མང་གཙོའི་དུས་དྲན་ཐེངས་༤༩ པའི་ཐོག་གནང་བའི་བཀའ་ཤག་གི་གཏམ་བཤད།

༄༅།། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ངོ་མཚར་རྨད་དུ་བྱུང་བའི་འཕྲིན་ལས་ལ་བརྟེན་ནས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཡང་དག་པའི་མང་གཙོའི་ལམ་སྲོལ་དུ་བསྒྱུར་ནས་ལོ་༤༩ འཁོར་བའི་དུས་ཚིགས་ཁྱད་པར་ཅན་འདིའི་ཐོག ྋགོང་ས་ྋསྐྱབས་མགོན་ཆེན་པོར་བཀའ་དྲིན་རྗེས་དྲན་གྱི་གུས་ཕྱག་སྔོན་དུ་བཏང་སྟེ་གཞིས་བྱེས་བོད་མི་ཡོངས་དང༌། བོད་དང་བོད་མིར་ཕན་གྲོགས་གནང་མཁན་གྱི་གཞུང་དང་གྲོས་ཚོགས། མང་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག ཞི་བདེ་ལ་དགའ་བའི་རྒྱལ་སྤྱིའི་མང་ཚོགས་ཡོངས་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་མཛའ་བརྩེའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

འདས་པའི་ལོ་༤༩ ནང་བོད་དང་རྒྱ་ནག་གིས་མཚོན་འཇིག་རྟེན་ཡོངས་སུ་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་འགྱུར་འགྲོས་རླབས་ཆེན་ཞིག་ཕྱིན་ཟིན་པ་དང་མཉམ་དུ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཡང་དུས་ནས་དུས་སུ་ཡར་རྒྱས་ཀྱི་གོམ་འགྲོད་མི་དམན་པ་བྱུང་ཡོད་ཁར། མང་གཙོའི་སྒྲིག་འཛུགས་མཐོ་ཤོས་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་ཐེངས་བཅུ་བཞི་དང་ཆབ་སྲིད་ཀྱི་འགོ་ཁྲིད་བཀའ་བློན་ཁྲི་པའི་འོས་བསྡུ་ཐེངས་གཉིས་བྱས་པ་སོགས་བཅའ་ཁྲིམས་རིན་པོ་ཆེའི་ཆ་རྐྱེན་ཁག་གི་འོག་མང་གཙོའི་སྒྲིག་འཛུགས་དང་ལམ་སྲོལ་གང་ཐད་ནས་ཆ་ལག་ཚང་ངེས་ཡོད་པ་མ་ཟད། གཞི་རིམ་མང་ཚོགས་ཀྱིས་འོས་བསྡུ་ཁག་གིས་མཚོན་མང་གཙོའི་ལས་རིམ་ནང་ཆ་ཤས་ཚད་ལྡན་བླང་ཐུབ་པའི་ནུས་པ་སྨིན་པ་ནི་ཡི་རངས་བྱ་ཡུལ་ཞིག་ཡིན། ལྷག་པར་དུ་ཕྱི་ལོ་༡༩༩༦ ནང་མང་མོས་ཐག་གཅོད་འོས་བསྡུའི་སྔོན་འགྲོའི་ལས་རིམ་དང༌། སྔ་ལོ་བཅའ་ཁྲིམས་དོན་ཚད་ང་དགུ་པའི་འོག་བསྐོང་ཚོགས་བྱས་པའི་དམིགས་བསལ་ཚོགས་ཆེན་བཅས་ཀྱི་སྐབས་གཞི་རིམ་མང་ཚོགས་ནས་སོ་སོའི་རང་དབང་གི་རྣམ་དཔྱོད་ལོངས་སུ་སྤྱད་དེ་གཞན་ཟེར་གཡམ་རྒྱུགས་མ་ཡིན་པར་བོད་མི་རིགས་ཀྱི་འཕྲལ་དང་ཡུན་གྱི་འདུན་མ་བརྟན་ལྷིང་འཛིན་ཕྱོགས་མ་ནོར་བ་མཛད་པ་འདིས་བོད་མིའི་མང་གཙོའི་ལེགས་བྱང་གི་ན་ཚོད་ཡོངས་སུ་སྨིན་པའི་དན་རྟགས་གསལ་པོ་ཞིག་ཡིན་པས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང༌། ངེད་ཅག་སྣེ་མོ་བར་གཏོགས་པ་རྣམས་ལ་སྙིང་སྟོབས་འཕེལ་བའི་ཆ་རྐྱེན་འགྲན་མེད་ཅིག་བྱུང་སོང་བས་ཚང་མར་ལེགས་སོ་བསྔགས་བརྗོད་ཞུ་རྒྱུ་ཡིན།

ཡང་དག་པའི་མང་གཙོའི་འཕེལ་རིམ་ཚད་མཐོ་ཡོང་བར་མེད་དུ་མི་རུང་བའི་ཆ་རྐྱེན་མང་ཚོགས་ཀྱི་ཤེས་ཡོན་དང་རང་དབང་གི་རྣམ་དཔྱོད། བསམ་ཚུལ་དང་ལང་ཕྱོགས། ལྟ་གྲུབ་འདྲ་མིན་ཁག་གི་དབར་གོ་རྟོགས་དང་བཟོད་བསྲན། ཕྱོགས་ཞེན་སྤངས་པའི་བླང་དོར་འབྱེད་ཤེས་པ་སོགས་ད་དུང་གོང་འཕེལ་གཏོང་དགོས་གལ་ཆེ་མ་ཟད། སྒེར་ལས་སྤྱི་གཙོ་བ་དང༌། ཐོབ་ཐང་ལས་ལས་འགན་གཙོ་བོར་བཟུང་སྟེ་རྟོན་བཞི་འཇུག་ལྡོག་མ་ནོར་བ་གནང་གལ་ཤིན་ཏུ་ཆེ།

ད་ལྟའི་དུས་སྐབས་འདིར་རྒྱལ་སྤྱི་དང༌། རྒྱ་ནག བོད་ནང་བཅས་པར་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་འགྱུར་ལྡོག་གི་མགྱོགས་ཚད་ཧ་ཅང་མཐོ་བའི་འགྱུར་འགྲོས་ཀྱིས་གནས་ཚུལ་གང་ལ་ཡང་ཚོད་དཔག་དཀའ་བའི་གནས་སྐབས་ཤིག་ཏུ་གྱུར་པར་བརྟེན། གཞིས་བྱེས་བོད་མི་ཡོངས་ཀྱིས་སྦི་གསང་དོད་པོས་སྐབས་འཕྲལ་སོ་སོར་མཛད་ཕྱོགས་མ་ནོར་བ་དང་གོ་སྐབས་མ་ཤོར་བ་གནང་དགོས།

སྔ་ལོ་བོད་དུ་གཞིས་བཞུགས་མང་ཚོགས་ཀྱིས་ལུས་སྲོག་ལོངས་སྤྱོད་གང་ལའང་མ་ལྟོས་པར་འཚེ་མེད་ཞི་བའི་ལས་འགུལ་ལ་བརྟེན་གནས་སྐབས་བོད་མི་མང་པོར་སྡུག་སྦྱོང་གོད་ཆགས་ཅི་ཆེར་བྱུང་ཡོད་ནའང་ནམ་ཕུགས་བློས་གཏོང་དེ་དག་ཆུད་ཟོས་སུ་མི་འགྲོ་བར་བོད་དོན་བདེན་མཐའ་གསལ་ཐབས་ལ་ཕན་ཐོགས་རླབས་ཆེན་ཡོང་རྒྱུར་གདོན་མི་ཟ་ཞིང༌། ད་ཆ་རེ་ཞིག་བབ་ལྷིང་གིས་མང་ཚོགས་ཉེན་ཁར་མི་ཚུད་པ་གཙོ་འདོན་གནང་གལ་ཆེ་བ་དང༌། བོད་རྒྱ་མི་རིགས་དབར་འགལ་ཟླ་འཁོན་འཛིན་མི་ཡོང་བའི་ཐབས་ཚུལ་ལ་སྒོ་ཀུན་ནས་འབད་འབུང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ལམ་སྟོན་གཞིར་བཟུང་བཙན་བྱོལ་བོད་མིའི་གནས་ཡུལ་གང་སར་རྒྱ་བོད་མི་རིགས་ཀྱི་མཐུན་ལམ་གོང་མཐོར་གཏོང་ཐབས་འབད་བརྩོན་བྱེད་བཞིན་པ་དང༌། འགྲོ་བ་མི་རིགས་སུ་འདྲ་ཞིག་ལའང་རང་བྱུང་འབྱུང་བའི་གནོད་འཚེ་སོགས་གོད་ཆགས་དཀའ་ངལ་བྱུང་སྐབས་གདུང་སེམས་མཉམ་བསྐྱེད་ཀྱིས་རོགས་སྐྱོར་བྱ་རྒྱུ་ནང་ཆོས་ཀྱི་བསླབ་བྱ་དང་བོད་རིགས་ཀྱི་བཟང་སྤྱོད་གཉིས་ཀ་དང་མཐུན་པ་ཞིག་ཡིན་སྟབས་སྔ་ལོ་ཟི་ཁྲོན་ཁུལ་ས་ཡོམ་གྱི་འཇིག་པ་བྱུང་སྐབས་བཙན་བྱོལ་བོད་མིས་སྨོན་ལམ་གསོལ་འདེབས་དང་གུན་སྐྱོབ་ཞལ་འདེབས་གང་ཐུབ་ཞུས་པ་མ་ཟད། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ས་གནས་སུ་མང་ཚོགས་ལ་སེམས་གསོ་དབུགས་དབྱུང་དང་ཐུགས་སྨོན་གསོལ་འདེབས་གནང་ཆེད་ཕེབས་འདོད་ཤིན་ཏུ་ཆེ་ཡང༌། ཆབ་སྲིད་ཀྱི་གནས་བབ་ཀྱི་དབང་གིས་ཆིབས་བསྒྱུར་མ་ཐུབ། ཉེ་ཆར་ཐེ་ཝན་དུ་ཆུ་ལོག་གིས་གནོད་འཚེ་བྱུང་སྐབས་འཕྲལ་དུ་སེམས་གསོ་འཚམས་འཕྲིན་དང་ཞབས་རིམ་སྨོན་ལམ་རྒྱ་ཆེ་གནང་བ་མ་ཟད། ད་ཆ་ས་གནས་མང་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སྐུའི་ངལ་བ་ཁྱད་དུ་བསད་དེ་གོད་ཆགས་བྱུང་བའི་ས་གནས་སུ་དངོས་སུ་ཞབས་ཀྱིས་བཅགས་ཏེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེར་སྐྱོང་བཞིན་པ་འདི་ཡང་སྤྱིར་སྐྱེ་འགྲོ་ཡོངས་ཀྱི་བདེ་ཐབས་དང༌། ལྷག་པར་རྒྱ་བོད་མི་རིགས་གཉིས་ཀྱི་འབྲེལ་ལམ་ལ་དགོངས་པ་ཞིག་ཡིན།

བཙན་བྱོལ་བོད་མིའི་ཁྲོད་ད་ཆ་མི་རབས་གསུམ་པའི་ན་གཞོན་རྣམས་ནར་སོན་ཏེ་གནའ་དེང་དང་ཕྱི་ནང་གི་ཤེས་ཡོན་ཕུན་སུམ་ཚོགས་པ་ཡོད་མཁན་རྣམས་ཆབ་སྲིད་ཀྱི་ཁུར་ལེན་ཐུབ་པའི་དུས་སུ་སླེབས་ཡོད་གཤིས། སྤྱི་ཚོགས་ནང་ཆབ་སྲིད་དང་འཛིན་སྐྱོང་ཐོག་འགན་ཁུར་སྔར་ལྷག་བཞེས་པའི་ཡིད་ཆེས་བྱེད་ཀྱི་ཡོད།

མཐའ་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་བོད་མི་གཞིས་བྱེས་མཉམ་འཛོམས་ཀྱིས་རང་དབང་མང་གཙོའི་དཔལ་ལ་མྱུར་དུ་སྤྱོད་པའི་སྨོན་འདུན་བཅས་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་༢༠༠༩ ཕྱི་ཟླ་༩ ཚེས་༢ ལ།། །།

ཕྱི་ལོ་༢༠༠༩ ཟླ་༩ ཚེས་༢ ཉིན་མང་གཙོའི་དུས་དྲན་ཐེངས་༤༩ པའི་ཐོག་གནང་བའི་བཀའ་ཤག་གི་གཏམ་བཤད།