མང་གཙོའི་འཕེལ་རིམ་དང༌། འགལ་རྐྱེན། ཕྱི་གསལ་ནང་གསལ་དགོས་ཚུལ།

ཆབ་སྲིད་ཀྱི་ལྟ་བ་ཇི་འདྲ་ཞིག་ཡིན་ཡང༌། སྲིད་པ་འཁོར་བའི་རྒྱུས་བསྡུས་པ་སོང་སྐྱོན་གྱི་ཆ་རྩ་བ་ནས་མེད་པ་ཞིག་ཡོང་སྲིད་ཀྱི་མ་རེད། ལྟོས་ས་ལྟོས་ཕྱོགས་དང༌། དེང་དུས་ཀྱི་འཁོར་བའི་དགོས་མཁོ་ལ་གཞིགས་ན་ད་ཡོད་ཀྱི་མང་གཙོའི་རིང་ལུགས་དེ་ཡག་ཤོས་ཤིག་དང༌། ཆོས་དང་མཐུན་ཤོས་ཤིག་ལ་ངོས་འཛིན་བྱེད་ཆོག་པ་ཆགས་ཡོད། སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལྟ་བ་སྤྱི་དང༌།མང་གཙོའི་ལམ་ལུགས་རྣམས་རིམ་པས་ཡར་རྒྱས་འགྲོ་དགོས་པ་ལས་འབྲས་བུ་ཅིག་ཅར་བ་དང་ཐོད་རྒལ་བ་ནང་བཞིན་ལག་ལེན་བསྟར་མི་ཐུབ་པ་བཤད་མི་དགོས་པ་རེད། ང་ཚོ་བཙན་བྱོལ་བོད་མི་ལ་ཆ་བཞག་ན་མང་གཙོའི་ལམ་ལུགས་ལག་ལེན་དུ་བསྟར་ནས་ལོ་ ༣༤ ཙམ་ལས་ཕྱིན་མེད་པས། རྒྱལ་ཁབ་གཅིག་དང་སྤྱི་ཚོགས་གཅིག་ལ་ཆ་མཚོན་ན་དུས་ཚོད་ཐུང་ཐུང་རེད། ལྷག་པར་དུ་མང་གཙོ་མཚན་ཉིད་ཚང་བ་དང༌། གཞི་རིམ་གྱི་མཚན་ཉིད་ལག་ལེན་དུ་བསྟར་ནས་ལོ་ངོ་གསུམ་ཡང་ཚང་མེད། དཔེར་ཆ་བཞག་ན་ཕྲུ་གུ་ཆུང་ཆུང་མིག་འབྱེད་ལ་མ་འབྱེད་ཙམ་ལས་མེད་དུས་དཀའ་ངལ་དང་ནོར་འཁྲུལ་ཡོང་རྒྱུ་རང་བཞིན་གནས་ཚུལ་ཞིག་ཆགས་ཡོད་པར་སོང༌། དེ་ལ་ཧ་ལས་དགོས་པ་དང་འཇིགས་སྣང་བྱེད་དགོས་པ་ཞིག་ཆགས་མེད། ཕྱོགས་གཞན་ཞིག་ནས་བལྟས་ན་མང་གཙོའི་ལམ་ལུགས་འདི་མངོན་པར་བྱང་ཆུབ་པའི་སྤྱི་ཚོགས་ནང་དུ་རིང་ལུགས་ཡག་ཤོས་ཆགས་ཡོད་ཀྱང༌། མང་ཚོགས་ཀྱི་ཤེས་ཡོན་དང་ལྟ་བའི་གནས་ཚད་ཡག་པོ་མེད་པ་ཞིག་ལ་མང་གཙོའི་རིང་ལུགས་ཏག་ཏག་བསྡད་ཐུབ་ཀྱི་མེད་པ་ནི་ནུབ་ཕྱོགས་པའི་ཆབ་སྲིད་མཁན་མང་པོས་ལྐུགས་པ་མང་པོ་མཉམ་འདུས་ཀྱི་རིང་ལུགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། མང་གཙོའི་རིང་ལུགས་འདི་མང་ཚོགས་ཀྱི་མངོན་འདོད་ཀྱི་རིང་ལུགས་ཤིག་ལ་སོང༌། མང་ཚོགས་ལ་ཤེས་ཚད་དང་རྣམ་དཔྱོད་ཡག་པོ་ཞིག་མེད་ན་ཏན་ཏན་དཀའ་ངལ་ཅན་ཞིག་ཆགས་ཡོད། དེ་འདྲ་སོང་ཙང་ང་ཚོའི་སྤྱི་ཚོགས་ཀྱི་ཤེས་ཚད་དམའ་བར་སོང་མང་གཙོའི་རིང་ལུགས་འདི་འཚམས་པོ་དང་རན་པོ་ཡོད་པ་མ་རེད་དམ་ཞེས་དྲི་བ་དྲིས་ན། དེའི་ལན་ཕྱོགས་གཞན་ཞིག་ནས་བརྒྱབ་དགོས། ང་ཚོ་ལ་སྟབས་བཟང་བའི་གནས་ཚུལ་ཁྱད་པར་ཅན་ཞིག་ནི་འཇིག་རྟེན་འདིའི་ནང་རྙེད་པར་དཀའ་བའི་དབུ་ཁྲིད་ཅིག་ཡོད་པ་འདི་ང་ཚོའི་སྤྱི་མཐུན་གྱི་བསོད་ནམས་དང༌། ང་ཚོའི་མ་འོངས་པའི་རེ་བའི་དམིགས་ཡུལ་ལམ་ང་ཚོའི་རེ་བའི་གཞི་རྟེན་ལྟ་བུ་ཆགས་ཡོད་པས་མང་གཙོའི་རིང་ལུགས་ཀྱི་གཞི་རྟེན་འདི་རྙེད་ཡོད། གཙོ་བོ་མང་གཙོའི་རིང་ལུགས་ལམ་ལྷོང་ཡོང་བ་ལ་མི་མང་རྣམས་ཐེ་ཚོམ་ཏིལ་འབྲུ་ཡང་མེད་པར་བློ་གཏད་བཅོལ་ནུས་པའི་དབུ་ཁྲིད་བཟང་པོ་ཞིག་དགོས་རྒྱུ་མེད་དུ་མི་རུང་བའི་དགོས་མཁོ་ཞིག་ཆགས་ཡོད་པས། དེས་མི་མང་གི་མངོན་འདོད་མཚོན་ཐུབ་པ་དང་ལམ་ཕྱོགས་བསྟན་ཐུབ་པ་ཆགས་ཡོད། དེ་མེད་ན་ཁ་ཐོར་དུ་འགྲོ་ཉེན་དང་དཀའ་ངལ་ཡོང་སྲིད། ང་ཚོ་ལ་བརྒྱུད་ལམ་ཡག་པོ་ཞིག་ཡོད་པས་དཀའ་ངལ་བརྒྱབ་པ་ཡིན་ན། མང་གཙོའི་རིང་ལུགས་ཡག་པོ་ཡོང་རྒྱུ་ངེས་པ་རེད། ཚང་མའི་དགོངས་པར་མངའ་གསལ་ལྟར་ང་ཚོའི་མང་གཙོ་འདི་འཐབ་རྩོད་ཀྱིས་ལེན་པ་མ་ཡིན་པར་དབུ་ཁྲིད་ཀྱི་ངོས་ནས་བསྩལ་བ་ཞིག་སོང༌། ང་ཚོའི་ལུས་སྟོབས་འཚར་ལོངས་མ་བྱུང་བ་ཡིན་ནའང་ྋགོང་ས་མཆོག་གི་ཕྱག་ལ་འཇུས་ནས་ཕྱིན་པ་ཡིན་ན་ལངས་ཐུབ་ཀྱི་རེད། གཙོ་བོ་ྋགོང་ས་མཆོག་གི་ཐུགས་ཀྱི་དགོངས་བཞེད་ཤེས་ཐབས་གནང་ནས་ཁོང་གི་ལམ་སྟོན་འོག་འགྲོ་ཐུབ་ན་ཡག་པོ་མི་ཡོང་བའི་དྭོགས་པ་བྱེད་མི་དགོས། རང་གི་མངོན་འདོད་དང་མཐུན་པར་ྋགོང་ས་མཆོག་གི་དགོངས་བཞེད་འགྲེལ་བཤད་རྒྱག་ཐབས་བྱེད་པའི་ལམ་ཕྱོགས་ནི་འགལ་བ་ཞིག་རེད། རྒྱུན་ལྡན་ནས་མང་གཙོའི་རིང་ལུགས་ནང་འགལ་རྐྱེན་ཆེ་ཤོས་གཉིས་ནི་དངུལ་གྱི་སྟོབས་ཤུགས་དང་དཔུང་ཤེད་ཀྱི་སྟོབས་ཤུགས་གཉིས་ཆགས་ཡོད། མང་ཚོགས་ཀྱི་འོས་ཤོག་དངུལ་གྱིས་ཉོ་རྒྱུ་དང་དཔུང་ཤེད་ཀྱིས་འཁྲིད་པ་སོགས་ཀྱི་འགལ་རྐྱེན་ཇི་ཡོད་ཉེ་ས་རྒྱ་གར་ལ་བལྟས་ན་གསལ་པོ་རྟོགས་ཐུབ། བོད་པའི་སྤྱི་ཚོགས་ནང་དུའང་འགལ་རྐྱེན་དེ་དག་མི་ཡོང་བའི་ཐག་གཅོད་བྱེད་མི་ཐུབ་པ་མ་ཟད། ཕྱི་ནང་གཉིས་ཀ་དང༌། ལྷག་པར་དུ་ཕྱི་ལོགས་ནས་བེད་སྤྱོད་བཏང་ནས་བོད་པའི་མང་གཙོ་ལམ་ལྷོང་མི་ཡོང་བར་ཐབས་ཤེས་བྱེད་མཁན་མང་པོ་ཡོད།དེས་ན་བཀའ་བློན་དང་སྤྱི་འཐུས་རྣམ་པས་རང་གི་རྣམ་དཔྱོད་ཀྱི་རང་དབང་བེད་སྤྱོད་བྱས་ནས་བཀའ་མོལ་གནང་དགོས། གཞི་རིམ་གྱི་གནས་སྟངས་འདི་མ་བརླགས་པའི་ཐོག་ཆབ་སྲིད་ཀྱི་ལྟ་བ་འཛིན་དགོས། དེ་ཡང་གང་ཟག་ལ་མ་བལྟས་པར་ཆོས་ལ་བལྟ་དགོས། ཆོས་ཚིག་ལ་མ་བལྟས་པར་དོན་ལ་བལྟས་ནས་དགོངས་བཞེས་དང་བཀའ་མོལ་གནང་དགོས།སྤྱིར་མང་གཙོའི་རིང་ལུགས་ལ་འགལ་རྐྱེན་མང་པོ་ཡོད་ཀྱང༌།དེང་སང་འགལ་རྐྱེན་ཆེ་ཤོས་གཉིས་ཡོད་པ་ནི། དངུལ་གྱི་སྟོབས་ཤུགས་དང་དཔུང་གི་སྟོབས་ཤུགས་གཉིས་རེད། ཕྱི་གླིང་པའི་སྐད་ལ་ Money Power and Muscle Power ཟེར། མི་མང་ལ་ཤེས་ཡོན་མེད་ན་དངུལ་གྱིས་བསླུས་ཏེ་འོས་ཤོག་ཉོ་ཚོང་དང༌།དཔུང་ཤེད་ཀྱིས་བཙན་དབང་བྱས་ནས་འོས་ཐོབ་ལེན་རྒྱུ་སོགས་རེད། ཐག་ཉེ་ས་ནས་རྒྱ་གར་ནང་ང་ཚོས་མཐོང་བཞིན་པ་རེད། དེ་འདྲའི་འགལ་རྐྱེན་ང་ཚོའི་སྤྱི་ཚོགས་ནང་མི་ཡོང་བའི་ངེས་པ་མེད། ཕྱི་ནང་གཉིས་ཀ་ནས་འགལ་རྐྱེན་ཡོད་པ་མ་ཟད། ལྷག་པར་ཕྱི་ནས་ཐབས་ཤེས་བྱེད་མཁན་ཡོད་སྟབས། ཐུགས་སྣང་དང་དྭོགས་ཟོན་དགོས་གལ་ཆེ།ལྷག་པར་དུ་བཀའ་བློན་རྣམ་པ་དང་སྤྱི་འཐུས་རྣམ་པས་ཐུགས་སྣང་དང་དྭོགས་ཟོན་གནང་དགོས། རང་གི་བསམ་ཚུལ་རང་དབང་གིས་བཤད་ཆོག་པ་ཞིག་དགོས་པ་ལས་དངུལ་དངོས་སོགས་ཀྱི་ཤུགས་བྱུང་ན་འགྲིག་ཐབས་མེད། ང་ཚོས་མང་ཚོགས་ཀྱི་བསམ་ཚུལ་ཤེས་རྟོགས་ཡོང་ཆེད་ཚོར་བ་བཟང་པོ་ཞིག་དགོས། དབྱིན་སྐད་དུ་ Sensitive ཟེར། ང་ཚོར་མང་ཚོགས་ཀྱི་བསམ་ཚུལ་རྟོགས་པའི་གཞི་རིམ་གྱི་མཐུན་རྐྱེན་ཁག་པོ་རེད། གང་ཐུབ་ཤེས་ཐུབ་པ་བྱེད་དགོས།
ང་ཚོའི་གོམས་གཤིས་ལ་གསར་ཤོག་ནང་སྐྱོན་བརྗོད་སོགས་བློ་ལ་མ་བབས་པའི་གནས་ཚུལ་ཡོད་ན། གསར་ཤོག་དེ་ལ་དམའ་འབེབས་དང་གསར་ཤོག་དེ་ཡག་པོ་མེད་ཅེས་བརྗོད་ཀྱི་ཡོད། དེ་ནི་དེ་འདྲ་མ་ཡིན་པར་གནས་ཚུལ་དེ་བདེན་རྫུན་གང་ཡིན་བརྟག་དཔྱད་བྱེད་དགོས་པ་དང༌། བདེན་པ་མིན་ན་དེ་ལ་གསལ་བཤད་བྱེད་རྒྱུའི་ཐོབ་ཐང་ཡོད། གསར་ཤོག་ལ་ཁ་བཏང་བ་སོགས་བྱས་ན་མང་ཚོགས་ཀྱི་བསམ་ཚུལ་འགོག་རྐྱེན་འགྲོ་གཞི་རེད།
ང་ཚོའི་ཆབ་སྲིད་དེ་ཕྱི་གསལ་ནང་གསལ་ཞིག་དགོས་པ་རེད། མང་ཚོགས་ཀྱིས་ཧ་གོ་ཐུབ་པ་ཞིག་དགོས། གནས་ཚུལ་གང་ཅིར་ལན་འདེབས་ཐུབ་པ་དང༌། རྩིས་རྒྱག་ཐུབ་པ། འགན་འཁྱེར་ཐུབ་པ་དགོས་པ་ནི་གལ་ཆེ། གནའ་སྔ་མོ་ང་ཚོའི་སྤྱི་ཚོགས་ནང་གནས་ཚུལ་མང་པོ་སྦུག་སྦུག་བྱས་ནས་གཞག་རྒྱུ་དེ་གོམས་གཤིས་ལ་ཡོད་འདུག དེ་སྐོར་དགེ་འདུན་ཆོས་འཕེལ་གྱིས།ཐམས་ཅད་ཁོང་དུ་སྦེད་པར་ཟབ་མོར་རློམ། །ཀུན་ལ་དྭོགས་པ་ཟ་བ་གྲུང་པོར་བྱེད། །ཅེས་དང༌། སྐྱིད་ཟུར་ལགས་ཀྱིས། གཟིམས་ཆུང་སྦུག་སྦུག་མུན་པ་ནག་ཁུང་ནང༌། །བཀའ་བློན་སྦུག་སྦུག་ར་ཁ་ཤ་པ་བཞུགས། །ཞལ་འདོན་སྦུག་སྦུག་བ”་གུ་རུ་གསུངས། །ལས་དོན་སྦུག་སྦུག་སང་ཡོང་གནངས་ཡོང་རེད། །ཅེས་དང༌། ྋགོང་ས་མཆོག་གི་བཀའ་སློབ་ནང༌། སྐྱབས་མགོན་སྦུག་ཏུ་མ་བཞག་གསུངས་པ་ནང་བཞིན་རེད། བཀའ་ཟུར་ཞིག་ནས་ཀྱང་གསུངས་གསལ། དེ་སྔ་བཀའ་བློན་རྣམས་གཟིམས་ཆུང་ལ་སྙན་གསན་ཕེབས་སྐབས། སྙན་གསན་ཞུས་ནས་བཀའ་བློན་ལས་ཁུངས་ལ་མ་ཕེབས་གོང་གནས་ཚུལ་ཤེས་རྟོགས་ཡོང་གི་ཡོད་ཚུལ་དངོས་འབྲེལ་རེད། གནས་ཚུལ་བཤད་ཆོག་པ་གསལ་པོ་བྱས་ནས་དྲིལ་བསྒྲགས་པ་དང༌། སྦ་དགོས་པ་རྣམས་སྦ་ཐུབ་པ་ཞིག་དགོས། དྲི་བ་དང་དྲིས་ལན་གཉིས་ཀ་སྦུག་སྦུག་མེད་པར་གསལ་པོ་དགོས་ཚུལ་སྔོན་ནས་ཞུས་ཡོད། ད་ལམ་ཡང་ཉམས་ཚོར་བྱུང༌། དཔེར་ན་གནམ་ལ་སྐར་མ་ཇི་ཡོད་ཟེར་ན།མགོ་ལ་ཡོད་པའི་སྐྲ་དང་མཉམ་ཟེར་བ་ལྟ་བུ་ཆགས་ཀྱི་འདུག དེ་སྐོར་ཚང་མས་གསལ་པོ་གནང་དགོས།
གྲོས་ཚོགས་དང་འཛིན་སྐྱོང་དབར་འབྲེལ་ལམ་ཡག་པོ་ཡོང་བར་འགན་ཁུར་ཐུབ་པ་དང༌། རྩིས་རྒྱག་ཐུབ་པ་ཞིག་དགོས། ལན་དང་གསལ་བཤད་སོགས་ཚང་མ་མཐོང་དགོས་ན་ཚང་མ་གསལ་པོ་མཐོང་ཐུབ་པ་དང༌། སྦ་ན་ཚང་མ་སྦ་ཐུབ་པ་ཞིག་དགོས་པ་ཚང་མའི་དགོངས་པར་འཇགས་དགོས། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་དྲུག་པ། ༡༩༩༤/༠༡/༡༢ ་་་ ༡༩༩༤/༠༡/༢༥