མཎྜལ་བཤད་པ།

༄༅།། ནམཏྲིམཱུལམ྄དེཝབྷ྄ཡཾ། འཆི་བའི་དངོས་ཀུན་རྣམ་པར་འཇོམས་པ་འོད་དཔག་མེད་མགོན་བདེ་ལྡན་ཞིང་ན་ཆོས་ཀྱི་སྐུ།། འགྲོ་ལ་རྗེས་ཆགས་སྙིང་རྗེའི་རང་གཟུགས་པད་དཀར་འཆང་བ་གྲུ་འཛིན་ཞིང་ན་ལོངས་སྤྱོད་རྫོགས།། སྲིད་གསུམ་ཟིལ་གནོན་མཚན་དཔེ་སྣང་བརྙན་པདྨ་འབྱུང་གནས་སིནྡུའི་རྒྱ་མཚོར་སྤྲུལ་པའི་གར།། སྐུ་གསུམ་དབྱེར་མེད་སྙིང་གི་ཟེའུ་འབྲུར་བྱང་ཆུབ་བར་དུ་བཞུགས་ལ་མཆོག་ཐུན་དངོས་གྲུབ་སྩོལ།། ཅེས་སྲིད་ཞིའི་ལེགས་ཚོགས་མཐའ་དག་མགྲོན་དུ་འགུགས་པའི་ལེགས་བརྗོད་ཚངས་པའི་དབྱངས་དང་འགྲོགས་པའི་ཤིས་པའི་བདེན་ཚིག་མན་ད་ར་བའི་ཕྲེང་བ་མཁས་ཀུན་མགྲིན་པ་དོག་པོར་བྱེད་པས་སྔུན་བསུས་ཏེ། སྐབས་དོན་གསོལ་བར་བྱ་བ་ནི། དེ་ཡང་ཇི་སྐད་དུ། ཤེས་བྱའི་དཀྱིལ་འཁོར་རབ་ཡངས་ཡངས་པའི་ཐུགས་ཀྱི་མེ་ལོང་ངོས་སུ་མ་འདྲེས་ལྷང་ངེར་རྣམ་པར་བཀྲ།། ཉོན་ཤེས་སྒྲིབ་པའི་དྲི་མ་མ་ལུས་དབྱིངས་སུ་དག་པའི་ཆོས་ཀྱི་སྐུ་ལས་ནམ་ཡང་གཡོ་བ་མེད།། རྣམ་པར་དཀར་བའི་འཕྲིན་ལས་ལས་ཀྱི་འཁོར་ལོས་མཐོང་ཐོས་དྲན་རེག་སྨིན་ཅིང་གྲོལ་མཛད་ཕན་བདེའི་གཏེར།། ཡབ་གཅིག་ས་ཡི་དཀྱིལ་འཁོར་འཁོར་ལོས་སྒྱུར་དེའི་ཞབས་སེན་དམར་འོད་དུས་ཀུན་སྙིང་གི་དོ་རར་རྩེན།། ཞེས་གསུངས་པ་ལྟར། ཟབ་པ་དང་རྒྱ་ཆེ་བའི་ཤེས་བྱའི་དངོས་པོ་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཀྱི་རྣམ་གྲངས་མུ་མཐའ་ཡས་པའི་དཀྱིལ་འཁོར་རབ་ཏུ་ཡངས་པ། ཐུགས་སྒྲིབ་བྲལ་ཡེ་ཤེས་ཆོས་སྐུའི་མེ་ལོང་དྲི་མ་མེད་པའི་ངོས་སུ་མ་ནོར་ཞིང་མ་འདྲེས་པར་ལྷམ་མེ་ལྷང་ངེར་རྣམ་པར་བཀྲ་ཞིང༌། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་དབྱིངས་སུ་དག་པའི་དག་པ་གཉིས་ལྡན་གྱི་ཆོས་སྐུའི་དབྱིངས་ལས་ནམ་ཡང་གཡོ་བ་མེད་བཞིན་དུ། འགྲོ་བ་ཀུན་ལ་བུ་གཅིག་པའི་མ་ལྟར་དགོངས་པའི་བརྩེ་བ་ཐུགས་རྗེ་ཆེན་པོས་ཉེ་བར་དྲངས་པའི་རྣམ་པར་དཀར་བའི་འཕྲིན་ལས་ལས་ཀྱི་འཁོར་ལོ་ཆུ་ལས་ཆུ་རླབས་དང༌། མཁའ་ལས་སྤྲིན་ཕུང་རྡོལ་བ་བཞིན་དུ་རྩོལ་བ་དང་རྣམ་རྟོག་མེད་པར་གང་འཚམས་གདུལ་བྱའི་སྣང་ངོར་དུས་ལས་མི་ཡོལ་བར་ལྷུན་གྲུབ་རྒྱུན་མི་ཆད་པའི་ཚུལ་དུ་བྱུང་བས་མཐོང་ཐོས་དྲན་རེག་གི་སྐལ་བཟང་ཐོབ་པའི་འགྲོ་བ་མཐའ་དག་སྨིན་གྲོལ་གྱི་ལམ་བཟང་པོ་ལ་འགོད་པར་མཛད་པའི་ཕན་བདེའི་འབྱུང་གནས། ས་གསུམ་གྱི་དཀྱིལ་འཁོར་མཐའ་དག་ཆོས་ཀྱི་འཁོར་ལོས་མངའ་དབང་འདོད་རྒུར་སྒྱུར་བའི་ཁྱབ་བདག་འཁོར་ལོའི་མགོན་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ། བདག་གི་བཀྲིན་གསུམ་ལྡན་གྱི་མཁན་རིན་པོ་ཆེའི་ཞལ་སྔ་ནས། དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་ནས་སྨོས་ན་མང་ཐོས་འདུལ་བ་འཛིན་པ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ྋཞབས་སེན་ས་གསུམ་སྐྱེ་རྒུའི་གཙུག་ནོར་བརྩེགས་པའི་རྡོ་རྗེའི་ཁྲི་འཕང་མཐོན་པོར་ངལ་གསོ་བ། སྲིད་ཞིའི་དགེ་ལེགས་འདོད་རྒུ་མངོན་པར་འཇོ་བའི་དྲུང་དུ།

ཞོ་ཤ་ཉག་གཅིག་གིས་འཚོ་བའི་གུས་འབངས་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བར་གཏོགས་པའི་སྣེ་མོ་བ་རྣམས་དང་ལས་བྱེད་སེར་སྐྱ་རྒན་གཞོན་སྤྱི་མགྲིན་ནས་རྗེས་བརྩེ་ཟླ་གཞོན་འོད་ཀྱིས་རེག་པས་ལག་སོར་ཆུ་སྐྱེས་འདབ་མ་སྤྱི་བོར་ཟུམ་ཞིང༌། དད་གདུང་བསེར་བུས་བསྐྱོད་པས་ལུས་ཀྱི་འཁྲི་ཤིང་ས་ལ་ཕབ་སྟེ། དགའ་དད་གུས་པའི་རླབས་ཀྱི་ཟིལ་ཐིགས་འདྲེན་བྱེད་ཀྱི་ལམ་ནས་བབས་པ་དང་ཆབས་ཅིག་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་སྙིང་པོར། དེ་ཡང་ཇི་སྐད་དུ། བསྐལ་མང་ལེགས་བྱས་ཚོགས་གཉིས་སྣང་བའི་མཐུས།། སྒྲིབ་གཉིས་བག་ཆགས་མུན་པའི་གོ་སྐབས་བཅོམ།། དོན་གཉིས་འཕྲིན་ལས་འཇིག་རྟེན་གསལ་མཛད་པའི། བདེ་གཤེགས་ཀུན་འཕགས་ངོ་བོར་བྱང་ཆུབ་ཀྱང༌།། ཞེས་ཇི་སྐད་གསུངས་པ་ལྟར། ྋསྐྱབས་མགོན་རྒྱལ་བའི་དབང་པོ་གང་ཉིད་ནི། གྲངས་མེད་པའི་བསྐལ་པ་མང་པོར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་སྨིན་སྦྱངས་གསུམ་མཛད་དེ། ཉོན་ཤེས་སྒྲིབ་པ་བག་ཆགས་དང་བཅས་པ་བརྩད་ནས་ཕྱུང་སྟེ། རྒྱ་ཆེ་རྒྱུན་མི་ཆད་པའི་འཕྲིན་ལས་འཇིག་རྟེན་ཡོངས་ལ་ཁྱབ་པར་མཛད་པའི་དེ་བཞིན་གཤེགས་པ་འོད་ཟེར་ཀུན་འཕགས་དཔལ་བརྩེགས་ཀྱི་རྒྱལ་པོའི་ངོ་བོར་མངོན་པར་རྫོགས་པ་སངས་རྒྱས་ཟིན་ནའང༌། གདུལ་བྱའི་ཁམས་མོས་བསམ་པ་དང་འཚམས་པར་གང་ལ་གང་འདུལ་གྱི་སྤྲུལ་པའི་རོལ་པ་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པའི་ངང་ཚུལ་ནི། ཇི་སྐད་དུ། ནམ་མཁའི་ལམ་གྱི་རྗེས་སུ་སོང་བའི་འཇིག་རྟེན་རྒྱ་ཆེན་མཐའ་མ་མཆིས།། དེ་ལྟ་མོད་ཀྱི་སེམས་ཅན་གྲངས་མཚུངས་ཁྱེད་ཀྱི་སྤྲུལ་པ་དེ་སྙེད་ཅིག། རབ་ཏུ་སྤྲོ་ཡང་བ་སྤུའི་རྩེ་ཙམ་གཡོ་སྙམ་བགྱིད་པ་མ་ཡིན་ཏེ།། ཆར་སྤྲིན་ལས་ནི་ཆུ་ཆར་ཇི་བཞིན་འབད་པའི་རྟོག་པ་མངའ་མ་ལགས།། ཞེས་གསུངས་པ་ལྟར་ལགས་ན། ཚུར་མཐོང་གི་སྐྱེ་བོ་བདག་ལྟ་བུས་བརྗོད་པར་ག་ལ་ནུས། ལྷག་པར་རྒྱལ་དང་རྒྱལ་སྲས་གཞན་གྱི་གདུལ་ཞིང་དུ་མ་གྱུར་པའི་གདུལ་དཀའ་གངས་རིའི་ལྫོངས་ཀྱི་གདུལ་བྱ་རྣམས་ཕྱག་མཚན་དུ་བཞེས་ཏེ་ཐོག་མར་མིའི་འགྲོ་བ་སྤེལ་བ་ནས་བཟུང་རིམ་གྱིས་དམ་པའི་ཆོས་ཀྱི་སྣོད་རུང་དུ་མཛད་དེ། ཆོས་རྒྱལ་ལོ་པཎ་དུ་མའི་སྐུའི་རྣམ་པར་རོལ་ནས་དམ་པའི་ཆོས་ཀྱི་དབུ་བརྙེས། སྲོལ་གཏོད། དར་ཞིང་རྒྱས་པར་མཛད་པའི་སྒོ་ནས་བོད་ཡུལ་མུན་པའི་གླིང་དུ་རྒྱལ་བསྟན་ཉིན་མོའི་སྣང་བས་ཁྱབ་པར་མཛད་ཅིང༌། ནང་པའི་རྒྱལ་ཁམས་གཞན་ལས་ཁྱད་དུ་ཐོན་པར་ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་རྒྱལ་བའི་ཆོས་ཚུལ་མཐའ་དག་ཚང་ལ་མ་ནོར་བ་དསྤྱལ་ན་ལེནདྲའི་གཙུག་ལག་ཁང་ཆེན་པོའི་བཞེད་སྲོལ་དྲི་མ་མེད་པ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་དར་ཞིང་རྒྱས་པར་མཛད། ཁྱད་པར་བཀའ་གདམས་གླེགས་བམ་ལས། སྤྱན་རས་གཟིགས་དབང་བཟང་པོར་སྤྲུལ།། ཞེས་ཇི་ལྟར་ལུང་གིས་བསྟན་པ་ལྟར་འཇམ་མགོན་རྒྱལ་བ་གཉིས་པའི་ཐུགས་སྲས་གསེར་རི་ལྟ་བུ་བདུན་གྱི་ནང་ཚན་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོ་ནས་བཟུང་སྡོམ་བརྩོན་ངུར་སྨྲིག་འཛིན་པའི་སྐུའི་ཕྲེང་བ་བར་མ་ཆད་པ་ཉི་ཟླའི་འགྲོ་འོང་ལྟ་བུས་བོད་ལྗོངས་སྐྱེ་རྒུའི་སྡུག་བསྔལ་གྱི་མུན་པ་ཡོངས་སུ་བསལ་བར་མཛད།

ཁྱད་པར་སྐུའི་ཕྲེང་བ་ལྔ་པ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གིས་བོད་ཁྲི་སྐོར་བཅུ་གསུམ་ཡོངས་རྫོགས་ཆོས་སྲིད་གཉིས་ལྡན་དགའ་ལྡན་ཕོ་བྲང་གཞུང་གི་ཆབ་སྲིད་གདུགས་དཀར་གཅིག་གི་གྲིབ་འོག་ཏུ་བཙུད་དེ་ཆབ་འབངས་མཐའ་དག་བདེ་སྐྱིད་རྫོགས་ལྡན་གསར་པའི་དཔལ་ལ་སྦྱོར་བར་མཛད་ཅིང༌། བོད་འབངས་ཀྱི་བདེ་སྐྱིད་དང༌། རིས་མེད་རྒྱལ་བསྟན་མི་ཉམས་རྒྱུན་གནས་ཡོང་བ་བོད་ཀྱི་ཆབ་སྲིད་ཀྱི་མངའ་དབང་སྲ་བརྟན་ལྷིང་འཇགས་ལ་རག་ལུས་པར་གཟིགས་ཏེ། དགའ་ལྡན་ཕོ་བྲང་གཞུང་གི་ཆབ་སྲིད་ཀྱི་སྒྲིག་འཛུགས་དུས་སྐབས་དེའི་རྒྱལ་ཁབ་གཞན་ལས་ཁྱད་ཞུགས་པར་བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་སོགས་མང་གཙོའི་རྣམ་པ་ཐོན་པའི་སྒྲིག་འཛུགས་དང༌། ཆབ་སྲིད་ཀྱི་བྱ་བ་མཐའ་དག་སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་དང་མཐུན་པར་ཆོས་ཀྱིས་རྒྱལ་སྲིད་སྐྱོངས་ཤིག་ཅེས་བཀའ་བསྩལ་བ་དང་རྗེས་སུ་མཐུན་པར་ཆོས་མཐུན་དྲང་བདེན་ཡོང་ཐབས་སུ་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་སྐྱ་སེར་ཟུང་འབྲེལ་གྱི་སྒོ་ནས་མཉམ་འདུས་ཀྱི་འགན་ཁུར་ཞུ་བ་ལས་གང་ཟག་རེ་རེས་ཐག་གཅོད་བྱ་ལམ་མེད་པ་དང༌། གཞུང་གི་འཛིན་སྐྱོང་ཚགས་ཚུད་ཡོང་སླད་ལས་ཚན་ཆ་བགོས་ཀྱིས་ཁྲིམས་ལུགས་དབང་འཛིན་གྱི་བྱ་གཞག་ཆེད་ཞལ་ཆེ་གཅོད་པའམ། ཞུ་ལེན་པ་ཟུར་དུ་དབྱེ་བ་སོགས་དེང་རབས་མང་གཙོའི་ལམ་སྲོལ་དང་ཆ་མཐུན་མང་བ་དང༌། གཞུང་གི་ལས་དོན་མཐའ་དག་བསྟན་པ་རྒྱས་པ་དང་ཆབ་འབངས་བདེ་བའི་ཆེད་ཁོ་ནར་དམིགས་ཏེ་མང་ཚོགས་ལ་ཁྲལ་དང་འུ་ལག་སོགས་ཚད་ལས་མི་བརྒལ་ཞིང༌། འདྲ་མཉམ་དྲང་བདེན་ཡོང་ཐབས་སུ་ྋགོང་ས་ལྔ་པ་ཆེན་པོའི་བཀས་བཀོད་སྒྲིག་བཅད་རྣམས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བླང་དོར་གསལ་བར་སྟོན་པའི་དྲང་ཐིག་དྭང་ཤེལ་གྱི་མེ་ལོང་ཉེར་གཅིག་པ་གཞི་རྩའི་ཁྲིམས་ཡིག་གི་ཚུལ་དུ་གཏན་ལ་ཕབ་པ་སོགས་དུས་རབས་དེའི་གནས་བབ་ལ་གཞིགས་པའི་ཡར་ཐོན་གྱི་ལམ་སྟོན་རྣམ་མང་མཛད་པ་ལ་བརྟེན། དགའ་ལྡན་ཕོ་བྲང་གི་ཆབ་སྲིད་བོད་ལྗོངས་ཆོས་ཀྱི་ཞིང་སར་རྒྱ་དམར་ཀླ་ཀློའི་དཔུང་གིས་འབུ་ཆེས་ཆུང་ཟོས་ཀྱི་དྲག་གནོན་མ་བྱུང་བར་ལོ་གྲངས་༣༥༠ སྐོར་བརྟན་གནས་ཐུབ་པ་དང༌། དེའི་རིང་ཕྱི་ནས་བཙན་འཛུལ་རེ་ཟུང་ལས་ནང་ཁུལ་གྱི་བདེ་གཟར་ཆེན་པོ་མ་བྱུང་བ་ནི་ཀུན་སྙོམས་ཉི་མ་ལྟ་བུའི་སྲིད་ལུགས་དང༌། རིས་མེད་ཆོལ་ཁ་ཆོས་ལུགས་ཆོས་བརྒྱུད་ཡོངས་ལ་ཞབས་འདེགས་གཅིག་གྱུར་མཛད་པ་ལས་བྱུང་ཞིང༌། དེའི་དབང་གིས་བོད་མིའི་ཆིག་བསྒྲིལ་གྱི་ནུས་པ་ཉམས་མེད་དུ་གནས་ཐུབ་པ་བཅས་ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་རྗེས་བོད་ཁམས་སྤྱི་ལ་དབང་བའི་སྲིད་སྐྱོང་རིམ་པའི་ནང་ཆབ་སྲིད་བརྟན་ཤོས་དང་དབུ་རྨོག་བཙན་ཤོས་བྱུང་བ་ནི་ྋགོང་ས་ལྔ་པ་ཆེན་པོའི་ཐུགས་བསྐྱེད་སྨོན་ལམ་དང་དྲང་བདེན་གྱི་སྲིད་བྱུས་ལས་བྱུང་བ་དངོས་གསལ་ལགས་ཤིང༌། ཁྱིམ་མཚེས་སྟོབས་ཆེན་རྒྱལ་ཁབ་ལའང་མཐུན་ལམ་མཉམ་གནས་ཡོང་ཐབས་སུ་སྐུའི་ངལ་བ་ཁྱད་དུ་བསད་དེ་པེ་ཅིང་དུ་ཞབས་ཀྱིས་བཅགས་ནས་འཇམ་དབྱངས་གོང་མ་ཆེན་པོ་དང་ཞལ་འཛོམས་གནང་ཞིང༌། སྐབས་དེར་རྒྱ་ནག་གི་གྲིབ་འོག་ཏུ་ཡོད་པའི་རྒྱལ་ཁབ་གཞན་དང་མི་འདྲ་བའི་བཀུར་བཟོས་ཚད་མེད་ཞུས་ཏེ་མཆོད་ཡོན་གྱི་འབྲེལ་བ་མིང་དོན་མཚུངས་པར་མཛད་པ་དེས་བོད་འབངས་སྤྱི་དང༌། ལྷག་པར་རྒྱ་ནག་དང་ས་ཁད་ཉེ་བའི་བོད་ཤར་ཕྱོགས་ཀྱི་ལྷ་སྡེ་མི་སྡེ་ཡོངས་ལ་ཕན་རླབས་ཚད་མེད་བྱུང༌། དེ་ནས་རྒྱལ་དབང་སྐུ་ཕྲེང་བདུན་པ་དང་བརྒྱད་པའི་སྐབས་སུའང་ཆབ་སྲིད་ཀྱི་སྐུ་དབང་བཞེས་ཏེ་བོད་ཀྱི་བསྟན་སྲིད་ལ་ཕན་གྲོགས་རླབས་ཆེན་མཛད་པ་མ་ཟད། ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་པ་དང་ཉེ་བ་ན་འཇིག་རྟེན་སྤྱི་དང༌། ཁྱད་པར་ཁྱིམ་མཚེས་རྒྱ་དཀར་ནག་དང༌། སོག་པོ། ཨུ་རུ་སུ་སོགས་སུ་ཆབ་སྲིད་དང་སྤྱི་ཚོགས་ཀྱི་འགྱུར་འགྲོས་ཤུགས་ཆེ་བྱུང་བའི་སྐབས་བོད་ཀྱི་བསྟན་སྲིད་ལའང་བདེ་གཟར་གྱི་ཉེན་ཚབས་ཇེ་ཆེར་སོང་བ་ན། ལྷ་མིའི་རྣམ་འདྲེན་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཆབ་སྲིད་ཀྱི་མངའ་དབང་བཞེས་ཏེ་དབྱིན་གཞུང་དང་རྒྱ་ནག་གི་བཙན་འཛུལ་སྐབས་སོག་ཡུལ་དང༌། རྒྱ་ནག རྒྱ་གར་བཅས་སུ་ྋཞབས་སོར་རིམ་འཁོད་ཀྱིས་རྒྱལ་སྤྱིའི་གནས་བབ་ལ་གཟིགས་ཞིབ་དང་འབྲེལ། སླར་ཕྱི་ལོ་༡༩༡༣ ལོར་བོད་ལྗོངས་སུ་ྋཞབས་སོར་འཁོད་བསྟུན་བོད་ཀྱི་མངའ་དབང་སྐོར་བསྐྱར་ནན་གསལ་བསྒྲགས་ཐོག སྤྱི་ཚོགས་དང་ཆབ་སྲིད་དེང་རབས་ཅན་དུ་བསྒྱུར་རྒྱུའི་སླད་ན་གཞོན་འགའ་ཤས་ལ་དེང་རབས་ཀྱི་སློབ་སྦྱོང་དང༌། ཁྱིམ་མཚེས་ཁག་དང་ཚོང་འབྲེལ། གཞུང་ལམ་རྒྱ་བསྐྱེད་དང་གློག་ཁང་གསར་འཛུགས། དངུལ་ལོར་པར་སྐྲུན་སོགས་ལས་དོན་མང་པོ་གསར་གཏོད་དང་ལེགས་བཅོས་རྒྱ་ཆེ་བསྐྱངས་ཀྱང༌། ཕྱི་ནང་འགལ་རྐྱེན་དུ་མས་ཐུགས་དགོངས་མཐའ་དག་ཇི་བཞིན་མ་འགྲུབ་རུང༌། ཕན་རླབས་རྒྱ་ཆེ་བྱུང་བ་བཅས་ཀྱི་བཀྲིན་བརྗོད་ལས་འདས་ཤིང༌། ལྷག་པར་བོད་འབངས་སྐྱེ་རྒུའི་བསོད་ནམས་མ་ཡིན་པའི་འབྲས་བུ་དུས་སུ་བདོ་བས་སྙིགས་མའི་རང་མདངས་སྒོ་ཀུན་ནས་དར་བའི་སྐབས་འདིར་སླར་ཡང་ཞུམ་པ་མེད་པའི་ཐུགས་བསྐྱེད་ཀྱིས་བདག་ཅག་མགོན་མེད་པ་རྣམས་ཀྱི་མགོན་དང༌། སྐྱབས་མེད་པ་རྣམས་ཀྱི་སྐྱབས་སུ་གཟིགས་པ་རྣམ་པ་ལྔ་ལ་གཟིགས་ཏེ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་སྐུའི་ལྟེ་ཁྲག་འཕོ་བའི་གནས་ཆེན་སྐུ་འབུམ་བྱམས་པ་གླིང་དང་འདབས་ཆགས་པར་ཡུལ་དུས་ཡབ་ཡུམ་རིགས་རུས་ཕུན་སུམ་ཚོགས་པའི་རྒྱུད་དུ་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་མཐོང་གྲོལ་མཚན་དཔེའི་ལང་ཚོ་གསར་དུ་བཞད། འཕགས་མཆོག་ལོཀེཤྭརས་མུ་ལི་དིང་གི་བླ་མཚོར་བརྟག་དཔྱད་དགོས་པའི་ལུང་བསྟན་གསལ་ཕེབས་བཞིན། སྐུ་ཕྲེང་དུ་མར་གྲིབ་བཞིན་འགྲོགས་པའི་བཀའ་སྲུང་ཆེན་མོ་མ་གཅིག་འདོད་ཁམས་བདག་མོས་འཁྲུངས་ཡུལ་གྱི་བཀོད་པ་དང༌། ཡིག་འབྲུ། འཁྲུངས་ཁང་གི་དབྱིབས། ཡབ་ཡུམ་གྱི་མཚན་སྒྲ་བཅས་གསལ་བར་བསྟན་པ་སོགས་ལྷ་བླའི་ལུང་བསྟན་མཐའ་དག་རྩེ་མཐུན་ཁར། ཆུང་སྲིད་རིན་པོ་ཆེ་ཉིད་ནས་ཀྱང་ཡང་སྤྲུལ་བརྩད་གཅོད་ཞུ་མཁན་རྣམས་དང༌། སྐུ་གོང་མའི་སྐུ་ཡི་ཉེར་སྤྱད་སོགས་ངོས་འཛིན་འཕྱུག་མེད་དུ་མཛད་པ་བཅས་ལ་བརྟེན་གང་ཉིད་འཁྲུལ་བྲལ་རྒྱལ་བའི་ཡང་སྤྲུལ་དུ་ངེས་པ་རྙེད་ནས། དབུས་འགྱུར་ཆོས་ཀྱི་ཞིང་སར་གདན་དྲངས་པ་ལ་བར་དུ་གཅོད་པའི་རིགས་ཐབས་མཁས་ཀྱི་བྱུས་དང༌། དངོས་པོའི་འགྲོ་གྲོན་སོགས་ཀྱིས་བསལ་ཏེ་ྋཞབས་སོར་བཀྲིས་ཀྱི་རེ་ཁ་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་གི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་འཇིག་རྟེན་སྐྱེ་རྒུ་ཡོངས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དམ་པར་ཉེ་བར་བཀོད། གཞོན་ནུ་ཉིད་ནས་ཕལ་པའི་སྤྱོད་པ་ལས་རིང་དུ་འདས་པའི་དམ་པའི་རང་རྟགས་མངོན་པར་གསལ་ཞིང༌། མཁས་ཤིང་གྲུབ་པའི་ཡོངས་འཛིན་དུ་མ་རིགས་ཀྱི་ཅོད་པཎ་དུ་བཞེས་ཏེ་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་སོ་སོར་ཐར་པའི་ཚིགས་སྔ་ཕྱིའི་སྡོམ་པ་རིམ་གྱིས་བཞེས་ཏེ་བཅས་མཚམས་ཕྲ་མོ་ལས་ཀྱང་མི་འདའ་བར་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་ཤིང༌། བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་འདུལ་བ་འཛིན་པ་ཆེན་པོར་གྱུར། དེ་བཞིན་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་གོམས་པ་མི་ལྷོད་པའི་ངང་བྱང་ཆུབ་སེམས་དཔའི་བསླབ་སྡོམ་བཞེས་ཏེ་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་འགྲུས་པར་མཛད་ཅིང༌། དགེ་བའི་བཤེས་གཉེན་གྱི་ཡོན་ཏན་བཅུ་དང་ལྡན་པའི་སྟོན་པ་ཆེན་པོར་གྱུར། རྣམ་འདྲེན་བཞི་པའི་བསྟན་པའི་ཡང་སྙིང་ཟབ་གསང་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་གསང་བ་སྔགས་ཀྱི་སྡོམ་པ་བཞེས་ཏེ་དེ་ཉིད་བཅུ་ཟུང་གི་དཔལ་གྱིས་ཕྱུག་པའི་རྡོ་རྗེ་སློབ་དཔོན་ཆེན་པོར་བཞེངས་པ་དང་ཆབས་ཅིག གཞུང་ཆེན་བཀའ་པོད་ལྔ་སོགས་ནང་དོན་དང༌། གཏན་ཚིགས་རིག་པ་གཙོ་བོར་གྱུར་པའི་བཅུ་ཕྲག་རིག་པའི་གནས་མཐའ་དག་ལ་ཕྱོགས་རེ་བ་དང༌། རགས་པ་རེ་ཙམ་གྱིས་ཚིམས་པར་མ་མཛད་པར་དཔྱད་གསུམ་རྣམ་པར་དག་པའི་རིགས་ལམ་ནས་དྲངས་པའི་གསན་བསམ་གྱི་ཕུ་ཐག་ཡོངས་སུ་གཅོད་པར་མཛད། དེ་བཞིན་སྨིན་བྱེད་ཀྱི་དབང་དང༌། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་ལ་སོགས་པ་ཟབ་རྒྱས་ཆོས་རྒྱུན་ཇི་སྙེད་ཅིག་བཞུགས་པ་རྣམས་རིམ་གྱིས་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་མཛད་བཞིན་པའི་མུར། སྤྱི་མཐུན་དཀར་མིན་ལས་ཀྱི་འབྲས་བུས་བོད་ཤར་ཕྱོགས་ནས་རྒྱ་དམར་ཀླ་ཀློའི་དཔུང་གིས་བཙན་འཛུལ་གྱིས་གནས་ཚུལ་ཛ་དྲག་ཏུ་གྱུར་པ་ན་གངས་ལྗོངས་ཆོས་སྲིད་འཕྲིན་ལས་ཀྱི་ཁ་ལོ་སྒྱུར་བའི་ནུས་པ་མགོན་པོ་གང་ཉིད་ལས་གཞན་སུ་ལའང་མ་དམིགས་པ་མངོན་སུམ་དུ་གྱུར་སྟབས། གངས་ལྗོངས་ལྷ་མི་ཡོངས་ཀྱིས་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན་སྐུ་ཡི་ན་ཚོད་དགུང་གྲངས་བཅུ་དྲུག་ལས་མ་སོན་ཡང་དུས་འགྱུར་སྲིན་མོའི་ཟློས་གར་ཡ་ང་བའི་ངང་ཚུལ་ལའང་ཇི་མི་དགོངས་པར་ཐུགས་རྗེ་དང་སྙིང་སྟོབས་ཀྱི་ཡ་ལད་བཙན་པོ་བཞེས་ཏེ་གངས་ལྗོངས་ཆབ་སྲིད་གསེར་གྱི་འཁོར་ལོ་ཕྱག་མཚན་དུ་བདག་གིར་མཛད་དེ། ཉེས་ཅན་བརྒྱ་ཕྲག་མང་པོ་བཙོན་བཀྲོལ་དང༌། ཆབ་འབངས་ཡོངས་ལའང་ཁྲལ་དང་ཁྲིམས་ཀྱི་གུ་ཡངས་རླབས་ཆེན་ཐོབ། མགོན་པོ་གང་ཉིད་འཕགས་པའི་ལྗོངས་ཀྱི་ས་མཚམས་དང་ཐག་ཉེར་ཆིབས་ཀྱི་ཁ་ལོ་བསྒྱུར་ཅིང༌། ཐབས་མཁས་འཕྲུལ་མཛངས་ཀྱི་མཛད་བྱུས་རླབས་པོ་ཆེས་དམག་འཁྲུག་ཁྲག་སྦྱོར་གྱི་འཇིགས་པ་ལས་རེ་ཞིག་བསྒྲལ་ཏེ། བདུན་ལྷག་བཅུ་ཕྲག་གཅིག་གི་ཆིངས་དོན་དུ་གྲགས་པའི་ལམ་ནས་གནས་སྐབས་མི་འཇིགས་པའི་སྦྱིན་པས་བོད་འབངས་རྣམས་དབུགས་དབྱུང༌། བསྒྱུར་བཅོས་ཚོགས་པ་གསར་འཛུགས་ཀྱིས་ཆབ་སྲིད་དང་འཛིན་སྐྱོང་ལ་དུས་བསྟུན་གྱི་ལེགས་བཅོས་གནང་ཐབས་དང༌། བཀའ་ཁྲིམས་ཞལ་ལྕེ་དྲང་བདེན་ཡོང་སླད་གྱོད་ཞིབ་ཁང་ཟུར་འཛུགས་བསྐྱངས་ཏེ་སྲོལ་རྙིང་རུལ་སུངས་དག་ལ་ལེགས་བཅོས་མཛད།

དེ་ནས་བགྲོད་དཀའ་ཤུལ་རིང་གི་ལམ་དུ་སྐུ་ངལ་ཁྱད་བསད་ཀྱིས་མ་ཧཱ་ཅི་ནའི་ཡུལ་དང་འཕགས་ཡུལ་ཆོས་ཀྱི་ཞིང་ས་བཅས་སུ་རིམ་བཞིན་ྋཞབས་ཟུང་མངོན་པར་བཀོད་དེ་སྐུའི་ན་ཚོད་ཀྱི་བགྲང་བྱ་མཆོག་ཏུ་ཕྲ་ཡང་རྣམ་དཔྱོད་ཚངས་པ་རྒན་པོ་སྟོང་གིས་ཀྱང་འགྲན་པར་མི་བཟོད་པའི་གཟི་བྱིན་ལྷག་པར་ངོམས་པས་ཕྱི་ལོ་བརྒྱ་ཕྲག་ཉི་ཤུ་པའི་དུས་རབས་སུ་ཆེས་ཆེ་བཙན་དུ་གྲགས་པའི་སྐྱེས་བུ་མིའི་ཁྱུ་མཆོག་ཏུ་རློམ་པ་དུ་མ་ཉི་མས་མེ་ཁྱེར་བཞིན་མོག་པོར་མཛད་དེ་ངོ་མཚར་དང་དད་པའི་གནས་ལ་བཀོད་ཅིང༌། སྐལ་བཟང་དད་ལྡན་གྱི་སྐྱེ་བོ་འབུམ་ཕྲག་མང་པོར་ཞལ་མཇལ་གསུང་ཐོས་ཙམ་གྱིས་མངོན་མཐོ་དང་ངེས་ལེགས་ཀྱི་ས་བོན་གྲུང་པོ་བསྐྲུན་ཏེ་སྐྱེ་བ་དོན་ལྡན་དུ་མཛད། དེ་ལྟར་ཐག་རིང་ཡུལ་གྲུ་ཁག་ཏུ་ཆིབས་སྒྱུར་གྱི་ཕེབས་བཞུད་དང༌། རྒྱུན་ལྡན་རྒྱལ་ཐབས་འཕྲིན་ལས་ཀྱི་མཛད་སྒོ་རྒྱ་ཆེ་རྒྱུན་མི་ཆད་པས་ཐུགས་ཤིན་ཏུ་བྲེལ་ནའང་གཞུང་ཆེན་ཐུགས་གཉེར་གྱི་རིམ་པ་བར་མ་ཆད་པར་རྒྱུན་ཆགས་སུ་མཛད་དེ་གསན་བསམ་རྒྱ་མཚོའི་ཕ་རོལ་ཏུ་གཤེགས་པའི་འབྲས་རྟགས་སུ་གདན་ས་ཆེན་པོ་གསུམ་དང་ཆོ་འཕྲུལ་སྨོན་ལམ་བཅས་སུ་གྲྭ་སྐོར་དམ་བཞེས་མཛད་དེ་མཁས་ཀུན་མགུ་བ་སྐྱེད་པའི་ལེགས་བཤད་ཀྱི་སྐྱེས་བཟང་བློ་གསལ་རྣ་བའི་དཔྱིད་དུ་སྤྲོ་ཞིང༌། ཕས་ཀྱི་རྒོལ་བ་མཐའ་དག་དྲི་མ་མེད་པའི་ལུང་རིགས་ཀྱིས་དཔའ་བསྐོངས་ཏེ་མི་སྨྲ་བའི་གནས་ལ་བཀོད་པར་མཛད་པས་མི་ཚེ་རྩོད་གྲྭར་ཁྱོལ་བའི་རྟོག་གེ་བ་རྒན་པོ་རྣམས་ཀྱང་ངོ་མཚར་དང་ཡ་མཚན་གྱིས་མྱོས་པར་གྱུར།

གཞན་ཡང་ལོ་དུས་དེ་དག་གི་རིང་སྐལ་ལྡན་གྱི་གདུལ་བྱ་མང་པོར་ཟབ་རྒྱས་དམ་ཆོས་སྤྱི་དང༌། ཁྱད་པར་གསང་བདེ་འཇིགས་གསུམ་དང༌། རྒྱུད་སྡེ་གཞན་དང་བཤད་ཚུལ་མི་མཐུན་པའི་དཔལ་དུས་ཀྱི་འཁོར་ལོ་བཅས་ཀྱི་དབང་སྐུར་རྒྱུད་བཤད་སོགས་མཁས་གྲུབ་གྲགས་ཅན་བགྲེས་སོང་དག་གིས་ཀྱང་རྔོ་ཐོགས་པར་དཀའ་བའི་འཆད་རྩོད་རྩོམ་གསུམ་གྱི་མཛད་བཟང་རླབས་པོ་ཆེའི་སྒོ་འཕར་དུས་གཅིག་ཏུ་ཕྱེ་བ་ན་སྐྱེ་རྒུ་མཐའ་དག་ངོ་མཚར་དང་ཡ་མཚན་གྱིས་ཡིད་འཕྲོག་སྟེ་བསྔགས་པའི་ཅ་ཅོ་ཚངས་པའི་འཇིག་རྟེན་ལས་ཀྱང་འགོངས་པར་གྱུར། གཞན་ཡང་སྐྱེ་རྒུའི་བདེ་རྩ་རྒྱལ་བའི་བསྟན་པ་བཤད་སྒྲུབ་ཀྱིས་འཛིན་པའི་བྱ་བ་ཉམས་གུད་མི་འབྱུང་སླད་གདན་ས་ཆེན་པོ་རྣམས་ཀྱིས་མཚོན་ཆོས་སྡེ་རྣམས་སུ་འདུལ་བའི་བཅས་ཁྲིམས་དང་སློབ་གཉེར་གོང་འཕེལ་ཡོང་ཐབས་ལ་སྐུལ་ལྕག་རྒྱུན་ལྡན་དུ་མཛད་དེ་ལྷ་རམས་གྲྭ་སྐོར་དང་གདན་ས་དང་རྒྱུད་གྲྭ་ཁག་གི་མཁན་བླའི་འོས་མི་སོགས་ལ་རིགས་ལམ་རྩོད་རྒྱུགས་ནན་བཞེས་དང༌། གདན་ས་ཁག་ཏུ་ཆིབས་ཞལ་ནམ་སྒྱུར་སྐབས་རྩོད་གྲྭར་གཟིགས་ཞིབ་སོགས་རྒྱུན་ལྡན་དུ་མཛད་ཅིང༌། གདན་སར་སློབ་གཉེར་གནང་བཞིན་པའི་བླ་སྤྲུལ་རྣམས་རང་རང་གི་ཡོངས་འཛིན་དང་བཅས་པ་འགག་ཏུ་བཀའ་འགུགས་ཀྱིས་སྒྲིག་ལམ་ཀུན་སྤྱོད་དང༌། ཐོས་བསམ་སློབ་གཉེར། བསྟན་འགྲོའི་ཞབས་འདེགས་སྒྲུབ་ཚུལ་བཅས་ཀྱི་ལམ་སྟོན་བཀའ་ཡི་ཕེབས་སྒོ་ཟབ་ནན་མགྲོན་ཆེའི་བརྒྱུད་བསྒྱུར་བར་མཛད་པ་སོགས་བསྟན་འགྲོར་སྨན་པའི་མཛད་བཟང་རྒྱ་ཆེ་རྒྱུན་མི་ཆད་དུ་སྐྱོང་བར་མཛད། དེ་ལྟ་ནའང་སྐྱེ་འགྲོའི་བསོད་ནམས་མ་ཡིན་པའི་འབྲས་བུ་དུས་སུ་བདོ་བའི་ངང་ཚུལ་ཟློག་ཏུ་མེད་པར་ཕྱི་ལོ་༡༩༥༩ ལོར་གངས་ལྗོངས་བསྟན་སྲིད་དང་སྐྱེ་རྒུའི་བདེ་སྐྱིད་ཀྱི་པད་ཚལ་ལོག་སྨོན་ཀླ་ཀློའི་དཔུང་གིས་ངན་སྤྱོད་གདུག་རྩུབ་ཀྱི་རྡོ་རྗེའི་མེ་ཆར་དྲག་པོས་རྨེག་མེད་དུ་བཅོམ་པའི་དུས་སུའང་མགོན་པོ་མཆོག་ནི་ཞུམ་མེད་ཐུགས་སྟོབས་ཀྱི་གོ་ཆ་ལྷག་པར་བཞེས་ཏེ་སྐུའི་ངལ་བ་མཐའ་དག་རིང་དུ་དོར་ནས་བོད་འབངས་སྐྱེ་རྒུའི་བདེ་དོན་ཉག་ཅིག་ཐུགས་དབུས་སུ་བཅངས་ཏེ་འཕགས་པའི་ཡུལ་དུ་ཆིབས་ཀྱི་ཁ་ལོ་བསྒྱུར། གང་ལ་རེ་བའི་དམིགས་འབུར་རྩེ་གཅིག་ཏུ་གཏད་དེ་ཕེབས་རྗེས་སུ་བསྙེགས་པའི་བོད་མི་སེར་སྐྱ་ཕོ་མོ་རྒན་བྱིས་ཁྲི་ཕྲག་མང་པོར་འཕགས་པའི་ཡུལ་འདིར་མི་འཇིགས་པའི་སྐྱབས་ཀྱི་སྦྱིན་པས་དབུགས་དབྱུང་ཞིང༌། ཟས་གོས་གནས་མལ་གྱིས་མི་ཕོངས་པར་མཛད། ལྷག་པར་སྐབས་དེར་བོད་མི་སེར་སྐྱ་རྒན་གཞོན་ཐམས་ཅད་དུས་འགྱུར་མི་བཟད་པས་དྲན་དབང་ཐོར་བ་ལྟ་བུས་ཉིན་རེའི་འཚོ་ཐབས་ཙམ་ལས་མི་རིགས་དང་བསྟན་སྲིད་ཀྱི་ཕུགས་རྒྱང་རིང་པོའི་འདུན་མ་ལྟ་ཞོག རང་ཉིད་ཀྱི་འཚོ་རྟེན་ཙམ་ལའང་བསམ་ཞིབ་དང་གོ་སྒྲིག་བྱ་ནུས་བྲལ་བར་གྱུར་པའི་སྐབས་དེར། མགོན་པོ་གང་གིས་གཟིགས་རྒྱང་རིང་པོས་བཙན་བྱོལ་བོད་མི་ཡོངས་ལ་ཇི་སྲིད་ཀྱི་བར་ཟས་གོས་གནས་མལ་གྱི་མི་ཕོངས་པའི་སླད་སོ་ནམ་གཙོ་བོར་གྱུར་པའི་ཕུགས་འཕེར་གཞིས་ཆགས་ཁག་མང་གསར་འཛུགས་དང༌། བོད་རིགས་ན་གཞོན་ཡོངས་ལ་གཏན་ཉིན་སློབ་གྲྭ་ཁག་ཏུ་སྲོལ་རྒྱུན་དང་དེང་རབས་གཉིས་འཛོམས་ཀྱི་སློབ་སྦྱོང༌། ལུས་རྒས་ནད་གཅོང་ཅན་རྣམས་ལ་རྒས་གསོ་དང་སྨན་ཁང༌། དར་མ་ལས་འཕེར་རྣམས་ལ་འདོད་བསྟུན་གྱི་ལས་དོན་སོགས་བསྐྲུན་པ་མ་ཟད། འབྱུང་འགྱུར་བསྟན་པའི་མེ་རོ་སླར་གསོའི་གཞི་རྟེན་ཆོས་བྱེད་དགེ་འདུན་པ་རྣམས་ཐོག་མ་སྦག་ས་དང༌། རིམ་པས་གཞིས་ཆགས་ཁག་ཏུ་གནས་སྤོས་ཀྱིས་ཆོས་སྤྱོད་བཤད་སྒྲུབ་ཀྱི་བྱ་བར་ཅི་གར་ལོངས་སུ་སྤྱོད་པའི་མཐུན་རྐྱེན་བསྐྲུན་པར་མཛད་དེ། ད་ཆ་ས་དགེ་བཀའ་རྙིང་བོན་དང་བཅས་པའི་བཤད་གྲྭ་དང་སྒྲུབ་གྲྭ་གྲངས་ལས་འདས་པ་ཞིག་རང་རང་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐོག གཞིས་བཞུགས་བོད་ཀྱི་དགོན་སྡེ་ཁག་ལའང་འཆད་ཉན་སྤེལ་ནུས་ཀྱི་མཁན་པོ་དང་སློབ་དཔོན་དུ་མ་བསྐྲུན་པ་དང༌། གནའ་དུས་ནས་བོད་ཀྱི་གདན་ས་ཁག་ཏུ་གྲྭ་རྒྱུན་འགྲོ་སྲོལ་ཡོད་པའི་རྒྱ་བལ་འབྲུག་གསུམ་སོགས་ཧི་མཱ་ལ་ཡའི་རི་རྒྱུད་དང་རུ་སོག་གི་ཡུལ་གྲུ་ཁག་ནས་ཀྱང་སློབ་ཕྲུག་དང་གྲྭ་རྒྱུན་མང་པོ་བཙན་བྱོལ་བོད་མིའི་སློབ་གྲྭ་དང་ཆོས་སྡེ་ཁག་ཏུ་སློབ་སྦྱོང་གི་གོ་སྐབས་ཐོབ་པ། ཆོས་སྡེ་དང༌། སློབ་གཉེར་ཁང་ཁག་ཏུ་ཐོས་བསམ་གོང་འཕེལ་ཡོང་ཐབས་དང༌། རྒྱལ་བའི་བསྟན་པ་རིན་པོ་ཆེར་བསྲེ་སླད་མི་འབྱུང་ཆེད་ལྟ་སྒོམ་སྤྱོད་གསུམ་གང་ལའང་དག་ཐེར་ནན་པོ་རྒྱུན་སྐྱོང་གནང་བ་སྤྱི་དང༌། ཁྱད་པར་དམ་སྲི་དོལ་རྒྱལ་བསྟེན་གསོལ་བཀག་འགོག་སླད་ལུང་རིགས་རྒྱུ་མཚན་དུ་མའི་སྒོ་ནས་ལམ་སྟོན་ཟོལ་མེད་ལྷུག་སྩོལ་གནང་སྟེ། བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་རྣམས་མིག་ལྡན་གཡང་མཆོངས་ལས་འགོག་ཐབས་མཛད་ཅིང༌། བོད་ཀྱི་རིག་གནས་དང་ལེགས་བྱང་རྒྱུན་འཛིན་ཁྱབ་སྤེལ་སླད་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང༌། དིལླཱི་བོད་ཁང༌། སྨན་རྩིས་ཁང༌། ཟློས་གར་ཚོགས་པ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ལ་སོགས་པའི་གལ་གནད་ཆེ་བའི་ཤེས་ཡོན་དང་ཉམས་ཞིབ་ཀྱི་སྡེ་ཚན་མང་པོ་གསར་འཛུགས་བསྐྱངས་པ། དེ་བཞིན་བཙན་བྱོལ་དུ་འབྱོར་ནས་རིང་པོར་མ་སོང་བར་རིས་མེད་བླ་སྤྲུལ་དགེ་བཤེས་ན་གཞོན་མི་ཉུང་བ་ཞིག་དྷ་སར་ཆེད་འགུགས་ཀྱིས་དམིགས་བསལ་སྦྱོང་བདར་དང་འབྲེལ་ཕྱི་ནང་ཡུལ་གྲུ་གང་སར་ཆོས་རིག་ཁྱབ་སྤེལ་ཆེད་གཏོང་གནང་མཛད་ཅིང༌། བླུན་རྨོངས་ཐ་ཤལ་བདག་ལྟ་བུར་ཡང་བོང་བ་གསེར་གཟིགས་ཀྱི་ཐུགས་རྗེས་བསྐྱངས་ཏེ་བོད་ཀྱི་བསྟན་སྲིད་ལ་སྲི་ཞུ་ཨེན་ཙམ་སྒྲུབ་པའི་ནུས་པ་དང་གོ་སྐབས་བསྩལ་བ་སོགས་ངོ་མཚར་དངོས་བྱུང་གི་མཛད་འཕྲིན་རྒྱ་ཆེ་བསྐྱངས་པ་དང༌། གཞན་ཡང་འདས་པའི་ལོ་ངོ་བཅུ་ཕྲག་ལྔ་བརྒལ་བའི་དུས་ཀྱི་ཆར། གོ་ལའི་ཤར་ནུབ་ཀྱི་ཡུལ་གྲུ་སྔོན་གྱི་དམ་པ་སུས་ཀྱང་ཞབས་ཀྱིས་མ་བཅག་པའི་ས་ཕྱོགས་དུ་མར་མགོན་པོ་གང་ཉིད་ནས་ཡང་ཡང་ྋཞབས་སོར་ཕན་བདེའི་འོད་རླབས་འབར་བས་དགེ་ལེགས་སུ་མཛད་ཅིང༌། ལུགས་ཟུང་གི་འཕྲིན་ལས་སྤྱི་དང༌། ཁྱད་པར་གང་འཚམས་ཆོས་ཀྱི་དགའ་སྟོན་ཟད་མི་ཤེས་པས་སྐྱེ་རྒུའི་མངོན་འདོད་ཀྱི་རེ་བ་བསྐངས་ཏེ། དེ་སྔོན་བོད་དང༌། ནང་ཆོས་ཀྱི་མིང་ཙམ་རྣ་བར་མ་སོན་པའི་སྐྱེ་འགྲོ་གྲངས་ལས་འདས་པ་ཞིག་མི་ལྡོག་པའི་དད་པའི་ས་ལ་བཀོད་ཅིང༌། བོད་ཀྱི་བརྩེ་བའི་མཛའ་གྲོགས་སུ་བསྒྱུར། ཁྱད་པར་དེང་རབས་ཀྱི་གདུལ་བྱ་ཨ་འཐས་ཅན་རྣམས་འདུལ་བའི་སླད་དུ་དུས་བསྟུན་བསྟན་པ་ལ་དཀྲི་བའི་ཐབས་དང་རིམ་པ་གསར་པའི་ལམ་ནས་སྐྱེ་འགྲོ་སྤྱི་དང༌། ལྷག་པར་ན་གཞོན་ས་ཡ་མང་པོའི་གནས་སྐབས་ཀྱི་སྡུག་བསྔལ་སེལ་ཞིང༌། ཡ་རབས་བཟང་སྤྱོད་ལ་ཞུགས་ཏེ་འཇིག་རྟེན་ཡོངས་ལ་འཁྲི་བའི་ལས་འགན་སྒྲུབ་ཤེས་པ་དང༌། མཐར་ཐུག་གཏན་གྱི་འདུན་མ་ལ་བློ་ཁ་ཕྱོགས་པར་མཛད་དེ་འཇིག་རྟེན་ཡོངས་སུ་མགོན་པོ་གང་ལ་དད་གུས་ཡིད་སྨོན་ཀྱིས་རྗེས་སུ་ཞུགས་པའི་སྐྱེ་བོས་ཁྱབ་པར་མཛད།

ལྷག་པར་ནང་པའི་གཞུང་ལུགས་ཀྱི་བརྗོད་བྱ་རྣམས་གཞི་དངོས་པོའི་གནས་ལུགས་དང་འབྲེལ་བའི་ཚན་རིག་དང༌། ལྟ་གྲུབ། ལམ་དང་འབྲས་བུ་སྟོན་པའི་ཆོས་ལུགས་བཅས་སྡེ་ཚན་གསུམ་དུ་ཕྱེ་སྟེ། ཆོས་ལུགས་འདྲ་མིན་དང༌། ཆོས་དད་ཡོད་མིན་ཡོངས་ལ་ཕན་ཐོགས་མཛད་པ་དང༌། ལྷག་པར་དེང་རབས་ཚན་རིག་དང་ནང་པའི་ཚན་རིག་དང་ལྟ་གྲུབ་དབར་བགྲོ་གླེང་གི་ལམ་ནས་རྣམ་དཔྱོད་དང་བློ་བསྐྱེད་སྤེལ་རེས་ཀྱི་ལས་གཞི་རླབས་ཆེན་ཞིག་འདས་པའི་ལོ་ངོ་བཞི་བཅུ་ཙམ་རིང་རྒྱུན་སྐྱོང་མཛད་པ་འདིས་སྲོལ་རྒྱུན་དང་དེང་རབས། ནང་ཆོས་དང་ཚན་རིག་བཅས་ཀྱི་དབར་སྔར་མ་གྲགས་པའི་འབྲེལ་ལམ་གསར་པ་ཞིག་ཚུགས་ཏེ། བློ་རིག་གསལ་ཞིང་དཔྱད་འདོད་ཡོད་པའི་དེང་རབས་ཀྱི་ཚན་རིག་པ་ཐ་མལ་དབང་པོའི་ཡུལ་གྱི་མངོན་གྱུར་རགས་པ་ཙམ་ལ་སྐྱབས་སུ་བཟུང་སྟེ་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲྭ་བར་ཚུད་དེ་ཕྱོགས་བསླད་པའི་མགྲོན་པོ་ལྟ་བུར་གྱུར་པ་རྣམས་ལ་དངོས་སྟོབས་རིགས་པའི་ལམ་ནས་མངོན་ལྐོག་གི་ཡུལ་ལ་འཇུག་པའི་བློ་མིག་གསར་པ་སྦྱིན་ཏེ་ཕྱོགས་སྟོན་མཛད་པ་ལ་བརྟེན་ནས་འཇིག་རྟེན་འདིར་ཤེས་ཡོན་སློབ་སྦྱོང་དང་ཉམས་ཞིབ་ཀྱི་ལམ་སྲོལ་ལ་གསར་བརྗེ་རླབས་ཆེན་ཞིག་བྱུང་བ་འདི་ནི་ཆོས་དང་ཚན་རིག་གཉིས་ཀའི་བྱུང་རབས་ནང་ངོ་མཚར་ཅན་གྱི་ལེའུ་གསར་པ་རེ་གཏོད་པར་མཛད། གཞན་ཡང་མགོན་པོ་གང་ཉིད་ཀྱི་འབུར་དུ་ཐོན་པའི་རླབས་ཆེན་གྱི་མཛད་འཕྲིན་གཞན་ཞིག་ནི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོངས་འཆར་བོད་མི་མང་ཚོགས་ལ་བསྩལ་གནང་མཛད་པ་འདི་སྟེ། འདི་ལ་བརྟེན་ནས་གཞིས་བྱེས་བོད་རིགས་རྣམས་ཀྱི་བློ་མིག་སད་དེ་ཚད་མཐོའི་མང་མོས་ཀྱི་ལམ་ནས་སྲིད་བྱུས་འདི་ལ་ཡང་ཡང་རྒྱབ་སྐྱོར་གྱིས་གཏན་འབེབས་ཞུས་པའི་སྐལ་བཟང་ཐོབ་ཅིང༌། དེའི་དབང་གིས་རྒྱལ་སྤྱི་དང་རྒྱལ་ནང་གཉིས་ཀར་བསམ་བརྗོད་ལས་འདས་པའི་གྲུབ་འབྲས་རླབས་ཆེན་བྱུང་བ་དཔེར་ན། བོད་རྒྱའི་ཐད་ཀར་འབྲེལ་ལམ་ཚུགས་ཏེ་འབྲེལ་མོལ་སྔ་རྗེས་ཐེངས་མང་དང༌། གཞིས་བྱེས་གཉིས་དབར་འགྲོ་འོང་གི་གོ་སྐབས། སློབ་ཕྲུག་དང་གྲྭ་བཙུན་ཁྲི་ཚོ་མང་པོར་བཙན་བྱོལ་དུ་སློབ་སྦྱོང་གི་གོ་སྐབས་ཐོབ་པ།

བཙན་བྱོལ་དུ་ཡོད་པའི་མཁས་དབང་རྣམས་བོད་དུ་ཕེབས་ཏེ་ཆོས་རིག་གི་མཛད་འཕྲིན་བསྐྱངས་ཐུབ་པ། གཞིས་བཞུགས་བོད་མི་ཤེས་ཡོན་ཅན་ཚོས་བཙན་བྱོལ་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཐུབ་པ། རྒྱ་རིགས་ཤེས་ཡོན་ཅན་ཁྲི་ཚོ་མང་པོས་བོད་ཀྱི་བདེན་དོན་ལ་དགའ་མོས་རྒྱབ་སྐྱོར་ཐོབ་པ། འཇིག་རྟེན་ཁྱོན་ཡོངས་སུ་ྋགོང་ས་མཆོག་གི་ལུགས་གཉིས་ཀྱི་མཛད་འཕྲིན་ལ་འགལ་རྐྱེན་སེལ་ཞིང༌། རྒྱལ་སྤྱིའི་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་ཁག་ལ་ཡུལ་ཁྲིམས་དང་ཆབ་སྲིད་ཀྱི་འགོག་རྐྱེན་མེད་པར་གྱུར་པ། རྒྱལ་སྤྱིའི་ནང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་མང་པོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་བོད་དོན་སྐོར་གླེང་སློང་དང་རྒྱབ་སྐྱོར་མངོན་གསལ་དོད་པོས་བྱེད་ཐུབ་པ་སོགས་གྲངས་ལས་འདས་པ་ཞིག་བྱུང་ཡོད་ཅིང༌། ྋགོང་ས་མཆོག་གི་ལུགས་གཉིས་ཀྱི་མཛད་འཕྲིན་སྤྱི་དང༌། ཁྱད་པར་དབུ་མའི་ལམ་གྱི་སྲིད་བྱུས་གསལ་སྟོན་མཛད་པ་བཅས་ལ་བརྟེན་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང༌། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་སོགས་ཀྱིས་མཚོན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ནས་ཆེ་བསྟོད་དང་གཟེངས་རྟགས། ཕྱག་འཁྱེར་དང་མཚན་གནས་ཇི་ཙམ་ཕུལ་བའི་གྲངས་ཙམ་ཡང་བགྲང་དཀའ་བར་གྱུར་པ་ཀུན་གྱི་མཐོང་ཆོས་སུ་གྲུབ་པ་དེ་ལགས་ཤིང༌། ལྷག་པར་ྋགོང་ས་མཆོག་གིས་སྐུ་གཞོན་ནུའི་དུས་ནས་ཐུགས་ལ་བརྣགས་པའི་བཞེད་དགོངས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་དུ་བསྒྱུར་གནང་མཛད་རྒྱུའི་ཐད། བོད་དུ་རྒྱ་དམར་དབང་སྒྱུར་གྱིས་རྐྱེན་པས་ཐུགས་བཞེད་མ་འགྲུབ་པ་རྣམས་བཙན་བྱོལ་དུ་ྋཞབས་སོར་འཁོད་འཕྲལ་ཕྱག་བཞེས་སུ་བསྟར་ཏེ་གཞུང་གི་བཀའ་བློན་ལས་ཁུངས་ཁག་ལྔ་ཆ་བགོས་དང༌། ཕྱི་ལོ་༡༩༦༠ ལོར་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས། ༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན། ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་གསལ་བསྒྲགས་བསྐྱངས།

སྔོན་སྲོལ་ལས་ཚན་གོ་གནས་ཁག་ཕྱིར་བསྡུས་ཀྱིས་གཞུང་གི་སྲི་ཞུ་བར་རིགས་རུས་སྐྱ་སེར་ཕོ་མོ་ཁྱད་མེད་སོ་སོའི་ཤེས་འཇོན་ལ་གཞིགས་པའི་འཛུལ་ཞུགས་ཀྱི་གོ་སྐབས་བསྩལ།

རྒྱུན་དུ་མང་ཚོགས་ལ་མང་གཙོའི་ལམ་ལུགས་ཀྱི་ལམ་སྟོན་རྒྱུན་ཆད་མེད་པར་སྩལ་བཞིན་པའི་མུར་ཕྱི་ལོ་༡༩༩༠ ལོར་སྐབས་དེའི་བཀའ་ཤག་དང་སྐབས་བཅུ་པའི་སྤྱི་འཐུས་བཅས་ཕྱིར་བསྡུ་མཛད་དེ་བར་བརྒལ་བཀའ་ཤག་གི་བཀའ་བློན་རྣམས་དམིགས་བསལ་ཚོགས་ཆེན་ནས་འོས་བསྡུ་དང༌། བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་བསྐོ་འཛུགས་དང་འབྲེལ་བཙན་བྱོལ་དུ་གནས་རིང་ཆ་ཚང་ལག་བསྟར་ཐུབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་དང༌། སྤྱི་འཐུས་གྲངས་སྤར་གྱིས་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལ་བཅའ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོར་བཅའ་ཁྲིམས་གཏན་འབེབས་ཞུ་རྒྱུར་བསྩལ་ཏེ། བཙན་བྱོལ་སྒྲིག་འཛུགས་ཁྲིམས་བཟོ་དང༌། འཛིན་སྐྱོང༌། ཁྲིམས་ལུགས་དབང་འཛིན་བཅས་ཟུར་དབྱེ་དང༌། ཕན་ཚུན་ལྗིད་མཉམ་བཏང་འཛིན་སོགས་དེང་རབས་མང་གཙོའི་མཚན་ཉིད་ཚང་བའི་ཁྲིམས་ཀྱི་དབང་སྒྱུར་ལྡན་པའི་ལམ་དུ་འཁྲིད་གནང་མཛད་པ་དང༌། བཀའ་ཤག་ཏུ་བཀའ་བློན་རྣམ་པ་ཡང་སྔར་སྲོལ་བསྐོ་གཞག་མ་གནང་བར་གྲོས་ཚོགས་ནས་འོས་བསྡུ་བྱ་དགོས་སོགས་ཚོད་བལྟ་ལན་འགའི་རྗེས་ཕྱི་ལོ་༢༠༠༡ ནས་བཟུང་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱེད་སྲོལ་གཏོད་པ་བཅས་མང་གཙོའི་འཕེལ་རིམ་རབ་ཀྱི་མཐར་ཐུག་པའི་བར་མང་ཚོགས་ཀྱི་བསམ་སྤྱོད་སྨིན་མིན་དང༌། མངོན་འདོད་ཡོད་མིན་ལ་མ་ལྟོས་པར་བཙན་ཐབས་སུ་འཁྲིད་པར་མཛད།

ལྷག་པར་ཉེ་བའི་ཆར་སྐབས་བཅུ་བཞི་པའི་སྤྱི་འཐུས་ཚོགས་དུས་བཅུ་གཅིག་པའི་ཐོག་གསུང་འཕྲིན་ཆེད་བསྩལ་ཀྱིས་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པ་དང༌། བོད་མི་རྣམས་མཚན་གནས་རྗེས་འབྲེལ་གྱི་གང་ཟག་གཅིག་གི་འགོ་ཁྲིད་ལ་ལྟོས་མ་དགོས་པར་དུས་ནས་དུས་སུ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་སོ་སོས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགན་དབང་ཡོངས་རྫོགས་ཁྱེར་ཐུབ་པ། དེ་བཞིན་ྋགོང་ས་མཆོག་གི་དབུ་ཁྲིད་མེད་པའི་དུས་ཤིག་ཤར་ཚེ་བོད་མི་རྣམས་རང་མགོ་ཐོན་པ་ཡོང་ཐབས་བཅས་ཀྱི་ཆེད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་ནང་ྋགོང་ས་མཆོག་མི་རིགས་དང་འཛིན་སྐྱོང་གི་དབུ་ཁྲིད་ཀྱི་ངོ་བོར་ཐུགས་འགན་དང་སྐུ་དབང་གང་ཡོད་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་རྩིས་སྤྲོད་གནང་རྒྱུའི་བཀའ་ལྕི་ཟློག་མེད་ཕེབས་པ་ལག་བསྟར་ཉམས་ལེན་ཞུ་ཆེད་དེང་སྐབས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་རིམ་འགྲོ་བཞིན་པ་བཅས་མདོ་དོན་ྋགོང་ས་ལྔ་པ་ཆེན་པོས་དབུ་བཙུགས་ཏེ་ལོ་གྲངས་༣༦༩ སོང་བའི་བོད་མིའི་ཁྲིམས་མཐུན་གྱི་གཞུང་དགའ་ལྡན་ཕོ་བྲང་ད་ཆ་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་མཇུག་བསྡོམས་གནང་ཐོག དེའི་ཁྲིམས་མཐུན་གྱི་རིགས་རྒྱུན་བཙན་བྱོལ་བོད་མིའི་མང་གཙོའི་གཞུང་གི་སྒྲིག་འཛུགས་ལ་འཕོ་བར་མཛད་དེ། གཞིས་བྱེས་བོད་མིའི་བློ་ཡུལ་དུ་ཤོང་མིན་ལ་མ་ལྟོས་པར་མགོན་པོ་གང་གི་བཞེད་དགོངས་ཆ་ཚང་ཕྱག་བཞེས་སུ་བསྟར་བ་བཅས། མདོ་དོན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དང༌། བོད་ཀྱི་བདེན་པའི་འཐབ་རྩོད་འཚེ་མེད་ཞི་བ་འབའ་ཞིག་གི་ངོ་བོར་བསྒྱུར་བ། དགའ་ལྡན་ཕོ་བྲང་པའི་ཁྲིམས་མཐུན་གྱི་གཞུང་བོད་མང་གཙོའི་གཞུང་གི་ངོ་བོར་བསྒྱུར་བ་བཅས་ཀྱི་མཛད་རྗེས་ནི་བོད་ཀྱི་ཆབ་སྲིད་དབུ་བརྙེས་པ་ནས་བཟུང་ད་བར་སྔོན་གྱི་ཆོས་རྒྱལ་རིམ་བྱོན་དང༌། བར་གྱི་ས་ཕག་གཙང་གསུམ། ཕྱིས་ཀྱི་རྒྱལ་དབང་སྐུ་ཕྲེང་ན་རིམ་སུས་ཀྱང་ཕྱག་བཞེས་སུ་མ་ཐེབས་པའི་རླབས་ཆེན་གྱི་མཛད་འཕྲིན་ཞིག་ཡིན་པ་དང༌། ལྷག་པར་དེང་རབས་གོང་མའི་གནས་བབ་ཀྱི་འོག་ཤིན་ཏུ་ཉམ་ཐག་པའི་སྐྱེ་འགྲོ་ལ་ཐུགས་ལྷག་པར་བརྩེ་བས་ཉེ་བར་དྲངས་ཏེ་འཇིག་རྟེན་ཡོངས་ལ་འཁྲི་བའི་ལས་འགན་ངོས་ཟིན་པའི་ཐོག་ནས་མིའི་བཟང་སྤྱོད་སྤྱི་དང༌། ཁྱད་པར་ཆོས་ལུགས་ལ་ལྟོས་མེད་ཀྱི་བཟང་སྤྱོད་འཚེ་བ་མེད་པའི་ལག་ལེན་གོང་མཐོར་སྤེལ་ཏེ་མི་མཐུན་པའི་རྩོད་རྙོག་རྣམས་བགྲོ་གླེང་གི་ལམ་ནས་སེལ་ཐབས། སྐྱེ་འགྲོའི་བདེ་སྐྱིད་ཀྱི་ཆེད་དུ་བྱུང་བའི་ཆོས་ལུགས་དང་ཆོས་བརྒྱུད་འདྲ་མིན་གྱི་རྗེས་འཇུག་རྣམས་ཕན་ཚུན་མཛའ་མཐུན་མཉམ་གནས་ཀྱིས་སྐྱེ་རྒུའི་ཕན་བདེ་སྒྲུབ་ཐབས་ལ་མཉམ་རུབ་དགོས་པ། བོད་ཀྱི་དཀའ་རྙོག་རང་རྒྱལ་གཞན་ཕམ་མ་ཡིན་པར་གཉིས་ཕན་དབུ་མའི་ལམ་དང་འཚེ་མེད་ཞི་བའི་ཐབས་བྱུས་ཉག་གཅིག་གི་ལམ་ནས་སེལ་ཐབས་དགོས་པ་བཅས་ཀྱི་བླ་ན་མེད་པའི་མཛད་འཕྲིན་གྱི་འདི་གསུམ་གཙོ་བོར་གྱུར་པའི་མུ་མཐའ་མེད་པའི་མཛད་བཟང་དེ་དག་གིས་མཆོག་དམན་སྐྱེ་འགྲོ་ཡོངས་ལ་སྨན་པའི་སླད་དུ་ཉིན་མཚན་ཁོར་མོ་ཡུག་ཏུ་སྐུ་ངལ་གསོ་བའི་དུས་ཡུན་ཅུང་ཟད་ཀྱང་མེད་པར། མདོ་ལས། བརྩོན་འགྲུས་བརྩམ་པའི་བརྩོན་འགྲུས་ཀྱིས།། བརྟན་སྤྲོ་ལེ་ལོ་མ་མཆིས་ཤིང༌།། སྟོབས་དང་ལྡན་པའི་ལུས་སེམས་ཀྱིས།། བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག། ཅེས་གསུངས་པ་ལྟར། དུས་དང་རྣམ་པ་ཀུན་ཏུ་ནམ་ཡང་གཡེལ་བ་མེད་པར་ཇི་སྐད་དུ། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། ས་སོགས་འབྱུང་བ་ཆེན་པོ་དང༌།། ནམ་མཁའ་བཞིན་དུ་རྟག་པར་ཡང༌།། སེམས་ཅན་དཔག་ཏུ་མེད་པ་ཡི།། རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག། ཅེས་སྨོན་པ་ཉིད་ཐུགས་ཉམས་སུ་བསྟར་བར་མཛད་པ་འདི་དག་ལ་གཞིགས་སྐབས། ངན་བུ་རང་ལོ་བཅུ་བཞི་ལ་སོན་པའི་སྐབས་ཡབ་རྗེ་ཁྱབ་བདག་པདྨ་གར་གྱི་དབང་པོས།༼གལ་ཏེ་བོད་མིའི་སྤྱི་མཐུན་བསོད་ནམས་ཀྱིས་ལྕོགས་ན། ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འདི་ནི་རྒྱལ་དབང་སྐུ་ཕྲེང་དང་པོ་དང༌། ལྔ་པ། བདུན་པ་གསུམ་གྱི་སྐུ་ཡོན་དང་མཛད་འཕྲིན་གཅིག་ཏུ་བསྡོམས་པ་ལས་ཀྱང་ལྷག་པ་ཞིག་འབྱོན་པར་ངེས་པ་ཡིན།༽ཞེས་འཇིགས་མེད་ཚངས་པའི་དབྱངས་ཀྱིས་འཁོར་ཚོགས་རྒྱ་མཚོའི་དབུས་སུ་སྒྲོགས་པར་མཛད་པའི་སྐབས། དེ་ནི་ཇི་ལྟར་སྲིད་དམ་སྙམ་དུ་བློ་ཡི་ཡོལ་གོར་ཆུད་དཀའ་བ་ལྟ་བུ་བྱུང་ཡང༌། ད་ཆ་རྡོ་རྗེའི་གསུང་དེའི་ཚིག་འབྲུ་རེ་རེ་བཞིན་སྒྲ་ཇི་བཞིན་པ་ཉིད་དུ་ངེས་རྙེད་ཚད་གྲུབ་ཏུ་བྱུང་བ་སོགས་མདོར་ན་མགོན་པོ་གང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ལྟ་ཅི་ཐུན་མོང་བའི་མཛད་འཕྲིན་ཙམ་ཡང་བདག་ཅག་གི་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ནི་ཇི་སྐད་དུ་དཔལ་ལྡན་ཟླ་བས། ནམ་མཁའ་མེད་པས་འདབ་ཆགས་ལྡོག་པར་མི་འགྱུར་གྱི།། འདིར་ནི་རང་མཐུ་ཟད་པས་ལྡོག་པར་འགྱུར་དེ་བཞིན།། སློབ་མ་དང་བཅས་སངས་རྒྱས་སྲས་རྣམས་སངས་རྒྱས་ཀྱི།། ཡོན་ཏན་མཁའ་ལྟར་མཐའ་ཡས་མ་བརྗོད་ལྡོག་པར་འགྱུར།། ཞེས་གསུངས་པ་ལྟར་ལགས་ཤིང༌། ལྷག་པར་མགོན་པོ་གང་གི་ཐུགས་རྗེ་གྲིབ་བསིལ་ཉག་གཅིག་གིས་འཚོ་བའི་བདག་ཅག་སྲི་ཞུ་བ་ལས་ཟུར་འདས་གསོན་ཡོངས་ལ་ལྟོ་གོས་ཆོས་གསུམ་གྱི་བཀྲིན་ཟབ་མོས་རྒྱུན་དུ་བསྐྱངས་ཏེ། མ་ཡིས་བུ་ལ་ཇི་ལྟར་འདོམས་པ་བཞིན་བླང་དོར་ལམ་སྟོན་གྱིས་འདི་ཕྱི་གཉིས་ཀའི་འདུན་མ་ལེགས་གྲུབ་མཛད་པ་བཅས་ཀྱི་བཀྲིན་གྱི་ཕུང་པོ་ནི་སྟོང་གསུམ་རིན་ཆེན་བདུན་གྱིས་ཕྱུར་བུར་བཀང་སྟེ་བསྐལ་པའི་བར་ཉིན་བཞིན་ལན་སྟོང་དུ་ཕུལ་ཡང་ཆ་ཙམ་གཞལ་བའི་གོ་སྐབས་ག་ལ་མཆིས། འོན་ཀྱང་ཡ་རབས་དམ་པའི་ལུགས་ཀྱི་རྗེས་སུ་འབྲངས་ཏེ་བྱས་པ་ཤེས་པ་དང་དྲིན་གཟོ་བའི་དངོས་པོ་མཚོན་པ་ཙམ་གྱི་སླད་རང་གཞན་སྐྱེ་འཕགས་ཡོངས་ཀྱི་དུས་གསུམ་གྱི་རྣམ་དཀར་དགེ་བའི་ཕུང་པོ་མཆིས་སོ་ཅོག་རིན་ཆེན་མཎྜལ་བཟང་པོའི་བཀོད་པར་ཤར་བ་འདིས་ཐོག་དྲངས། གུས་འབངས་སྲི་ཞུ་བ་རྣམས་ཀྱིས་ཚེ་དཔག་མེད་ཀྱི་གཟུངས་འབྲིང་ས་ཡ་གཉིས་དང་སུམ་འབུམ་དྲུག་ཁྲི། གཟུངས་ཐུང་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་ལྔ༌། གསོལ་འདེབས་བདེན་པའི་རྔ་སྒྲ་ལྔ་སྟོང་བཅས་གྲངས་གསོག་དང༌། སྐུ་ཚེ་ཚེ་ཐར་ཉ་གྲངས་༥༥༥༥བྱ་བྱེའུ་གྲངས་༡༢༥ ར་ལུག་གྲངས་༧༦ བཅས་ཀྱི་ཐོག བཀའ་དྲིན་རྗེས་དྲན་དང༌། ནོངས་པ་འགྱོད་བཤགས། བླང་དོར་དམ་བཅའི་ཡིག་རིས་ཟུར་འབུལ་བཅས་སྒྲུབ་པའི་མཆོད་པ་མཚོན་པ་ཙམ་དང༌། དངོས་འབྱོར་གྱི་འབུལ་བ་ཕྲན་ཚེགས་དང་ཆབས་ཅིག་དངོས་བཤམས་ཡིད་སྤྲུལ་གྱི་ཀུན་བཟང་མཆོད་པའི་སྤྲིན་ཕུང་འདི་དག་ལ་བདག་ཅག་བསོད་ནམས་ཀྱི་སྐལ་བར་དགྱེས་པའི་སྤྱན་རས་ཡུད་ཙམ་གཡོ་བ་དང༌། སླར་ཡང་གུས་ཕྱག་དང་བཅས་ཏེ་གསོལ་བ་རྩེ་གཅིག་ཏུ་འདེབས་པའི་དོན་གྱི་སྙིང་པོ་ནི། མཁའ་ཁྱབ་སྐྱེ་འགྲོ་སྤྱི་དང་ཁྱད་པར་ཁ་བ་རི་པ་རྣམས་ཀྱི་འཕྲལ་ཡུན་ཕན་བདེའི་ལེགས་ཚོགས་ཀུན་གྱི་གཞི་རྩ་སྐྱེ་བོ་ཀུན་ལ་སྣང་དུ་རུང་བའི་སྤྲུལ་སྐུ་མཐོང་བ་དོན་ལྡན་གང་ཉིད་ཞབས་ཟུང་ཚེ་མཐས་ཡས་པའི་ངོ་བོར་ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་པ་དེ་སྲིད་དུ་རྟག་བརྟན་གཞོམ་བྲལ་རྡོ་རྗེའི་ཆོས་བདུན་གྱི་ངོ་བོར་བརྟན་ཅིང༌། རྣམ་དཀར་འཕྲིན་ལས་ཀྱི་རོལ་པ་རྒྱ་ཆེ་རྒྱུན་མི་ཆད་དུ་སྐྱོང་བ་དང༌། གུས་འབངས་སྲི་ཞུ་བར་གཏོགས་པ་ལྟོས་བཅས་ཀྱང་མགོན་པོ་གང་གི་དྲང་སྲོང་བདེན་པའི་དབྱངས་ཀྱིས། གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས།། འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན།། ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང༌།། སྐྱེ་ཀུན་ཕྱག་ན་པདྨོས་རྗེས་གཟུང་ཤོག། ཅེས་ཇི་ལྟར་སྨོན་པ་དེ་དེ་བཞིན་དུ་འགྲུབ་པའི་བཀའ་ཡི་ཞལ་བཞེས་བཟང་པོ་སྤྱི་བོའི་མཛེས་རྒྱན་དུ་སྩོལ་བ་ཅི་ནས་མཁྱཻན་མཁྱེན་མཁྱཻན་མཁྱེན་མཁྱཻན་མཁྱེན་ཅེས་གསོལ་བ་འདེབས་པ་ལགས་སོ།། །།

༢༠༡༡ ཕྱི་ཟླ་༤ ཚེས་༢༢ ཉིན་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་སྤྱི་ཡོངས་ནས་ྋགོང་ས་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོར་བརྟན་བཞུགས་བསྟར་འབུལ་སྐབས་གནང་བའི་མཎྜལ་བཤད་པའོ།།