁྲོད་དུའང་དཀའ་ངལ་འདི་ཡོང་བཞིན་པ་རེད། སྒེར་དང་ཚོགས་སྡེ་སོ་སོའི་རང་རང་གི་ཐུན་མིན་གྱི་ལྟ་གྲུབ་མ་འདོར་བའི་ཐོག་དགོས་གལ་ནམ་བྱུང་ཆིག་བསྒྲིལ་དང་གོང་བུའི་ནུས་པ་ཉམས་མེད་གནས་ཐུབ་པ་ཞིག་དགོས་རྒྱུ་མེད་དུ་མི་རུང་བ་ཡིན་པས་ཚང་མས་ཐུགས་སྣང་དམ་ཟབ་དགོས།
མི་ལོ་ ༦༠ ཉེ་བར་གཞན་དབང་བཙན་གནོན་གྱི་འོག་གནས་དགོས་བྱུང་ཡང༌། བོད་ཀྱི་ཆོས་དང་རིག་གཞུང༌། མི་རིགས་ཀྱི་ངོས་འཛིན། རང་དབང་བཅས་ཀྱི་ཆེད་དུ་སྙིང་སྟོབས་ཞུམ་པ་མེད་པར་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་བོད་རིགས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་གུས་འདུད་དང༌།ཁོང་ཚོ་ལས་མིག་དཔེ་བླངས་ཏེ་བོད་རིགས་ཡོངས་ཀྱིས་བོད་མིའི་བདེན་པ་དང་འཚེ་བ་མེད་པའི་འཐབ་རྩོད་བོད་དོན་བདེན་མཐའ་མ་གསལ་བར་རྒྱུན་སྐྱོང་གནང་དགོས་པའི་རེ་སྐུལ་ཡང་ཞུ་རྒྱུ་ཡིན།
མཐའ་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང༌། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གིས་འགྲུབ་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་བཅས།།