མཉམ་འབྲེལ་སྡེ་ཚན་རྣམས་ལ་འཕྲལ་དུ་ལག་ལེན་བསྟར་དགོས་ཀྱི་དོན་ཚན་ཁག་གི་བསྐུལ་འདེབས།

༄༅། །བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་མི་མང་མཉམ་འབྲེལ་སྡེ་ཚན་རྣམས་ལ་འཕྲལ་དུ་ལག་ལེན་བསྟར་དགོས་ཀྱི་དོན་ཚན་ཁག་གི་བསྐུལ་འདེབས།

༡༽      ངོ་སྤྲོད་སྔོན་གླེང༌།

ཕྱི་ལོ་བརྒྱ་ཕྲག་བཅོ་བརྒྱད་པའི་མཇུག་ཙམ་ནས་ཚན་རིག་དང་འཕྲུལ་ལས་ཀྱི་དར་ཁྱབ་ཀྱི་དབང་གིས་ནུས་ཕྱོགས་ཀྱི་ཡུལ་གྲུ་མང་པོ་བཟོ་ལས་ཅན་དུ་བསྒྱུར་བ་ནས་བཟུང་མ་རྩའི་རིང་ལུགས་ལ་བརྟེན་ནས་མི་མང་སྤྱི་དང༌།  ཁྱད་པར་བཟོ་པའི་གྲལ་རིམ་ལ་བཤུ་གཞོག་གཉའ་གནོན་ཚད་མཐོར་འཕེར་བའི་ཉེར་ལེན་གྱིས་དེའི་ཁ་གཏད་དུ་དམར་པོའི་རིང་ལུགས་དར་ཁྱབ་བྱུང་སྟེ་གྲལ་རིམ་འཐབ་རྩོད་སོགས་འཚེ་བ་འབའ་ཞིག་གི་ལམ་ནས་གཉའ་གནོན་དང་བཤུ་གཞོག་འགོག་སྐད་ཀྱིས་གཉའ་གནོན་དང་བཤུ་གཞོག་གསར་པ་ཞིག་བྱུང་བ་བཅས་འཛམ་གླིང་གི་སྐྱེ་འགྲོ་ཕལ་ཆེ་བ་མ་རྩའི་རིང་ལུགས་དང་དམར་པོའི་རིང་ལུགས་ཀྱི་མཐའ་གང་རུང་དུ་ལྷུང་ནས་བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མེད་པར་རིམ་གྱིས་འཛམ་གླིང་དམག་ཆེན་དང་གཉིས་སོགས་བློ་ཡུལ་ལས་འདས་པའི་འཚེ་བ་དང་གཏོར་བཤིག་ཚབས་ཆེ་བྱུང་བ་དེ་དག་ཚན་རིག་དང་འཔྲུལ་ལས་ཀྱི་དར་ཁྱབ་ཀྱི་དངོས་འབྲས?ཡིན་པ་དང༌།  དེས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་རྣམས་ཤོག་ཁག་གཉིས་སུ་གྱེས་ཏེ་གྲང་དམག་དང་འཐབ་རྩོད་རྒྱུན་མ་ཆད་པའི་འཇོགས་དངངས་ཅན་གྱི་བྱུང་བའི་འོག་ད་ལྟའང་སྐྱེ་འགྲོ་རྣམས་མནར་བཞིན་པ་དང༌།  ཉེ་བའི་ཆར་ཕྱོགས་བསྒྲིལ་དང་གྲང་དམག་གི་འཐབ་རྩོད་ཆེས་མི་མངོན་བར་སོང་བའི་ཚབ་ཏུ་དཔལ་འབྱོར་གྱི་བཤུ་གཞོག་སྤྱི་དང༌།  ཁྱད་པར་གོ་ལ་གཅིག་བསྒྱུར་དང་བག་མེད་ལོངས་སྤྱོད་ཀྱི་ལམ་སྲོལ་ལ་བརྟེན་ནས་འཚེ་བ་དང་འཇིགས་སྐུལ་རིང་ལུགས་ཀྱི་དཀའ་རྙོག་གསར་པ་ཞིག་དར་ཁྱབ་འགྲོ་བཞིན་པ་མཐོང་ཆོས་སུ་གནས།

འཇིག་རྟེན་ནང་དུས་ཀྱི་འཕོ་འགྱུར་དེ་དག་གི་སྐབས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་བསིལ་ལྡན་གངས་རིའི་ལྗོངས་ཀྱི་སྐྱེ་འགྲོ་རྣམས་ནི་འཚེ་བ་མེད་པའི་འཚོ་ཐབས་བཟོ་ཞིང་འབྲོག་གསུམ་ལ་བརྟེན་པའི་རང་མཁོ་ལྡེང་ཞིང་བཤུ་གཞོག་མེད་པ།  ཁོར་ཡུག་དང་འཕྲོད་བསྟེན་ལ་མི་གནོད་པའི་དཔལ་འབྱོར་གྱི་ལམ་སྲོལ་ཚད་ལྡན་ཡོད་པ་མ་ཟད།  བོད་ཀྱི་གྲོང་གསེབ་ཕལ་མོ་ཆེས་གན་དྷིའི་བཞེད་དགོངས་དང་མཐུན་པའི་མཉམ་ལས་དང་རོགས་རེས་ཀྱི་ལས་རྩོལ་གནའ་རབས་ནས་སྲོལ་རྒྱུན་གྱིས་བྱེད་བཞིན་པ་སོགས་མི་སྨོན་རང་སྐྱིད་ཀྱི་གནས་བབས་བཟང་པོ་ལྷ་ཡུལ་གྱི་བདེ་སྐྱིད་དང་མཚུངས་པ་ཞིག་ཡོད་བཞིན་པ་དེ་ལྟར་ཡང༌།  རྒྱ་དམར་གྱི་བཙན་འཛུལ་བྱུང་བ་ནས་བཟུང་བོད་མིའི་སྲོལ་རྒྱུན་བཟང་པོ་རྣམས་ཕྱོགས་ཐམས་ཅད་ནས་ཉམས་དམས་སུ་སོང་སྟེ་ད་ཆ་རྒྱ་དམར་དབང་འཛིན་པས་བོད་ཡུལ་དེ་བག་མེད་ལོངས་སྤྱོད་དང༌།  གོ་ལ་གཅིག་བསྒྱུར་གྱི་ལམ་སྲོལ་ངན་པའི་ཚོད་ལྟ་བྱ་ཡུལ་དུ་བཟུང་སྟེ་བོད་ནང་བོད་མི་རྣམས་བཤུ་གཞོག་གཉའ་གནོན་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར་པ་མ་ཟད།  སྲོལ་རྒྱུན་གྱི་འཚེ་བ་མེད་པའི་དཔལ་འབྱོར་དང༌།  མཉམ་ལས་རོགས་རེས་ཀྱི་ལམ་སྲོལ་བཟང་པོ་རྩ་མེད་དུ་འགྲོ་དང་འགྲོ་བཞིན་པ་དེ་ལྟར་ཡང༌།  ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཕེབས་རྗེས་སུ་བཙན་བྱོལ་དུ་འབྱོར་བའི་བོད་མི་ཕལ་ཆེ་བ་ཕུགས་རྒྱང་རིང་པོའི་དགོངས་པས་གནས་སྐབས་འཚོ་བའི་མདུན་ལམ་ཙམ་དུ་མ་ཟད། ཆོས་དང་རིག་གཞུང་ལེགས་བྱང་བཅས་པའི་སྲུང་སྐྱོབ་རྒྱུན་འཛིན་དང༌།  མ་འོངས་གཞིས་བྱེས་མནམ་འཛོམས་མཚམས་བོད་ཀྱི་གནའ་པོའི་སྲོལ་རྒྱུན་ལ་དེང་རབས་ཀྱི་ལེགས་ཆས་བརྒྱན་པའི་ཉམས་མྱོང་གསར་པ་ཞིག་གཞིས་སྡོད་བོད་མི་རྣམས་ལ་སྲོལ་རྒྱུན་མེ་རོ་གསོ་བའི་མཐུན་རྐྱེན་ལེགས་སྐྱེས་སུ་འབུལ་ཐུབ་པ་སོགས་མཐར་ཐུག་གི་དགོས་པ་དང་དམིགས་ཡུལ་དུ་མའི་སླད་རྒྱ་གར་ས་ཁུལ་གང་སར་བོད་མིའི་གཞིས་སྒར་མང་པོ་གསར་འཛུགས་མཛད།

བོད་དུ་ཆབ་སྲིད་ཀྱི་འགྱུར་ལྡོག་དེ་འདྲ་ཡོང་དགོས་པའི་རྒྱུ་རྐྱེན་མཐར་ཐུག་གི་རྒྱལ་སྤྱིའི་ནང་མ་རྩའི་རིང་ལུགས་དང་དམར་པོའི་རིང་ལུགས་ཀྱི་འཐབ་རྩོད་ཤུགས་ཆེ་བྱུང་བའི་དབང་གིས་ཡིན་པ་དང༌།  འབྱུང་འགྱུར་བོད་ཀྱི་རང་སྲིད་རང་སྐྱོང་གི་དམིགས་ཡུལ་དེའང་ལག་ཏུ་ལོན་དང་མི་ལོན་འབྱུང་འགྱུར་བོད་མིའི་དཔལ་འབྱོར་གྱི་ལམ་སྲོལ་ཇི་འདྲ་ཞིག་ཏུ་འགྲོ་བ་ལ་རག་ལས་པ་ཡིན་པས།  རིང་མོ་ཞིག་ནས་བློ་གྲོས་དང་ལྡན་པའི་སྐྱེ་བོ་མང་པོས་མ་རྩ་དང་དམར་པོའི་རིང་ལུགས་གཉིས་ཀས་སྐྱེ་རྒུའི་མངོན་འདོད་སྒྲུབ་མི་ནུས་པ་དང༌།  དེ་འདྲའི་མཐའ་གཉིས་སུ་མ་ལ་ལྷུང་བའི་དབུ་མའི་དཔལ་འབྱོར་གྱི་ལམ་སྲོལ་བཟང་པོ་ཞིག་སྤེལ་ཐབས་སུ་མཉམ་འབྲེལ་གྱི་ལས་འགུལ་ནི་འཚེ་བ་མེད་པའི་དཔལ་འབྱོར་གྱི་གཞི་རྟེན་བཟང་པོ་ཞིག་ཡོང་རྒྱུའི་ཐུགས་རེ་གནང་ཡོད་པ་ལྟར།  ྋགོང་ས་མཆོག་གི་ལམ་སྟོན་གཞིར་བཟུང་བོད་མིའི་སྡོད་སྒར་ཕལ་མོ་ཆེའི་ནང་གནས་ཡུལ་ས་གནས་སོ་སོའི་ཁྲིམས་ལུགས་འོག་མཉམ་འབྲེལ་ཚོགས་པ་ (Cooperative Society)གསར་འཛུགས་བསྐྱངས་པ་མ་ཟད། ལས་རིམ་འདི་ཧ་ཅང་གལ་ཆེར་བརྩིས་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དུའང་ཆ་རྐྱེན་བསྩལ་ཡོད་པ་དེ་དག་གནས་སྐབས་ཁྲལ་ཆག་དང༌།  སྐྱེད་ཆུང་བུན་གཡར་སོགས་དཔལ་འབྱོར་དང་ཁྲིམས་ལུགས་ཀྱི་ཁེ་ཕན་ཙམ་ཁོ་ནར་དམིགས་པ་མ་ཡིན་པར།  ནམ་ཕུགས་འཚེ་བ་དང་འགྲན་བསྡུར་གྱིས་མ་བསླད་པའི་དཔལ་འབྱོར་གྱི་ལམ་སྲོལ་དང་གོམས་གཤིས་བཟང་པོ་ཞིག་བསྐྲུན་རྒྱུའི་ཕུགས་དམིགས་བཅངས་ཡོད།  གཞིས་སྒར་མང་དག་ཏུ་མཉམ་འབྲེལ་གྱིས་སྐབས་འཕྲལ་ངལ་སེལ་མཐུན་སྒྲུབ་ཀྱི་དོན་ཕན་གང་ལེགས་བྱུང་འདུག་རུང༌།  རིམ་གྱིས་ས་གནས་མང་པོ་ལྟ་གྲུབ་ཀྱི་རྒྱབལྗོངས་དམན་པ་དང༌། ལས་དོན་རྣམས་ཁྲིམས་མཐུན་གྱིས་ལག་བསྟར་ཚུལ་བཞིན་མ་བྱུང་བའི་དབང་གིས་མཉམ་འབྲེལ་མང་དག་ཅིག་མ་ཤས་བདག་པོ་རྣམས་ལ་ཁེ་ཕན་དང་ཞབས་འདེགས་བསྒྲུབ་མ་ཐུབ་པའི་ཁར་གྱོང་གུན་དང་ཡོང་བསྡད་བུན་ནག་གི་བསྟི་གནས་ཤིག་ཏུ་གྱུར་པ་མ་ཟད།  ས་ཁུལ་རེ་ཟུང་དུ་སྒེར་གྱི་ལས་རིགས་དང་བཟོ་ཚོང་ལ་འགོག་རྐྱེན་ལྟ་བུ་གྱུར་པའང་བྱུང་འདུག་པ་བཅས་མདོ་དོན་མཉམ་འབྲེལ་ཚོགས་པའི་དགོས་དམིགས་ཇི་བཞིན་མ་འགྲུབ་པ་མང་བ་དང༌།  ལྷག་པར་མཉམ་འབྲེལ་གྱི་ལས་དོན་ཆ་ཚང་མ་ཤས་བདག་པོ་རྣམས་ཀྱིས་རང་སྐྱོང་གི་འཛིན་སྐྱོང་མ་བྱས་པ་དང་མ་ཐུབ་པ་ཅི་རིགས་ཀྱི་ལམ་ནས་ས་གནས་འགོ་འཛིན་སོགས་གཞུང་བསྐོས་ལས་བྱེད་ཁོ་ནར་བརྟེན་ནས་མཉམ་འབྲེལ་བདག་པོ་མང་ཚོགས་ཀྱིས་མཉམ་འབྲེལ་ལས་དོན་ཐོག་མཉམ་བཞུགས་དང་རྒྱུན་ལྡན་གྱི་བཏང་འཛིན་ནུས་པ་ཐོན་པ་ཡོང་དཀའ་བ་བཅས་ཀྱི་གནས་ཚུལ་དེ་དག་ལ་བརྟེན་ནས་བཀའ་ཤག་སྐབས་བཅུ་གཉིས་པས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་དང་གསུམ་པ་སོ་སོར་ལས་འཆར་དང་སེམས་འཚབ་གསལ་བཤད་ཞུས་པར།  སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་མོས་རྒྱབ་སྐྱོར་དང་ལམ་སྟོན་བཅས་བྱུང་བ་བཞིན་འཚེ་མེད་དཔལ་འབྱོར་ལམ་སྲོལ་གྱི་ལྟ་གྲུབ་དང༌།  བདག་ཉིད་ཆེན་པོ་གན་དྷིའི་བཞེད་དགོངས་པ་མཐུན་པའི་མཉམ་འབྲེལ་དང་མནམ་ལས་ཀྱི་རིག་པའི་གཞུང་ལུགས་དང་མཐུན་པའི་ད་ཡོད་བོད་མིའི་མཉམ་འབྲེལ་རྣམས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་སྒོ་ནས་སྒྲིག་འཛུགས་སྲ་བརྟན་ཕུགས་འཕེར་ཡོང་བ་ཞིག་བཟོ་རྒྱུའི་ཆེད་ནང་སྲིད་ལས་ཁུངས་སུ་མཉམ་འབྲེལ་རོགས་སྐྱོར་སྡེ་ཚན་ཞིག་ཟུར་འཛུགས་བྱས་ཏེ་ལས་དོན་གང་ཐུབ་བྱས་བཞིན་པ་ཡིན།

༢༽      དམིགས་ཡུལ་ཚད་འཛིན།

བཙན་བྱོལ་བོད་མིའི་གཞིས་སྒར་ཁག་གི་མཉམ་འབྲེལ་དང་འབྲེལ་བའི་ལས་དོན་གྱི་དམིགས་ཡུལ་ཁག་གཤམ་གསལ།

ཀ།        མ་འོངས་པའི་བོད་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཞེད་དགོངས་ལྟར་འཚེ་བ་མེད་པའི་བསྟི་གནས་

དང༌། ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བ་ཞིག་ཏུ་བསྐྲུན་རྒྱུ་ཡིན་སྟབས།  མ་འོངས་བོད་ཀྱི་དཔོལ་འབྱོར་གྱི་

ལམ་སྲོལ་ཡང་དེ་དང་མཐུན་པར་འཚེ་བ་མེད་པ་དང༌།  ཁོར་ཡུག་ལ་མི་གནོད་པ།  མ་རྩའི་རིང་ལུགས་

དང་དམར་པོའི་རིང་ལུགས་གཉིས་ཀའི་མཐའ་ལས་འདས་པའི་དབུ་མའི་ལམ།  བག་མེད་ལོངས་སྤྱོད་དང་

གོ་ལ་གཅིག་བསྒྱུར་གྱི་སྲོལ་ངན་ལ་གདོང་ལེན་དང་ཁ་གཏད་ཐུབ་ངེས་ཀྱི་སྲོལ་རྒྱུན་དང་མཐུན་པའི་གཞན་བརྟེན་

མ་དགོས་པར་རང་མཁོ་ལྡེང་ངེས་ཀྱི་ཐོན་སྐྱེད་ཡོད་པ་ཞིག་དགོས་པ་དང༌། དེའི་ཆེད་མཉམ་འབྲེལ་དང་མཉམ་

ལས་རོགས་རེས་ཀྱི་ལམ་སྲོལ་ཞིག་ངེས་པར་དུ་འཛུགས་དགོས།  དེར་བརྟེན་ད་ལྟ་བཙན་བྱོལ་གྱི་གནས་

སྐབས་སུའང་བོད་མི་གཞིས་སྒར་སོ་སོའི་ད་ཡོད་མཉམ་འབྲེལ་གྱི་ལས་འགུལ་འདི་དག་ལ་ལེགས་བཅོས་དང་

ཡར་རྒྱས་བཏང་སྟེ་འབྱུང་འགྱུར་བོད་མི་གཞིས་བྱེས་མནམ་འཛོམས་བྱུང་མཚམས་བཙན་བྱོལ་རིང་གི་ཉམས་

མྱོང་བཟང་པོ་རྣམས་བོད་གསར་པའི་འཛུགས་སྐྲུན་ལ་ཕན་ཐོགས་ཡོད་ངེས་ཤིག་བྱ་རྒྱུ།

ཁ།        དེའི་སླད་བཙན་བྱོལ་མང་ཚོགས་ལ་མཉམ་འབྲེལ་གྱི་དམིགས་ཡུལ་དང་ལྟ་གྲུབ་ཀྱི་གོ་རྟོགས་གོང་འཕེལ་གཏོང་

ཆེད་ཟབ་སྦྱོང་དང་སློབ་སྤེལ་གྱི་ལམ་ནས་མཉམ་འབྲེལ་གྱི་ལས་དོན་མཐའ་དག་ཤས་བདག་མང་ཚོགས་ཀྱི་ཁེ་

ཕན་ཁོ་ནའི་ཆེད་དུ་ཡིན་པའི་ཡིད་ཆེས་ངེས་རྙེད་ཐུབ་པ་ཞིག་བཟོ་རྒྱུ་དང༌།  དེ་ལ་བརྟེན་ནས་མཉམ་འབྲེལ་

གྱི་འཛིན་སྐྱོང་གིས་མཚོན་པའི་ལས་དོན་རྣམས་ཤས་བདག་མང་ཚོགས་ཀྱིས་ཁུར་འགན་ཆ་ཚང་ལེན་ཐུབ་པ་

ཞིག་ཡོང་ཐབས་བྱ་རྒྱུ།

ག         བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༩༣ པའི་ནང་གསེས་དོན་ཚན་ཁག་གི་དགོངས་དོན་བཞིན་                             མཉམ་འབྲེལ་ཁག་གི་ཐོན་སྐྱེད་དང་ཁེ་འབབ་ཇི་ཡོད་ཤས་བདག་མི་མང་གི་དགོས་མཁོ་ལ་ཕན་ཐབས་སུ་འཕྲལ་                                    འཕྲལ་བེད་སྤྱོད་དགོས་པ་དང༌།  ཡོང་འབབ་འདུ་འགོད་བྱ་ཕྱོགས་ཀྱང་ཡུལ་ཁྲིམས་དང་མཐུན་ཞིང་ལོག་

འཚོས་མ་བསླད་པ་ཞིག་ཡོང་ཐབས་བྱ་རྒྱུ།

ང༌།       ད་ཡོད་མཉམ་འབྲེལ་ཁག་གི་རྩིས་ཆད་དང་ཡོང་བསྡད་ཇི་ཡོད་དུས་ཚོད་ངེས་ཅན་གྱི་ནང་གཙང་དག་ཐུབ་པ་

བཟོ་རྒྱུ་དང༌།  འབྱུང་འགྱུར་རྩིས་ལོ་རེ་རེའི་ནང་ཡོང་བསྡད་གཙང་སེལ་བཟོ་དགོས་མ་ཟད།  བུན་ནག་

རིགས་ཡང་ཡང་མི་ཡོང་བའི་འབད་རྩོལ་བྱ་རྒྱུ་དང༌།  རྩིས་ཞིབ་ཀྱི་སྐྱོན་འདོན་ཁག་གི་གསལ་བཤད་ལན་

འདེབས་ཁུངས་འཕེར་རྩིས་ལོ་སོ་སོའི་ནང་ཟིན་དགོས་པའི་ལམ་སྲོལ་བཟོ་རྒྱུ།

ཅ།        དུས་ཚོད་ངེས་ཅན་གྱི་ནང་མཉམ་འབྲེལ་སོ་སོའི་སྒྲིག་གཞི་ལ་བསྐྱར་བཅོས་དགོས་རིགས་ཁྲིམས་ལུགས་ལྟར་

བསྐྱར་བཅོས་བྱས་ཏེ་འབྱུང་འགྱུར་མཉམ་འབྲེལ་ཚོགས་གཙོ་དང༌།  མཉམ་འབྲེལ་དྲུང་ཆེས་མཚོན་མཉམ་འབྲེལ་གྱི་ལས་བྱེད་ཁག་གཞུང་ཞབས་ལ་བརྟེན་ལྟོས་མ་དགོས་པར།  མཉམ་འབྲེལ་སོ་སོའི་རང་ཁུངས་ནས་འོས་འདེམས་དང་བསྐོ་གཞག་ཐུབ་པ་ཡོང་རྒྱུའི་ངེས་ཅན་གྱི་འཆར་གཞི་བཟོ་རྒྱུ།

ཆ།        མཉམ་འབྲེལ་གྱི་ལས་བྱེད་རྣམས་མཉམ་འབྲེལ་གྱི་ལྟ་གྲུབ་དང༌།  ས་གནས་སོ་སོའི་མཉམ་འབྲེལ་གྱི་ཁྲིམས་

ལུགས་ཀྱི་ཐོག་དམིགས་བསལ་སྦྱོང་བདར་དང་ཤེས་ཚད་ཡོད་པ་དགོས་པའི་ཆ་རྐྱེན་དང༌།  ལས་བྱེད་རྣམས་

ཀྱི་ཁེ་ཕན་དང་སྒྲིག་འཛུགས་ཚད་ལྡན་ཡོང་སླད་མཉམ་འབྲེལ་ཀུན་ལ་ཁྱབ་པའི་ལས་བྱེད་ཀྱི་སྒྲིལ་གྲལ་དང༌།                                      འདེམས་བསྐོའི་སྒྲིག་གཞི་གསར་བསྐྲུན་ཐུབ་པ་བྱ་རྒྱུ།

ཇ།        བོད་མིའི་མཉམ་འབྲེལ་ཡོངས་ཀྱི་ཉམས་མྱོང་དང་ཁེ་ཕན་རྣམས་ཕན་ཚུན་བརྗེ་ལེན་ཡོང་ཐབས་དང༌།  ལྷག་

པར་ཐག་རིང་མཐའ་མཚམས་སུ་ཡོད་པའི་མཉམ་འབྲེལ་ཁག་གི་ཐོན་སྐྱེད་རྣམས་སྐབས་འཕྲལ་ཁྲོམ་རྭར་འགྲེམས་

ཚོང་ཐུབ་ཐབས་ཀྱི་ལས་དོན་ཚགས་ཚུད་ཡོང་སླད་མཉམ་འབྲེལ་ཚང་མའི་སྤྱི་མཐུན་གྱི་སྒྲིག་འཛུགས་ཤིག་

གསར་འཛུགས་ཀྱིས་ཐོན་སྐྱེད་ཉོ་ཚོང་སྤྱི་དང༌།  ཁྱད་པར་ཕྱི་ཚོང་ནང་འགྲེམས་ཀྱི་ཆ་རྐྱེན་ཚད་ལྡན་སྒྲུབ་ཐབས་བྱ་རྒྱུ་བཅས་སོ།

༣༽      བསྐུལ་འདེབས།

གོང་གསལ་གྱི་དམིགས་ཡུལ་དེ་དག་རིང་མིན་འགྲུབ་ཐབས་སུ་ད་ལྟ་ནས་གོམ་པ་རིམ་སྤོས་བྱ་རྒྱུ་ཤིན་ཏུ་གལ་གནད་ཆེ་བར་མཐོང་ཞིང༌།  ནང་སྲིད་མཉམ་འབྲེལ་རོགས་སྐྱོར་སྡེ་ཚན་གྱིས་བར་སྐབས་མཉམ་འབྲེལ་ཁག་གི་ད་ལྟའི་གནས་བབས་བསྐྱར་ཞིབ་དང༌།  ས་གནས་གང་འཚམས་སུ་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་གོ་བསྡུར་གྱི་ལམ་ནས་བསགས་པའི་ཉམས་མྱོང་དང༌།  ཉེ་ཆར་བཀའ་ཁྲི་ནང་སྲིད་དྲུང་ཆེ་དང་མཉམ་ལྷོ་ཕྱོགས་གཞིས་སྒར་ཆེ་ཁག་བཞིའི་ནང་ཆེད་བསྐྱོད་གྱིས་ཁུངས་སོ་སོའི་མཉམ་འབྲེལ་འགན་འཛིན་ཚོགས་མི་རྣམས་དང་གོ་བསྡུར་བྱས་པའི་གྲུབ་དོན་དུ།  མཉམ་འབྲེལ་ཁག་གིས་འཕྲལ་མྱུར་ཛ་དྲག་གིས་ལག་བསྟར་བྱ་དགོས་ཀྱི་དོན་གནད་མང་ཙམ་ཞིག་བསྐུལ་འདེབས་བྱེད་དགོས་པའི་ཚོར་སྣང་འདུག

སྤྱིར་བཏང་མཉམ་འབྲེལ་སྒྲིག་འཛུགས་ཁག་རང་སྐྱོང་སྡེ་ཚན་ཡིན་སྟབས།  གཞུང་གིས་ཐེ་བྱུས་དང༌།  བཀོད་མངགས།  ལམ་སྟན་སོགས་མི་དགོས་པ་གཙོ་འདོན་བྱ་དགོས་མང་གཙོའི་རིང་ལུགས་ཀྱི་གལ་གནད་ཅིག་ཡིན་ནའང༌།  ད་བར་བཙན་བྱོལ་བོད་མིའི་མཉམ་འབྲེལ་ཡོངས་རྫོགས་རང་གཞུང་གི་བཀོད་བྱུས་བཏང་འཛིན་ལ་ཧ་ཅང་བརྟེན་ཚབས་ཆེ་བའི་གོམས་གཤིས་ངན་པ་ཞིག་འཇགས་འདུག་པར་བརྟེན།  ཐེག་པ་རིམ་འཛེགས་ཀྱིས་མཐར་ཐུག་རང་རྐྱ་འཕེར་བའི་རང་སྐྱོང་ཚད་ལྡན་ཞིག་ཡོང་ཐབས་དམིགས་ཡུལ་དུ་བཟུང་སྟེ་གཤམ་གསལ་གལ་ཆེའི་དོན་གནད་ཁག་མཉམ་འབྲེལ་ཚང་མས་འཕྲལ་དུ་ངེས་པར་ཕྱག་བསྟར་དགོས་པའི་བསྐུལ་འདེབས་ནན་པོ་ཞུ་རྒྱུ་ཡིན།

ཀ༽      ད་ལྟའི་ལས་བྱེད་ཀྱི་གྲངས་འབོར་དང་ལས་འབོར་གནས་སྟངས་བཅས་ལ་ཞིབ་འཇུག་གིས་དགོས་ངེས་ཅན་

གྱི་ལས་བྱེད་མ་གཏོགས་གཞན་མཁུ་བསྡུ་དགོས་རིགས་ལུགས་མཐུན་མཁུ་བསྡུ་གནང་ཐབས་དང༌།  ས་

མིག་སྟོང་པ་ཐོན་རིགས་ངེས་པར་བཀངས་མི་དགོས་པ་རྣམས་མ་བཀངས་པར་ས་མིག་ཕྱིར་བསྡུ་གནང་གལ།

ཁ༽      ད་ལྟའི་ལས་བྱེད་པའི་ཐོབ་ཐང་གནས་སྟངས་ལ་བསྐྱར་ཞིབ་ཀྱིས་ཡུལ་ཐང་ལ་གཞིགས་པའི་ཕགོས་འབབ་མཐུན་

རྐྱེན་སོགས་སྦྱོར་སྤྲོད་ཐུབ་ཐབས་གནང་རྒྱུ་དང༌། ལས་བྱེད་གསར་བསྐོ་དགོས་རིགས་མཉམ་འབྲེལ་འཛིན་

སྐྱོང་ཐོག་ཤེས་ཚད་ལྡན་པ་བསྐོ་ཐབས་དགོས་རྒྱུ།

ག༽      འཕྲུལ་རྨོས་ཁ་ལོ་པ་ལ་སོགས་པའི་དུས་ཚོད་ངེས་ཅན་སྐབས་མ་གཏོགས་རྒྱུན་དུ་དགོས་མཁོ་མེད་པའི་རིགས་

ལ་དགོས་ངེས་ཀྱི་དུས་ཡུན་རིང་འདོད་བློ་ཁེངས་པའི་གླ་འབབ་གནང་སྟེ་རིམ་པས་ལས་གླའི་ངོ་བོར་བསྐོ་ཉར་

གནང་རྒྱུ་ལས་གཏན་འཇགས་བསྐོ་ཉར་མི་དགོས་འི་ཐབས་ལམ་ཡོད་མེད་བབས་གཟིགས་གནང་རྒྱུ།

ང༽      མཉམ་དྲུང་གིས་མཚོན་མཉམ་འབྲེལ་ཁོངས་སུ་གཏོགས་པའི་ལས་བྱེད་ཆ་ཚང་མཉམ་འབྲེལ་འགན་ལྷན་གྱི་

བཀོད་བྱུས་ལམ་སྟོན་འོག་ཤར་བསྐྱོད་ཐུབ་པ་བཟོ་གནང་དགོས་རྒྱུ།

ཅ༽      ད་ཡོད་མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ་གཉིས་གཞུང་བསྐོས་ལས་བྱེད་ལ་སོང་ཡང་ས་གནས་སྤོས་འགྲོ་

བ་སོགས་ཀྱིས་མཉམ་འབྲེལ་ལ་སྐུ་ངལ་ཡོང་བཞིན་པ་སེལ་ཐབས་སུ་རིམ་པས་ས་གནས་མང་ཚོགས་ནས་མཉམ་

འབྲེལ་ཚོགས་གཙོ་དང༌།  དྲུང་ཆེ། གཞན་གཟུང་བསྐོས་ལས་བྱེད་པ་ཡོད་རིགས་ཀྱི་ཚབ་རང་ཁུངས་ནས་

བསྐོ་ཐབས་ཀྱི་འབད་བརྩོན་འོག་གྲབ་མུ་མཐུད་གནང་རྒྱུ།

ཆ༽      མཉམ་འབྲེལ་གྱི་འཛིན་སྐྱོང་འགྲོ་གྲོན་གང་ཐུབ་ཀྱི་བསྲི་ཚགས་ཡོང་རྒྱུར་འགན་ལྷན་ནས་དངུལ་རྩིས་སྟངས་

འཛིན་ནན་ཙམ་དགོས་པ་ལྟར་གནང་ཐབས་དགོས་པ་མ་ཟད།  སྣེ་ལེན་དང༌།  གསོལ་སྟོན།  སྤྲོ་སྐྱིད་

སོགས་དོན་མེད་རྒྱས་སྤྲོས་ཀྱི་འགྲོ་གྲོན་མེད་པ་གནང་དགོས།

ཇ༽      འགན་ལྷན་ཚོགས་མིས་གཙོས་ལས་བྱེད་ཚོར་དུས་བསྟུན་ཟབ་སྦྱོང་དགོས་རྒྱུ་གལ་ཆེ་ཡིན་པ་ཚང་མས་ངོས་

འཛིན་གསལ་ཤེས་ལ་སོང་སླད་མཉམ་འབྲེལ་སོ་སོས་དགོས་གལ་ཟབ་སྦྱོང་གོ་སྒྲིག་ཡོང་ཐབས་དགོས་པ་དང༌།

ཡང་གང་ཅིའི་མཐུན་རྐྱེན་ལྡེང་མིན་གྱི་སྐུ་ངལ་འཕྲད་ཚེ་ནང་སྲིད་ལས་ཁུངས་སུ་འབྲེལ་བ་གནང་དགོས་རྒྱུ།

ཉ༽      གཞིས་ཆགས་ཁག་གཅིག་གིས་མཉམ་འབྲེལ་གྱི་དཔལ་འབྱོར་གནས་སྟངས་ལོ་རེའི་སྟོན་འབྲས་ཚོང་བསྒྱུར་

གྱི་གནས་སྟངས་ལ་ཤུགས་ཆེ་རག་ལས་པར་སོང་འགན་འཛིན་ལྷན་ཚོགས་ནས་སྐབས་བབས་གནས་སྟངས་ལ་

ཐུགས་ཞིབ་ཟབ་ནན་གྱིས་ཡ་ཡུད་ཆེ་བའི་གོང་ཚད་ངང་སྒུག་མ་དགོས་པར་རན་འཚམས་ཐོག་ཚོང་སྒྱུར་གནང་

ཐབས་ཡོང་བ།

ཏ༽      སོན་ལུད་རིན་འབབ་སོགས་ཀྱི་བུན་འབབ་བསྡུ་ལེན་ཆེད་སྟོན་འབྲས་རིན་ཚད་ཡུལ་ཐང་རིན་འབབ་ཇི་ཡིན་

སྤྲོད་རྒྱུ་དང༌།  ཅི་སྟེ་སྟོན་འབྲས་ཚོང་ལས་ཐོག་གཙང་ཁེ་བྱུང་ཚེ་བརྒྱ་ཆ་འོས་འཚམས་གཏན་འབེབས་ཀྱིས་

བགོ་སྤྲོད་གནང་རྒྱུ།

ཐ༽      མཉམ་དྲུང་ནས་སྟོན་འབྲས་ཁྲོམ་རྭའི་གནས་སྟངས་ཇི་ཡིན་ཞིབ་འཇུག་གིས་སྐབས་དེའི་སྟོན་འབྲས་ཡུལ་ཐང་

རིན་འབབ་ཇི་ཡིན་གྱི་སྙན་ཐོར་གཞིགས་པའི་འགན་འཛིན་ལྷན་ཚོགས་ནས་འཁུར་འགན་བཞེས་ཏེ་སྟོན་འབྲས་

རིན་འབབ་གཏན་འབེབས་གནང་ཕྱོགས་ངེས་པར་དགོས་པ།

ད༽      ཤས་བདག་མང་ཚོགས་ནས་སྟོན་འབྲས་སྤུས་ཉོས་བྱས་པ་རྩིས་ལེན་སྐབས་མཉམ་འབྲེལ་འགན་ལྷན་ནས་སྟངས་

འཛིན་ཞིབ་འཇུག་གིས་སྟོན་འབྲས་སྤུས་ཚད་ལེགས་ཞན་དབྱེ་འབྱེད་གནང་སྟེ་རིན་འབབ་མཐོ་དམའ་དང་སྤུས་

ཚད་ཧ་ཅང་ཞན་པའི་རིགས་ཐད་ཀར་སྤུས་ཉོས་མ་གནང་བར་ཚོང་བཅོལ་ཉར་རྒྱུའི་ལམ་སྲོལ་གཏན་འབེབས་

གནང་རྒྱུ།

ན༽      མཉམ་འབྲེལ་ནས་སོན་ལུད་གནང་ཕྱོགས་ཐད་ས་ཞིང་ཨེ་ཀར་གཅིག་ལ་འདེབས་ལས་སྟོན་འབྲས་ཀྱི་ཡུལ་ལུང་

སོ་སོའི་དགོས་མཁོ་ཚད་གཞི་ལས་མ་བརྒལ་བའི་གཏན་འབེབས་ཐོག་རང་བསྐལ་ཨེ་ཀར་ཇི་ཡོད་ལ་མ་གཏོགས་

བགོས་འགྲེམས་གནང་མི་དགོས་པ་གནང་རྒྱུ།

པ༽      མཉམ་འབྲེལ་གྱི་ཡོང་བསྡད་སྤྲོད་བསྡད་གནས་སྟངས་ལ་འགན་ལྷན་ནས་ཟླ་གསུམ་རེའི་མཚམས་ཞིབ་བཤེར་

གྱིས་ཡོང་བསྡད་དེ་མུས་སོར་འཇོག་མེད་པ་དགོས་རྒྱུ།

ཕ༽      མཉམ་འབྲེལ་གྱི་སྣུམ་འཁོར་ཁག་དགོས་ངེས་ལས་བརྒལ་བའི་བེད་སྤྱོད་མི་དགོས་པའི་སྟངས་འཛིན་ཞིབ་ནན་

ལྡན་པ་ཞིག་ཡོང་ཐབས་གནང་རྒྱུ།

བ༽      ལོ་འཁོར་གཅིག་གི་སྟོན་འབྲས་སྤུས་ཉོའི་མ་དངུལ་ཁྱོན་འབོར་ཇི་བྱེད་ལ་མི་མང་གི་དངུལ་བཅོལ་སྐྱེད་འབབ་

བམ་དངུལ་ཁང་གི་བུན་སྐྱེད་ཇི་བྱེད་དུས་ཡུན་ལ་གཞིགས་པའི་རྩིས་བསྐོར་གྱིས་སྟོན་འབྲས་ཚོང་འབྲེལ་ཐོག་

རྩིས་འཁུར་གནང་དགོས།

མ༽      མཉམ་འབྲེལ་གྱི་སྡེ་ཚན་མ་ལག་སོ་སོར་ལོ་འཁོར་གཅིག་གི་བསྐོར་རྒྱག་མ་དངུལ་ཇི་དགོས་ཞིབ་འཇུག་གིས་

གཏན་འབེབས་ཐོན་སྐྱེད་འབབ་འོས་འཚམས་ཤིག་རྩིས་འཁུར་གནང་དགོས།

ཙ༽      མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ནས་སྤྱིར་མཉམ་འབྲེལ་གྱི་འགྲོ་ལུགས་དང༌།  ལྷག་

པར་ཁུངས་སོ་སོའི་མཉམ་འབྲེལ་གྱི་རྒྱུན་མཁོའི་སྒྲིག་གཞི་ཁག་ལ་ཐུགས་སྣང་མུ་མཐུད་གནང་དགོས་པ་དང་

དེའི་སླད་རྒྱུན་མཁོའི་སྒྲིག་གཞི་ཁག་བོད་བསྒྱུར་གནང་དགོས།

ཚ༽      ཚོགས་ཆུང་ཟུར་འཛུགས་ཀྱིས་མཉམ་འབྲེལ་གྱི་མ་ཤས་དངུལ་འབབ་ཆ་སྙོམས་ཐོག་སྤར་ཆ་ཇི་དགོས་གནང་                         རྒྱུ།

ཛ༽      མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ནས་མཉམ་འབྲེལ་མ་ལག་གི་ལོ་འཁོར་ལས་འཆར་དང༌།  ལས་གཞི་ལག་བསྟར་གྱི་འཆར་གཞི།  དེ་བཞིན་གཏོང་ཡོང་ཇི་བྱེད་ཞིབ་འཇུག་ངེས་འདྲོངས་ཀྱིས་ལོ་འཁོར་སྔོན་རྩིས་བཀའ་འཁྲོལ་གཏོང་དགོས་ཐོག་ཞིབ་ཚགས་གང་ཐུབ་གནང་རྒྱུ།

ཝ༽      མཉམ་འབྲེལ་འགན་ལྷན་ཚོགས་གཙོའམ།  མཉམ་དྲུང་གིས་འགན་འཛིན་ལྷན་ཚོགས་ཀྱི་བཀའ་འཁྲོལ་མེད་པར་ཉོ་ཚོང་དང་བུན་གཡར་སོགས་ཀྱི་ཐག་གཅོད་རང་འཚམས་ཀྱིས་མི་བྱེད་པ་གནང་དགོས།

ཞ༽      གཞིས་མི་ཚད་ལྡན་ཚོའི་ས་ཁྱོན་ཨེ་ཀར་ཇི་ཡོད་དང་འཚམས་པའི་སུན་ལུད་འབུ་དུག་སོགས་དགོས་ངེས་ལས་

ལྷག་པའི་ཅ་དངོས་ཉོ་སྒྲུབ་དང༌།  མཛོད་ཁང་དུ་ཉར་བ།  བོད་མི་ལས་གཞན་པའི་རིགས་ལ་ཚོང་འགྲེམས་

བུན་གཏོང་བྱེད་པ་སོགས་མེད་པ་གནང་དགོས།

ཟ༽       མཉམ་འབྲེལ་འགན་ལྷན་ཚོགས་གཙོ་དང༌།  མཉམ་དྲུང་གཞུང་ཞབས་ཡིན་རིགས་གནས་སྤོས་སོང་སྐབས་མཉམ་འབྲེལ་གྱི་རྩིས་གཙང་མ་བྱུང་བར་ཡོང་བསྡད་སོགས་ལྷག་ཚེ་རྩིས་གཙང་མ་བྱུང་བར་ས་གནས་ནས་ཐོན་བསྐྱོད་བྱ་རྒྱུའི་བཀའ་འཁྲོལ་མ་གནང་བར་གནས་ཚུལ་ཞིག་ཕྲ་ནང་སྲིད་ལ་སྙན་གསན་གནང་དགོས།

འ༽      མཉམ་འབྲེལ་འགའ་ཤས་ལ་དང་ཐོག་ས་ཆ་ཁྱོན་ཆེའི་བདག་ཐོབ་ཡོད་ནའང་རིམ་པས་བེད་སྤྱོད་སྣ་ཚོགས་ཀྱིས་

ཇེ་ཉུང་དུ་འགྲོ་བ་བྱུང་འདུག་གཤིས།  སླད་ཕྱིན་མཉམ་འབྲེལ་སོ་སོར་ས་ཆ་ཇི་ཡོད་ཆུད་ཟོས་སུ་མ་སོང་བར་མཉམ་འབྲེལ་རང་གི་བདེ་སྤྱོད་ཆེད་བདག་ནར་གནང་གལ།

ཡ༽      སྔོན་ཡོད་གྱོང་གུན་བསང་རྗེས་ལོ་རེའི་གཙང་ཁེ་གང་ཡོད་ཀྱི་བརྒྱ་ཆ་བདུན་ཅུ་ལས་མ་ཉུང་བ་བཅའ་ཁྲིམས་

དགོངས་དོན་བཞིན་མ་ཤས་བདག་པོ་རྣམས་ལ་ཕན་ཐོག་ཡོད་པ་བཟོས་ཏེ་ལོ་རང་འགག་ནང་བེད་སྤྱོད་ཟིན་པ་                                    གནང་དགོས།

གོང་གསལ་དོན་གནས་རྣམས་མཉམ་འབྲེལ་མང་ཆེ་བས་ཕྱག་ལེན་བསྟར་མུས་ཡིན་ཤག་ཀྱང༌།  མཉམ་འབྲེལ་ཁ་ཤས་ནང་ཕྱག་བསྟར་ཇི་བཞིན་མ་བྱུང་བའང་འདུག་སྟབས་སྐུལ་འདེབས་འབུལ་བ་ལགས་ན་དགོངས་ཟབ་ཏུ་མངའ་བ་ཞུ།  བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཕྱི་ལོ་ ༢༠༠༣ ཟླ་ ༦ ཚེས་ ༣༠ ལ། །།