མང་གཙོའི་ལམ་ཕྱོགས་བརྒྱུད་དེ་བསྐྱོད་དགོས་གལ།

སྤྱི་འཐུས་ཡོངས་ཀྱི་དགོངས་པར་མངའ་གསལ་ལྟར་བོད་གངས་ཅན་གྱི་ལྗོངས་འདི་ཉིད་གཞན་དང་མི་འདྲ་བར་སྤྱན་རས་གཟིགས་ཀྱི་ཐུན་མོང་མིན་པའི་གདུལ་བྱ་ཆོས་ལྡན་གྱི་ཞིང་ཁམས་ཤིག་ཆགས་ཡོད།དེར་བརྟེན་འཕགས་མཆོག་སྤྱན་རས་གཟིགས་ཀྱི་དབུ་ཁྲིད་ལམ་སྟོན་འོག་བོད་འབངས་ཡོངས་རྫོགས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ད་ལྟའི་བར་ཤར་བསྐྱོད་བྱས་ཤིང༌། ད་དུང་ཡང་གཞིས་བྱེས་བོད་མི་ཡོངས་ཀྱི་བློ་རྩེ་ྋགོང་ས་ྋསྐྱབས་མགོན་ཆེན་པོར་གཏད་པ་བཞིན་ཐུགས་བརྩེ་ཆེན་པོས་འདུལ་དཀའ་བའི་གདུལ་བྱ་རྣམས་ཞུམ་མེད་རྗེས་སུ་འཛིན་པའི་ལམ་སྟོན་འོག་ཤར་བསྐྱོད་འགྲོ་བཞིན་ཡོད།འདས་ལོ་བཅུ་ཕྲག་མང་པོའི་རིང་བྱ?ང་མྱོང་མེད་པའི་དཀའ་ངལ་གནས་ཚུལ་ཐབས་རྡུགས་མང་པོ་བྱུང་ཡོད་ཀྱང་དེ་འབྲེལ་ཁེ་བཟང་མང་པོ་ཞིག་ཀྱང་ཐོབ་ཡོད། ཤེས་རིག་དང་ཆབ་སྲིད་ཀྱིས་མཚོན་བོད་རིགས་གཞིས་ཆགས་སོགས་ཀྱི་ནང་གསར་བརྗེའི་བསྒྱུར་བཅོས་མང་པོ་ཐུབ་ཡོད།སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ཡུལ་གྲུ་གང་སར་ཞབས་ཀྱིས་བཅགས་ཏེ་རྗེས་འཛིན་གདུལ་བྱ་སྐར་ཚོགས་བཞིན་རྗེས་སུ་བཟུང་ཞིང་རང་ཅག་བོད་གཞིས་བྱེས་ཡོངས་ཀྱི་ཡང་དག་པའི་དབུ་ཁྲིད་ཐེ་ཚོམ་མེད་པ་ཞིག་ཡིན་པར་ལོང་བས་བལྟས་ཀྱང་ཁམས་གསུམ་གསལ་བ་ལྟ་བུ་རེད། ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་བྱེད་སྟངས་མང་གཙོ་ཡང་དག་པ་ཞིག་གི་ལམ་ཕྱོགས་བརྒྱུད་དེ་འགྲོ་དགོས་པའི་བཀའ་སློབ་སྔ་ཕྱི་རིམ་ཕེབས་ཀྱི་དགོངས་དོན་ལྟར་བོད་མི་ཡོངས་ནས་ད་ལྟ་དང་མ་འོངས་པར་མང་གཙོ་ཁོ་ནའི་ལམ་རིམ་བརྒྱུད་རྒྱུར་ཐེ་ཚོམ་དང་བསམ་ཞིབ་མི་དགོས་པ་ཞིག་རེད།དཀའ་ངལ་སོགས་ལ་དྭང་ལེན་གྱིས་ཇི་ཐུབ་མང་གཙོའི་ལམ་ཕྱོགས་དང་མ་འགལ་བར་འགྲོ་དགོས་པ་ཀུན་གྱི་ཁུར་དུ་འཁྲི་བའི་ལས་འགན་ཞིག་ཡིན་སྟབས། བོད་མི་མང་ཚོགས་ཀྱི་ཚབ་མཚོན་པར་བྱེད་པའི་སྤྱི་འཐུས་རྣམས་ནས་ཀྱང་ལམ་ཕྱོགས་དེ་བརྒྱུད་ནས་ཉོན་མོངས་དང་གྲོགས་ངན་གྱི་དབང་དུ་མ་སོང་བར་བཀའ་སློབ་དང་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་དྲན་ཤེས་བག་ཡོད་ཀྱི་སྒོ་ནས་ཚུལ་ཁྲིམས་བསྲུང་དགོས་པ་གནད་ཆེ་ཆགས་ཡོད།མང་གཙོའི་གཞི་རིམ་གྱི་དགོས་མཁོ་ནི་འདྲ་མཉམ་ཡོང་རྒྱུ་དེ་རེད།འདྲ་མཉམ་ཡོང་བར་འཚེ་བ་མེད་ཅིང་བྱམས་བརྩེས་ཟིན་པ་ཞིག་དགོས།བྱམས་བརྩེའི་ཚོར་སྣང་མེད་པར་འཚེ་མེད་ཅེས་པ་མི་འབྱུང་ཞིང༌། དེ་མེད་པར་འདྲ་མཉམ་ཡོང་མི་སྲིད་པ་རེད། གང་ཟག་བྱེ་བྲག་པས་རང་གི་ཐོབ་དབང་ལས་བརྒལ་ཏེ་གཞན་གྱི་ཁེ་དབང་ཐོབ་ཐང་ལ་གནོད་འཚེ་བྱེད་པ་དེ་འདྲ་མཉམ་མ་ཡིན་པས། སྒོ་གསུམ་གྱི་བྱ་སྤྱོད་གང་ལའང་གཞན་གྱི་ཐོབ་དབང་ལ་གནོད་འཚེ་མེད་པར་རང་ཉིད་ཀྱི་ཁེ་དབང་ལས་བརྒལ་མིན་རྟོག་ཞིབ་དང་ལག་བསྟར་བྱ་དགོས་པ་ཡིན། ནང་ཆོས་ཀྱི་ཐོག་ནས་བཤད་ན་དེ་ལ་བཏང་སྙོམས་ཆེན་པོ་ཞེས་བརྗོད་པ་རེད། གྲོས་ཚོགས་ནང་གྲོས་འཆར་དང༌། དྲི་བ། རྩོད་པ་སོགས་ཇི་འདྲ་ཞིག་ཡིན་རུང་གོང་བཤད་ཕྱོགས་འགལ་དུ་མི་འགྲོ་བའི་དྲན་བསྐུལ་ཞུ་གི་ཡོད། ཅེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་གསུམ་པ། ༡༩༩༢/༠༧/༢༣ ་་་ ༡༩༩༢/༠༨/༠༥